ཤད་འབྲི་སྟངས།

མི་གསལ།
2019-01-14

རྩ་བའི་ཚིག

   ཡི་གེའི་མགོ་རྒྱན་དབུ་ཁྱུད་དེ།།   དང་ཀྱོག་བེརྒ་ཞེས་ཀྱང་ཟེར།།

   ཤད་ལ་ཆིག་ཤད་ཉིས་ཤད་དང་། །  བཞི་ཤད་སྦྲུལ་ཤད་ཚེག་ཤད་དང་། །

   རིན་ཆེན་སྤུངས་ཤད་བཅས་ཏེ་དྲུག ། གཏེར་ཡིག་ཚེག་ཤད་ཅེས་པའང་ཡོད། །

   གོ་དོན། ཡི་གེའི་མགོ་རྒྱན་ནམ་དབུ་ཁྱུད། ཡང་ན་དང་ཀྱོག བེརྒ་ཞེས་མིང་སྣ་ཚོགས་སུ་བཏགས་པ། དེང་གི་ཆར་ཡིག་མགོ་ཞེས་ཟེར་བ་འདི་ལ། དབུ་ཅན་གྱི་ཡིག་མགོ་དང་དབུ་མེད་ཀྱི་ཡིག་མགོ་ཁག་གཉིས་ཡོད་པའི་དབུ་ཅན་གྱི་ཡིག་མགོ་ནི་༄༅།།འདི་ལྟ་བུ་ཡིན། ཡིག་མགོ་འབྲི་སྐབས། ཡིག་ཕྲེང་གི་མགོར་འབྲི་བ་མ་གཏོགས་དཀྱིལ་དང་མཇུག་ཏུ་འབྲི་མི་རུང་། དབུ་ཅན་གྱི་ཤད་ནི་དབྱིབས་ཕུར་པ་འདྲ་བ་ཡོད་པས་ན་ཕུར་ཤད་ཟེར། དེ་ལ་ཆིག་ཤད། ཉིས་ཤད། བཞི་ཤད། སྦྲུལ་ཤད། ཚེག་ཤད། རིན་ཆེན་སྤུངས་ཤད། གཏེར་ཚེག་བཤས་ཡོད་པའི་ནང་གི་ཆིག་ཤད ། ནི་འདི་ལྟ་བུ། ཉིས་ཤད་ནི །། ལྟ་བུ། བཞི་ཤད་ནི །།།། ལྟ་བུ། སྦྲུལ་ཤད་ནི་༒ལྟ་བུ། རིན་ཆེན་སྤུངས་ཤད་ནི༑ ལྟ་བུ། གཏེར་ཚེག་ནི ༔ ལྟ་བུ།

རྩ་བའི་ཚིག

  དབུ་ཅན་ལ་ནི་ཕུར་ཤད་དེ།། དབུ་མེད་ལ་ནི་མཚམས་རེ་ཐོབ།།

  ཕྲེང་མགོར་ཡིག་རྡོག་གཅིག་བྱུང་ཚེ།།སྤུངས་ཤད་གཅིག་དང་ཕྱི་རྐང་གསུམ།།

  བྱུང་ཚེ་སྤུངས་ཤད་གཅིག་སྦྱོར་དགོས།།ལྷུག་པའི་དོན་མང་མིང་མཚམས་དང་།།

  དོན་འབྲིང་འབྱེད་དང་དོན་ཉུང་རྫོགས།།ཚིགས་ཅད་ག་མཐར་ཆིག་ཤད་ཐོབ།།

  རྫོགས་ཚིག་མཐའ་ཅན་ལྷུག་པ་དང་།།ཚིགས་ཅད་རྐང་མཐར་ཉིས་ཤད་ཐོབ།།

  སྡེ་ཚན་ཆེན་མོ་རྫོགས་པ་དང་།། ལེའུའི་མཚམས་སུ་བཞི་ཤད་དགོས།།

  ང་ཡིག་མ་གཏོགས་ཡིག་ཤད་དབར།། ཚེག་མེད་དེ་ལྟར་ངེས་པར་བྱ།།

 གོ་དོན།

   ༡ དབུ་ཅན་གྱི་སྐབས་སུ་ཡིག་ཕྲེང་གི་ཚིག་སྔོན་མའི་ཚིག་མཇུག་གི་ཡི་གེ་ཚེག་བར་གཅིག་ལུས་ཡོད་ན་རིན་ཆེན་སྤུངས་ཤད་གཅིག་ཐོབ་པ་དང་།  དེ་བཞིན་ཡིག་ཕྲེང་གི་མཇུག་ཏུ་ཚིག་གི་མགོའི་ཡི་གེ་ཚེག་བར་གསུམ་ཐོན་ཡོད་ན། ཚིག་སྔ་མའི་མཇུག་ཏུ་རིན་ཆེན་སྤུངས་ཤད་གཅིག་ཐོབ་པ་ཡིན།

   ༢ དབུ་ཅན་ཚིག་ལྷུག་གི་དོན་ཚན་མང་པོ་ཡོད་པའི་མིང་ཚིག་སྔ་ཕྱིའི་བར་ཤད་གཅིག་དང་། དབུ་མེད་ལ་མཚམས་རེ་ཐོབ་པ་ཡིན་ཏེ། དཔེར་ན། ཤིང་མཁན་ནི་བྱེད་པ་པོ། སྟ་རེ་ནི་བྱེད་པ། ཤིང་ནི་ལས། ཞེས་པ་ལྟ་བུ། དབུ་མེད་ལ་མཚམས་ཐུང་རེ་ཐོབ།

   ༣ གཞན་ཡང་མིང་ཚིག་དོན་སྔ་ཕྱིའི་དོན་མང་ཉུང་འབྲིང་པོའི་དབང་དུ་བྱས་པ་དབྱེ་གཞི་ལས་དབྱེ་བྱ་འབྱེད་པ་ལྟ་བུ་དང་། དོན་ཉུང་བ་རྣམས་ཀྱི་མིང་ཚིག་གི་མཐར་དབུ་ཅན་ཡིན་ཚེ།  ཆིག་ཤད་དང་། དབུ་མེད་ལ་མཚམས་རེ་ཐོབ་པ་ཡིན་ཏེ། དཔེར་ན། བོད་ལ་ཡོངས་སུ་གྲགས་པའི་གྲུབ་མཐའ་བཞི་སྟེ། རྙིང་མ་དང་། ས་སྐྱ་དང་།བཀའ་རྒྱུད་པ་དང་། དགེ་ལུགས་པ་བཅས་ཏེ།ཞེས་པ་ལྟ་བུ།

   ༤ དབུ་ཅན་གྱི་ཚིགས་བཅད་ག་ཡིག་གི་མཐའ་ཅན་ལ་ཆིག་ཤད་ཐོབ་པ་ནི་དཔེར་ན། འོད་གསལ་སྒྲོན་མེ་འབར་བའི་དཔལ་ལྡན་ཞིང་།། མྱུར་མགྱོགས་རླུང་གི་ཤུགས་འཆང་གྲུ་གཟིངས་ཞིག། ཅེས་པ་ལྟ་བུར། རྗེས་འཇུག་ག་ཡིག་གི་རྐང་པས་ཤད་གཅིག་གི་གོ་ཆོད་པ་ཡིན།

   ༥ རྫོགས་ཚིག་མཐའ་ཅན་གྱི་ཚིག་ལྷུག་དང་ཚིགས་བཅད་གང་ཡིན་གྱི་རྐང་པའི་མཐར་དབུ་ཅན་ཡིན་ན། ཤད་གཉིས་རེ་དང་། དབུ་མེད་ཡིན་ན། མཚངས་རིང་རེ་ཐོབ་པ་ཡིན། དཔེར་ན། ཚིགས་ཅད་ལ། ནམ་འཕང་གཅོད་པའི་ཐང་དཀར་རྒོད་པོ་ཡིས།། དགུང་སྔོན་དབྱིངས་ནས་གཤོག་རྩལ་གང་དགར་ངོམས།། ཞེས་པ་ལྟ་བུ།

   ༦ སྡེ་ཚན་ཆེན་མོ་གཅིག་རྫོགས་པ་དང་། དེ་མིན་ལེའུའི་མཚམས་སུ་དབུ་ཅན་ཡིན་ན། བཞི་ཤད་རེ་ཐོབ་པ་ཡིན་ཏེ། དཔེར་ན། བོད་ཀྱི་རྒྱལ་རབས་བྱུང་ཚུལ་གསལ་བའི་མེ་ལོང་ཞེས་བྱ་བ་རྫོགས་སོ།།།།ཞེས་པ་ལྟ་བུ། བོད་དུ་ཡི་གེ་དར་ཚུལ་བཤད་པའི་ལེའུ་སྟེ་གསུམ་པའོ།།།།  ཞེས་པ་ལྟ་བུ།

   ༧ ཡང་དབུ་ཅན་ཚིགས་བཅད་ཚིག་ལྷུག་གང་ཡིན་ཡང་ཡི་གེ་ང་མཐའ་ཅན་ལ་མཚམས་འཇོག་དགོས་པ་བྱུང་ཚེ་ཡི་གེ་ང་དང་ཤད་ཀྱི་བར་ཚེག་སྦྱོར་དགོས་སྟེ། དེ་མ་སྦྱར་ན་ང་ཡིག་གི་རྐང་པ་དང་ཤད་གཉིས་འདྲེས་ནས་ཡི་གེ་པ་དང་ནོར་ཉེན་ཡོད་པ་ཡིན། དཔེར་ན། ང། འདི་ལྟ་བུ། འདི་ལྟར་བྲིས་ན་ནོར་བ་ཡིན། ང་ཡིག་མཐའ་ཅན་གྱི་དབུ་ཅན་ལ་ང་ཡིག་དང་ཤད་ཀྱི་བར་ཚེག་སྦྱོར་དགོས་པའི་དཔེར་བརྗོད། སྙན་ཚིག་ཡིད་འོང་དོན་གྱི་གནད་ཙང་ཞིང་།། ཚིགས་བཅད་དེའི་མཐའ་མའི་ཡི་གེ་ང་ཡིན་པས་སྔོན་ལ་ཚེག་བྲིས། དེ་རྗེས་ཤད་གཉིས་ཐོབ་པ་ཡིན། དེ་མིན་གྱི་མཐའ་ཅན་གྱི་ཡི་གེ་གང་ཡིན་ཡང་ཡི་གེ་དང་ཤད་ཀྱི་བར་དུ་ཚེག་འབྲི་མི་རུང་བར་ཐད་ཀར་ཤད་གང་ཐོབ་པ་དེ་བྲིས་ན་འགྲིག་པ་ཡིན།།

     དང་པོ། མཁས་པའི་དབང་བོ་དུང་དཀར་བློ་བཟང་ཕྲིན་ལས་ཀྱིས། ཤད་ལ་ཆིག་ཤད་ཉིས་ཤད་དང༌། །བཞི་ཤད་སྦྲུལ་ཤད་ཚེག་ཤད་དང༌། །རིན་ཆེན་སྤུངས་ཤད་བཅས་ཏེ་དྲུག །གཏེར་ཡིག་ཚེག་ཤད་ཅེས་པའང་ཡོད། །ཅེས་གསུངས་སོ། །སྤྱིར་བཏང་བོད་ཡིག་ལ་དབུ་ཡོད་མེད་གང་ལྟར་ཡང་ཚིག་རྐང་མི་འཁྲུག་པའི་ཆེད་དུ་ཤད་ཀྱི་རྒྱ་རེ་འཇོག་སྲོལ་ཡོད་ཅིང་།  དབུ་ཅན་གྱི་ཤད་འདི་དབྱིབས་ཕུར་བ་དང་འདྲ་བས་ཕུར་ཤད་ཅེས་ཀྱང་བྱའོ། །

    གཉིས་པ། ཆིག་ཤད་ནི་འདི་༼   །  ༽ དང༌། ཉིས་ཤད་ནི་འདི་༼    ། །  ༽ དང༌། བཞི་ཤད་ནི་འདི་༼   །། །།  ༽  དང༌། སྦྲུལ་ཤད་ནི་འདི་༼    ༈  ༽ དང༌།    ཚེག་ཤད་ནི་འདི་ ༼     ་  ༽ དང༌། རིན་ཆེན་སྤུངས་ཤད་ནི་འདི་༼    ༑  ༽  དང༌། གཏེར་ཡིག་ཚེག་ཤད་ནི་འདི་ ༼    ༔  ༽  ཡིན་པར་གངས་ཅན་མཁས་པའི་དབང་པོ་དག་དགོངས་མཐུན་གྱིས་བཞེད་དོ། །

   གསུམ་པ། ༡ ཆིག་ཤད་ནི། ཚིག་ལྷུག་གི་བཅད་མཚམས་རེ་རེ་ལ་འཐོབ་སྟེ། དཔེར་ན། ཀ་བ། བུམ་པ། བ་ལང༌། རྟ། སོགས་ལ་རེ་རེའི་མཇུག་ཏུ་ཆིག་ཤད་འཐོབ་པ་དེ་ཡིན།

   ༢ ཉིས་ཤད་ནི་ཚིགས་སུ་བཅད་པའི་རྐང་མཐར་འཐོབ་ལ་དཔེར་ན། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང༌། །དོན་གྱི་གོ་བས་ཚིག་གི་དག་ཐོན་པ། །ཞེས་པ་ལྟ་བུའོ། ། ལྷུག་པ་ཡིན་ཡང་རྫོགས་ཚིག་ཅན་མཐར་ཉིས་ཤད་འཐོབ་པ་ཡིན་ལ། དཔེར་ན། མིའོ། །ལྷའོ། །དེའོ། །འདིའོ། །ཞེས་སོགས་ལྟ་བུའོ། །འོན་ཀྱང་དེང་དུས་བརྙན་འཕྲིན་སོགས་ཀྱི་ནང་དུ། དཔེར་ན། ༼ །ཞི་བདེའི་དེད་དཔོན་ཆེན་མོ། ༽ ཞེས་པ་ལྟ་བུའི་གོང་དུ་ཚིག་རྐང་གཞན་མེད་པར་མགོ་མཇུག་གཉིས་ཀར་ཤད་བཞག་ཡོད་པ་རྣམས། མ་དག་རྒྱུན་འབྱམས་ཡིན་པར། མཁས་དབང་ཆེན་མོ་དམུ་དགེ་བསམ་གཏན་སོགས་ཀྱིས་གསུངས་ལ། འཐོབ་ཀྱང་མི་སྲིད་དེ། ཤད་ཚིག་རྐང་མགོར་འཐོབ་ཚུལ་བོད་ཀྱི་བརྡ་སྤྲོད་རིག་གནས་རྣམས་སུ་མ་གསུངས་པའི་ཕྱིར་རོ། །

    ༣ བཞི་ཤད་ནི་ཚེ་ཏན་ཞབས་དྲུང་གིས། སྡེ་ཚན་ཆེ་བ་རྫོགས་པ་དང༌། །ལེའུ་འུའི་མཚམས་སུ་བཞི་ཤད་འབྲི། །ཞེས་གསུངས་པ་ལྟར། དཔེར་ན། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་རྫོགས་སོ།། །།ལྟ་བུ་དང༌། བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ།། །།ཞེས་པ་ལྟ་བུའོ། །སྐབས་འདིར་ཤེས་དགོས་པ་ཞིག་ལ་ཚེ་ཏན་ཞབས་དྲུང་གིས། ཀ་ག་ཤ་རྐང་ཤད་རེར་རྩི། །ཞེས་གསུངས་པ་ལྟར་དཔེར་ན། དཔྱིད་ཀ སོས་ཀ སྟོན་ཀ ལྟ་བུ་དང༌། ཟོག་ཤ ལུག་ཤ ཕག་ཤ ལྟ་བུ། ཡལ་ག གསུམ་ག ལྟ་བུ། ཡང་ན། ཡི་གེའི་གཟུགས་ལ་དབུ་ཅན་དང༌། །དབུ་མེད་གཉིས་ཡོད་ཡིག་དཀར་ནག །ཅེས་པ་ལྟ་བུ་ཕྱི་རྐང་ཅན་གསུམ་བྱུང་ཚེ་དེ་གསུམ་གྱི་རྐང་པས་ཤད་གོ་ཆོད་པས། ཆིག་ཤད་ལོགས་སུ་འབྲི་མི་དགོས་ལ། ཉིས་ཤད་ལ་ཆིག་ཤད་དང༌། བཞི་ཤད་ལ་སུམ་ཤད་ལས་མི་འབྲི་བ་སྔོན་བྱོན་མཁས་པའི་ཕྱག་བཞེས་ཡིན་ལ། དབྱངས་བཞི་དང་མགོ་འདོགས་གང་རུང་ལྡན་ན་ཀ་ག་ཤ་གསུམ་གྱི་རྐང་པས་ཀྱང་ཤད་གོ་མི་ཆོད་པ་ཞིབ་ཆ་ཡིན་ནོ། །

   ༤ སྦྲུལ་ཤད་འཐོབ་ཚུལ་ནི། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་ཚང་གིས། ལེའུ་སྔ་ཕྱིའི་མཚམས་དང། དོན་ཚན་ཆེ་ཁག་གི་མགོར་ཉིས་ཤད་དང༌། བཞི་ཤད་ཀྱི་བར་དུ་སྦྲུལ་ཤད་འཐོབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར། དཔེར་ན། རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། ༈ །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ཡིན། ༈ །གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་བ་ནི་བོད་པ་ཡིན། །ལྟ་བུ་དང༌། ནགས་ཚལ་དང་སྨན་ལ་སོགས་པའི་རབ་ཏུ་བྱེད་པའོ།། ༈ །།འཕྲོག་བྱེད་གདོང་ལྔ་རལ་བ་ཅན། །ཞེས་པ་ལྟ་བུ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་སྟེ་ལེའུ་དགུ་བའོ།། ༈ །།བདག་གིས་བྱང་ཆུབ་སྤྱོད་པ་ལ། །ཞེས་པ་ལྟ་བུར་འཐོབ་པ་ཡིན་ནོ། །

    ༥ ཚེག་ཤད་ནི། བོད་ཡིག་ལ་རྒྱ་རིམ་པ་བདུན་ཞེས་གྲགས་པ་ལས་བརྗོད་དོན་མི་འཁྲུག་པ་པའི་ཆེད་དུ་བཏབ་པ་ཞིག་ཡིན།  དཔེར་ན་ཐོན་མིའི་ཞལ་ལུང་ལས། ༼དངངསབརམདརབདག༽ཅེས་པ་ལྟ་བུ་ལ་བར་ཚེག་མེད་ཚེ་གཉིས་རེ་གཉིས་རེའི་བར་ནས་གཅོད་དམ། ༼དང་ངས་བར་མད་རབ་དག༽བཞི་དང་གཉིས་དང་གསུམ་དང་གསུམ་ ༼དངངས་བར་མདར་བདག༽ གྱི་བར་ནས་གཅོད་མི་ཤེས་པས་འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མི་ཕྱེད་ཅིང་བཀླག་དཀའ་ཞེས་གསུངས་པ་ལྟར། ཤད་གཞན་དག་འཐོབ་ས་མ་ཡིན་ལ་ཚེག་ཁྱིམ་གཅིག་ཏུ་བཅད་པ་མེད་ན། སྔོན་རྗེས་མིང་གསུམ་གང་ཡིན་ངོས་ཟིན་དཀའ་ཞིང༌། འཕུལ་རྟེན་མིང་གསུམ་གྱི་དབྱེ་བ་མ་ཕྱེད་པར་མིང་ཚིག་གི་འཇུག་པ་འཆོལ་བར་འགྱུར་བས་ཚེག་ཤད་འབྲི་དགོས་ལ། འོན་ཀྱང་རིག་བྱེད་སྒོ་མོའི་གཞུང་ལམ་ལས། ང་མཐར་ཤད་གོང་ཕྱི་ཚེག་འབྲི། །ང་རྐང་ཤད་དང་མི་འདྲེས་ཆེད། །ཅེས་གསུངས་པ་ལྟར་ར་ལ་ས་ཡི་མགོ་དང་མི་ལྡན་པའི་ང་མཐའ་ཅན་ལ་ཤད་གཞན་ཐོབ་ཀྱང་དེའི་གོང་དུ་ཕྱི་ཚེག་འབྲི་བའི་ཕྱག་སྲོལ་ཡོད་དོ། །

   ༦ རིན་ཆེན་སྤུངས་ཤད་ནི། སུམ་ཅུ་པའི་སྙིང་པོ་རིག་བྱེད་སྒོ་མོའི་གཞུང་ལམ་ལས། ཐིག་མགོར་ཡིག་རྡོག་གཅིག་བྱུང་ཚེ། །རིན་ཆེན་སྤུངས་ཤད་གཅིག་དང་འགྲོགས། །ཕྱི་རྐང་ཅན་གསུམ་བྱུང་ན་ཡང༌། །སྤུངས་ཤད་བཅར་བའི་ཚུལ་གྱིས་བརྟེན། །ཡིག་རྡོག་གཉིས་སམ་གསུམ་མཐའ་རུ། །བྲིས་ཚེ་དེ་ཡི་དགོས་པ་སྟོར། །ཞེས་གསུངས་པ་ལྟར་དཔེར་ན། ཀུན་རྩ་ཡི་གེ་འདི་ཁོ་ན། །ཞེས་པའི་ན་ཡིག་ཐིག་ཕྲེང་དེར་མ་ཤོང་ཚེ་ཐིག་ཕྲེང་གཞན་པའི་དབུར་ཁེལ་འགྲོ་བ་ཡིན་ལ། དེའི་ཚེ་ཅུང་ཟད་ཚུགས་མི་ཐུབ་པ་འདྲ་བ་སྟེ་མིག་ལམ་ནས་སྟོར་འགྲོ་བ་འབྱུང་བའི་ཕྱིར་ན་དེ་ལ་འདི་ལྟར་འབྲི་བ་རེད། ༼ ན༑ ། ༽ དེ་སླད་ཐོག་མར་སློབ་པ་གཅེས། །ཞེས་པ་ལྟ་བུའོ། །ཡི་གེའི་ཐོབ་ཐང་བཤད་པ་བློ་གསལ་སྦྲང་རྩིའི་དགའ་སྟོན་ལས། སྤྱིར་ཀ་ག་ཤ་གསུམ་ཕྱི་རྐང་ཅན་གྱི་ཡི་གེ་ཡིན་པས་ཤད་ཀྱི་མཚམས་སུ་ཁེལ་ཚེ་དེ་གསུམ་གྱི་རྐང་པས་ཤད་ཀྱི་གོ་ཆོད་ལ། སྤུངས་ཤད་ཐོབ་པའི་སར་བྱུང་ཚེ་དེ་གསུམ་གྱི་རྐང་བས་ཤད་གོ་མི་ཆོད་པའི་ཞིབ་ཆ་ཤེས་དགོས་སོ། །ཞེས་རྨད་དུ་བྱུང་བའི་གསུང་གནང་མཛད་ཡོད་པ་ནི་དོན་ལ་གནས་པའི་ལེགས་བཤད་དོ། །  བོད་རྒྱ་ཚིག་མཛོད་དུ། ཡིག་ཕྲེང་གཡོན་ཕྱོགས་ཀྱི་མགོར་ཡིག་འབྲུ་གསུམ་མ་ཚང་ན་  ༼   ༑  ༽  འདི་ལྟ་བུ་འབྲི་དགོས་ཞེས་བཀོད་འདུག་ཀྱང༌། ཡིག་ཕྲེང་གཡོན་ཕྱོགས་ཡིན་ན་ཕྲེང་མགོར་གོ་དཀའ་སྙམ་མོ། །དེས་ན་གཡས་ཕྱོགས་ཟེར་དགོས་པ་ལ་ཡིག་ནོར་ཤོར་བ་འདྲའོ། །གོང་གསལ་ལྟར་ཨ་ལགས་ཚེ་ཏན་ཚང་གིས་ཡིག་རྡོག་གཉིས་སམ་གསུམ་གྱི་མཐར་སྤུངས་ཤད་འབྲི་བ་ལ་དགོས་པ་མེད་པར་བཞེད་པ་དང༌། མཁས་པ་འགའ་དང་ཚིག་མཛོད་ཆེན་མོར་ཡིག་འབྲུ་གཅིག་ནས་གསུམ་གྱི་མཐར་སྤུངས་ཤད་ཐོབ་པར་གསུངས་པ་དག་ལ་མཐའ་གཅིག་པའི་སྨྲ་བ་མི་འོས་ཀྱང༌། རིགས་ལམ་དང་མཐུན་ཚབ་ཆེ་བ་དང༌། ཁྲིད་རྒྱུན་ཡང་དེ་ལྟར་སྣང་བས་བརྩེགས་འདོགས་དབྱངས་གསུམ་ཕུད་ཡིག་རྡོག་གཉིས་སམ་གསུམ་གྱི་མཐར་སྤུངས་ཤད་འབྲི་བ་ལ་དགོས་པ་སྟོར་བར་འཆད་དོ། །ཡང་ཚིག་མཛོད་དུ། དེ་ཡང་རྫོགས་ཚིག་གི་ན་རོ་ཅན་དང༌། ཚིགས་བཅད་ཀྱི་རྐང་མཐའ་འཁེལ་ཚེ་སྤུངས་ཤད་གཉིས་རེ་དང༌། གཞན་ལ་རེ་རེ་འབྲི་དགོས་ཤིང༌། འདི་ལ་ཀྱོག་ཤད་ཀྱང་ཟེར་ཞེས་བཀོད་པ་དང༌། ཁ་ཅིག་གིས་རིན་ཆེན་སྤུངས་ཤད་ལ་ཉིས་ཤད་དང་བཞི་ཤད་ཀྱི་དབྱེ་བ་མེད་ལ་ཕྲེང་མགོའི་ཡིག་འབྲུ་དེའི་ཚུགས་ཐུབ་པའི་ཆེད་དུ་ཤད་འདིའི་འབྲི་སྲོལ་བྱུང་བ་ཡིན་ཙ་ན་ཤད་ཅིག་ཤོས་སྤུངས་ཤད་དུ་བྲིས་པ་ལ་དགོས་པ་ཡོད་པར་མི་སྣང༌། གལ་ཏེ་ད་དུང་ཨུ་ཚུགས་མི་གཏོང་ན་ཆིག་ཤད་འཐོབ་པའི་སར་བྱུང་ཚེ་སྤུངས་ཤད་གཅིག་གིས་ཀྱང་ཚུགས་ཐུབ་པའི་རྒྱུ་མཚན་དྲིའོ། །ཞེས་གསུངས། སྡེ་དགེ་སོགས་དཔར་ཡིག་དག་ཏུའང་མང་ཉུང་གི་ཁྱད་ཙམ་ལས་གཉིས་ཀར་ཡང་མཐོང་ངོ༌། །འོན་ཀྱང་ཕྱི་མ་ལྟར་འཆད་ན་བདེ་སྙམ་མོ། །

    ༧ གཏེར་ཡིག་ཚེག་ཤད་ནི། གཏེར་ཆོས་ཡིན་ཕྱིན་ཤད་གཞན་དག་གི་ཚབ་ཏུ་འདི་འབྲི་བ་ཡིན་ལ། འདི་གཏེར་སྟོན་ཁག་གིས་རང་བཟོ་ཡིན་པས་བོད་ཀྱི་ཤད་ཁོངས་སུ་འཇོག་པ་མི་འཐད་ཅེས་གསུང་གནང་མཛད་མཁན་བྱུང་ཡང༌། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་མྱོང་རོལ་ཁྲོད་དུ་སྔོན་གྱི་ཡིག་རྙིང་དག་ཏུའང་མཐོང་བར་བཤད་ཅིང་མཐོང་དུ་ཡོད་པས། དངོས་ཡོད་གཏེར་ཆོས་རྣམས་སུ་བྱུང་བའི་གཏེར་ཚེག་ཅེས་པ་དེ་ཡང་ཁུངས་དང་ལྡན་པར་གྱུར་པ་ཡིན་ནོ། །


阅读3074
分享
写下您的评论吧