ཅི་ཉི་སི་ལ་སོགས་པའི་ཟིན་ཐོའི་དཔང་ཡིག་ཐོབ་པའི་ཡིག་མཁན་སུ་སུ་ཡོད་དམ།
ཉེ་བའི་ལོ་འགའི་རིང་ལ་བོད་མདོ་དབུས་ཁམས་གསུམ་ནས་ཡིག་མཁན་བཅུ་ཕྲག་ལྷག་ལ་ཅི་ཉི་སི་སོགས་ཀྱི་ཤོག་རིང་ཟིན་ཐོའི་བྱ་དགའ་ཐོབ་པ་དང་། ཕྱི་རབས་གསར་སློབ་དག་ལ་ཡིག་གཟུགས་སློབ་སྦྱོང་གི་ཁྲོད་དུ་ཡིག་གཟུགས་སློབ་སྦྱོང་ནི་ཡུན་ནས་ཡུན་དུ་སྦྱོང་བ་དང་། སྲོལ་རྒྱུན་གྱི་རྨང་གཞི་ཟབ་པའི་རྒྱུད་ལྡན་ཡིག་གཟུགས་སྣ་ཚོགས་ལ་གོ་རིམ་བཞིན་སློབ་སྦྱོང་ཡག་པོ་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་གྱི་ཆུ་རྒྱུན་རིང་ནས་རིང་དུ་འབབ་པ་ལས་ངང་ཐུང་འབད་པ་ཙམ་གྱིས་མཚན་ལྡན་ཡིག་མཁན་ཞིག་ཏུ་མི་འགྱུར་བའི་གོ་བརྡ་སྤྲད་ཡོད་པ་རེད།
ད་རེབ་ངེད་དྲ་ཚིགས་ནས་ལག་ལ་འབྱོར་ཚོད་ཅིག་ཕྱོགས་གཅིག་ཏུ་བསྒྲིགས་ནས་བོད་ཀྱི་རིག་གནས་ལ་དགའ་མཁན་ཚོའི་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩི་རུ་ཕུལ་བ་ལགས་པས་ཀུན་གྱི་ཡིད་སེམས་ཀྱི་གཏིང་རོལ་ན་བག་ལ་ཉལ་བའི་བརྩོན་འགྲུས་ཀྱི་རྟ་ཕོ་དྲན་སྐུལ་གྱི་གོམས་ལག་གིས་དཀྲོགས་ཕྱིར་ཕུལ་བ་ལགས།
དང་པོ། དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་འགྲུབ་ལ་བྱ་དགའ་ཐོབ་པ།
དཔང་ཡིག
ཡིག་མཁན་དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་འགྲུབ་རྣམ་གཉིས་ལ་བྱ་དགའི་རྟགས་པ་ཐོབ་པ།
རྡོ་རྗེ་དོན་འགྲུབ་དང་དགེ་མང་འཇམ་དཔལ་གྱི་ཡིག་གཟུགས་ཤོག་རིང་དེ་ཅི་ནི་སིའི་ཟིན་ཐོར་བཀོད་པ།
གཉིས་པ། ཚལ་པ་བསམ་གྲུབ་ལ་ཁང་ཆིའི་འཛམ་གླིང་ཟིན་ཐོའི་རྟགས་མ་ཐོབ་པ།
ཡིག་མཁན་ཚལ་པ་བསམ་གྲུབ་ལགས་ཀྱིས་དུས་ཡུན་ལོ་ངོ་གསུམ་ཙམ་རིང་བྲིས་པའི་《བོད་ཀྱི་ལེགས་བཤད་བསྟན་བཅོས་ཚན་བཤུས་ཡིག་གཟུགས་དཔེ་རིང་མིག་གི་དགའ་སྟོན་》ཞེས་པའི་ཡིག་གཟུགས་དཔེ་རིང་ལ་༢༠༡༦ལོའི་ཟླ་༧ཚེས་༡ཉིན། ཁང་ཆིའི་འཛམ་གླིང་ཟིན་ཐོའི་ནང་ཚུད་པ།
ཡིག་མཁན་ཚལ་པ་བསམ་གྲུབ་ལགས་ལ་དཔང་ཡིག་ཐོབ་པ།
གསུམ་པ། རིག་སྨོན་བསམ་གཏན་ལ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོའི་ཡིག་ཐོབ་པ།
བོད་ཀྱི་གྲྭ་བཙུན་ཡིག་མཁན་རིག་སྨོན་བསམ་གཏན་ལགས་ཀྱི་《བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར》ཞེས་བྱ་བ་འཛམ་གླིང་ཆེན་པོའི་ཅི་ནི་སིའི་ཟིན་ཐོར་ཚུད་པ།
ཡིག་མཁན་རིག་སྨོན་བསམ་གཏན།
དཔང་ཡིག
བཞི་བ། དཔག་བསམ་དོན་འགྲུབ་ལ་འཛམ་གླིང་གི་ཅི་ནི་སིའི་ཟིན་ཐོའི་རྟགས་མ་ཐོབ་པ།
བོད་ཀྱི་བྲིས་པ་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་བརྩམས་ཆོས་འཛམ་གླིང་གི་ཅི་ནི་སིའི་ཟིན་ཐོར་བདམས་པ།
ཡིག་མཁན་དཔག་བསམ་དོན་འགྲུབ།
ཡིག་མཁན་དཔག་བསམ་དོན་གྲུབ་གྱི་དཔང་ཡིག
ལྔ་བ། ཡུལ་ཤུལ་བཀྲ་དགའ་ལ་ཅི་ཉི་སིའི་དཔང་ཡིག་ཐོབ་པ།
ཡུལ་ཤུལ་གྱི་དགེ་རྒན་བཀྲ་དགའ་ལགས་ཀྱིས་བྲིས་པའི་ཡིག་གཟུགས་བརྩམས་ཆོས་བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་ཕྱོགས་བསྒྲིགས་སུ་འབོད་པའི་《མཁས་པའི་གསུང་འབུམ》མམ། 《ས་སྐྱ་ལེགས་བཤད》ལག་བྲིས་མ་ལ་ཅི་ཉི་སིའི་སྤྱི་ཁྱབ་པུའུ་ཡིས“འཛམ་གླིང་ཆེན་པོའི་ཅི་ཉི་སིའི་བོད་ཡིག་ཡིག་གཟུགས་ཀྱི་བམ་པོ་རིང་ཤོས”ཀྱི་མཚན་སྙན་རྟགས་མ་སྤྲད་པ་རེད།
《ས་སྐྱའི་ལེགས་བཤད》ཀྱི་ནང་དོན་ནི་མི་རྣམས་འཇིག་རྟེན་གནས་ལུགས་དང་མཐུན་པ། ལེགས་ཉེས་སྤངས་བླང་སོགས་མི་ཆོས་དང་སྐྱོང་གི་དོན་སྙིང་སྟོན་པ་མ་ཟད། ཆོས་སྲིད་ཕན་ཚུན་གཞོགས་འདེགས་ཀྱི་འདུ་ཤེས་སམ། སྡིག་སྤངས་དགེ་སྒྲུབ་དང་། དཀའ་སྤྱད་འབད་བརྩོན། ཡིན་མིན་བླང་དོར་བཅས་ཀྱི་བསླབ་བྱ་སྣ་ཚོགས་བསྟན་པའི་ལེགས་བཤད་ཅིག་ཡིན།
《ས་སྐྱ་ལེགས་བཤད》ལག་བྲིས་མ་འདིའི་རིང་ཚད་ལ་སྨི་121.08ཡོད་པ་དང་ཞེང་ཚད་ལ་ལི་སྨི་80ཡོད། ཡུལ་ཤུལ་ཁུལ་ལས་རིགས་སློབ་གྲྭའི་དགེ་རྒན་བཀྲ་དགའ་ལགས་ནས་ལོ་གཅིག་དང་ཟླ་བ་གཉིས་ཀྱི་དུས་ཡུན་ནང་འབྲི་བཞེང་གནང་པ་དང་།སྤུ་སྨྱུག་ལེབ་མོ་ཨང་རྟགས་གཉིས་པ་སྤྱད་དེ་དབུ་ཅན་ཡིག་གཟུགས་སུ་བྲིས་ཡོད། ཁོང་གི་ཡིག་གཟུགས་སྒྱུ་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡནཞིང་། སྲོལ་རྒྱུན་གྱི་ཡིག་གཟུགས་རྨང་གཞིའི་ཐོག་ཚད་བརྒལ་གསར་པ་མང་པོ་བྱུང་ནས་མི་རྣམས་ལ་སྲོལ་རྒྱུན་གྱི་རྨང་གཞི་ཟབ་ལ་གསར་གཏོད་ཀྱི་བྲོ་བ་ལྡན་པའི་བག་ཆགས་དང་། ཚར་སྣང་ཟབ་མོ་བཞག་ཡོད།
ཡིག་མཁན་བཀྲ་དགའ།
རྒྱུས་ལོན་བྱས་པ་ལྟར་ན།《ས་སྐྱ་ལེགས་བཤད》ཀྱི་ཡིག་གཟུགས་བརྩམས་ཆོས་འདིའི་ནང་དོན་དང་ཚད་གཞིའི་ཐོག་ཅི་ནས་བལྟས་ནའང་། མིག་སྔར་བོད་རིགས་ས་ཁུལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་ཆེས་ཆ་ཚང་བ་དང་ཆེས་རིང་བའི་ལག་བྲིས་ཡིག་གཟུགས་བམ་པོ་ཞིག་ཏུ་ངེས།
2014ལོའི་ཟླ་10བར་ཧྲང་ཧའེ་འཛམ་གླིང་ཆེན་པོའི་ཅི་ཉི་སིའི་སྤྱི་ཁྱབ་པུའུ་ལ“བོད་ཡིག་ཡིག་གཟུགས་རིང་བརྩམས་ཆོས”ཀྱི་སྙན་ཞུ་འབུལ་བ་དང་། ཅི་ཉི་སི་སྤྱི་ཁྱབ་པུའུ་ཡིས་ཟླ་12པའི་ཟླ་མཇུག་ཏུ་ཐོག་མའི་ཞིབ་བཤེར་བྱས་ནས་རྣམ་གྲངས་བཙུགས་ཟིན་པ་དང་འབྲེལ་ཡིག་མཁན་བཀྲ་དགའ་ལ“འཛམ་གླིང་གི་ཅི་ཉི་སི་ཆེ་མོའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་བམ་པོ་རིང་ཤོས”ཀྱི་བྱ་དགའ་སྤྲད་པ་དང་། བརྩམས་ཆོས་དེ་ཡུལ་ཤུལ་ཁུལ་མི་རིགས་སློབ་འབྲིང་གིས་ཉར་ཚགས་བྱས་ཡོད།
དྲུག བསོད་ནམས་དབང་རྒྱལ་དང་བྱམས་པ་རྡོ་རྗེ།བསྟན་འཛིན་དབྱིག་གཉེན་གསུམ་ལ་དཔང་ཡིག་ཐོབ་པ།
དཀར་མཛེས་རྫོང་གི་ཡིག་མཁན་བསོད་ནམས་དབང་རྒྱལ་དང་བྱམས་པ་རྡོ་རྗེ། བསྟན་འཛིན་དབྱིག་གཉེན་གསུམ་གྱིས་མཉམ་དུ་བརྩམས་གནང་བའི་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་དེ་ཉིད་ལེགས་གྲུབ་བྱུང་བ་མ་ཟད་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོ་བཏོད་ཅིང་། སྤྱི་ཟླ་8པའི་ཚེས་30ཉིན་དངོས་སུ་ཅི་ཉི་སིའི་གཟི་བརྗིད་མཚན་སྙན་དཔང་ཡིག་ཐོབ།
ཅི་ཉི་སིའི་གཟི་བརྗིད་མཚན་སྙན་དཔང་ཡིག
རྒྱུས་ལོན་བྱུང་བར། གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ནི་དཀར་མཛེས་ཁུལ་དཀར་མཛེས་རྫོང་སློབ་འབྲིང་གི་དགེ་རྒན་བསོད་ནམས་དབང་རྒྱལ་དང་དཀར་མཛེས་གསེར་བྲིས་ཁང་གི་བྱམས་པ་རྡོ་རྗེ། འདན་མ་སློབ་ཆུང་གི་དགེ་རྒན་བསྟན་འཛིན་དབྱིག་གཉེན་གསུམ་གྱིས་ལས་ཞོར་དུ་བྲིས་པ་ཡིན་ཞིང་། སྤྱི་ལོ་2014ལོའི་ཟླ་1པོ་ནས་འགོ་བརྩམས་ཏེ་བགྲང་བྱ་ལྔའི་རིང་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་གནང་བས་མཐར་སྤྱི་ལོ་2019ལོའི་ཟླ་4པའི་ཚེས་25ཉིན་ལེགས་པར་གྲུབ་པ་དང་། ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨི་355.5ཡོད་པ་དང་། ཡིག་གཟུགས་ལས་སྟག་གཟིག་སྤུངས་ཡིག་དང་སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ འབྲུ་ཚ་སྒོང་ཞབས་མ། གཏེར་ཡིག མཁའ་འགྲོའི་བརྡ་ཡིག ཨམ་ཡིག ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག ལཉྫ། ཝརྟུ། བློ་ལྡན་ཡིག་གསར་སོགས་གནའ་དེང་གི་ཡིག་གཟུགས་སྣ་ཁ་230དང་། ནང་དོན་ལ་བོད་ཀྱི་ལེགས་བཤད་ཆེན་མོ་བཞིའི་ནང་གི་ལེགས་བཤད་བཅས་འདུས་པས། སྣ་མང་རང་བཞིན་ལྡན་པའི་ཡིག་གཟུགས་ཞལ་ཐང་ཞིག་ཡིན་ལ། འདི་ནི་མིག་སྔར་འཛམ་གླིང་ཐོག་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཞལ་ཐང་གཅིག་པུ་དེ་རེད།
གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ།
གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ལེགས་གྲུབ་བྱུང་རྗེས། ཡིག་མཁན་གསུམ་གྱིས་ད་དུང་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་སློབ་ཆིག་སྟོང་ལྷག་གི་མདུན་དུ་ཞལ་ཐང་ཆེན་མོ་འདི་ཉིད་བཤམས་སྟོན་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བ་དང་། བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ལེགས་སྐྱེས་སུ་ཕུལ་ཡོད།
གཡོན་ནས་གཡས་བར་བསྟན་འཛིན་དབྱིག་གཉེན་དང་བསོད་ནམས་དབང་རྒྱལ། བྱམས་པ་རྡོ་རྗེ།
ཞལ་ཐང་རིང་མོ་འདི་གསར་རྩོམ་གནང་མཁན་བསོད་ནམས་དབང་རྒྱལ་གྱིས་ཞལ་ཐང་རིང་མོ་འདི་གསར་དུ་བྲིས་པའི་ཐོག་མའི་ཀུན་སློང་དང་དམིགས་ཡུལ་སྐོར་གླེང་དུས། ཁོང་གིས། ཞལ་ཐང་རིང་མོ་འདི་ལྟ་བུ་ཞིག་གསར་རྩོམ་བྱེད་པའི་དམིགས་ཡུལ་ནི་རང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཏེ། བོད་ཀྱི་ཡིག་གཟུགས་ཀྱི་ཕྱག་རྒྱུན་རིང་མོ་མ་ཉམས་གོང་འཕེལ་དང་། ནོར་བུ་ལྟ་བུའི་རིག་གནས་འདི་དག་མི་རབས་རྗེས་མ་རྣམས་ལ་བརྒྱུད་སྤྲོད་ཐུབ་པ། ཡང་སྒོས་སུ་དེང་སང་སློབ་གྲྭ་ཁག་ཏུ་ཡིག་གཟུགས་འབྲི་སྟངས་ཚད་ལྡན་མ་ཡིན་པའང་སྤུས་ཚད་ཞན་པ་སོགས་ཀྱི་གནད་དོན་སྔོན་འགོག་དང་ཡོ་བསྲང་བྱེད་ཆེད་བྲིས་པ་ཡིན་ཞེས་གསུངས།
ཞལ་ཐང་རིང་མོ་ཕྱག་རྩོམ་གནང་བཞིན་པ།
གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ཅི་ཉི་སིའི་ཟིན་ཐོར་འགོད་ཐུབ་པ་བྱུང་བ་དེས་ཡིག་མཁན་གསུམ་པོའི་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་བུའི་ཐོག་རང་སོ་སོར་མངའ་བའི་རིག་གནས་ཀྱི་ཞིབ་ཆ་དང་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ། དེ་འབྲེལ་གྱི་རིག་གནས་ཐོན་ལས་འཆར་འགོད་དང་དར་སྤེལ་གཏོང་བ་དང་ཆབས་ཅིག རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་གོང་འཕེལ་དང་ཡར་རྒྱས་ཐད་རང་ནུས་ཅི་ལྕོགས་ཀྱིས་ལེགས་སྐྱེས་འབུལ་བའི་ཆོད་སེམས་བརྟན་དུ་འགྲོ་བ་དང་སྐུལ་འདེད་ནུས་ལྡན་ཐེབས་ཐུབ་ངེས་རེད།
ཡིག་མཁན་གསུམ་པོའི་ངོ་སྤྲོད་མདོར་བསྡུས།
བསོད་ནམས་དབང་རྒྱལ།
བསོད་ནམས་དབང་རྒྱལ་ནི་སྤྱི་ལོ1968ལོར་ཁམས་དཀར་མཛེས་རྫོང་མདའ་མདོ་ཤང་ཆུ་མཁར་གྲོང་དུ་སྐྱེས་ཤིང་། དེང་སང་དཀར་མཛེས་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
བྱམས་པ་རྡོ་རྗེ།
བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ1993ལོར་དཀར་མཛེས་རྫོང་རྫ་ཁོག་ཤང་ཉག་གཞིས་ཚང་དུ་སྐྱེས་ཤིང་། ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་། དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ། དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་རྫོང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན། དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་འགན་གཅིག་ལྕོགས་འཁུར་བཞིན་ཡོད།
བསྟན་འཛིན་དབྱིག་གཉེན།
བསྟན་འཛིན་དབྱིག་གཉེན་ནི་སྤྱི་ལོ1995ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚ་ཞེས་པའི་ཡུལ་དུ་སྐྱེས། དེང་སང་དཀར་མཛེས་རྫོང་འདན་མ་སློབ་ཆུང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
བདུན་པ། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་ལ་དཔང་ཡིག་ཐོབ་པ།
ཟིན་ཐོ་བཞག་པའི་ལམ་སྔགས་གསེར་བྲིས་མ།
ཟིན་ཐོ་འདིའི་གནས་ཚུལ་ཞིབ་ཏུ་གཟིགས་འདོད་ན་གོང་གི་པར་ལ་མནོན།
མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་གིས་ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག་ཅེས་པ་འདི་ནི་ཞེང་ལ་ལི་རྨི་63དང་སྲིད་ལ་ལི་རྨི་142.5ཤོག་ངོས་རེར་ཐིག་ཕྲེང་12དང་། ཐིག་ཕྲེང་རེའི་ཆེ་ཆུང་གི་ཚད་ལི་རྨི་3 ཤོག་ལྷེ་རེར་ཆ་སྙོམས་ཡིག་འབྲུ་སྟོང་གཅིག་ལྔ་བརྒྱ་ལྷག་ཡོད་ལ། ཁྱོན་བསྡོམས་ཡིག་འབྲུ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དྲུག་ལྷག་ཡོད་པ་རེད།
གྲངས་ཚད་ནི། ལམ་རིམ་ལ་ཤོག་གྲངས་393དང་། སྔགས་རིམ་ལ་ཤོག་གྲངས་377 ཁྱོན་བསྡོམས་ཤོག་གྲངས་770ཡོད། སྤྱིའི་འགྲོ་སོང་ལ་སྒོར་ས་ཡ་བཞི་དང་འབུམ་གསུམ་ཁྲི་གསུམ་སྟོང་གསུམ་བརྒྱད་བརྒྱ་(4333800)བཏང་ཡོད་པར་མ་ཟད། གསེར་བྲིས་པ་མི་བཅུས་ལམ་སྔགས་གཉིས་ཟླ་བ་བཅུ་ལྷག་ལ་བྲིས་ཤིང་། ཞུ་དག་པ་གྲྭ་བ་གཉིས། ལྷ་བཟོ་གསུམ། བོད་ཤོག་ལས་སྣོན་པ་བཞི།གསེར་འདུལ་བ་བཞི་བཅས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འབྲི་བཞེངས་བྱས།