པད་མ་གསེར་བྲིས་གླིང་གིས་གནམ་ལོ་གསར་བར་ལེགས་སྐྱེས་ཀྱི་ཚུལ་དུ་ལམ་རིམ་གསེར་བྲིས་ལེགས་འགྲུབ་བྱུང་པར་རྟེན་འབྲེལ་ཞུ།
མཁས་དབང་བཞག་པ་རིན་པོ་ཆེའི་བླ་བྲང་གིས་ཡོན་སྦྱར་ཏེ། པདྨ་གསེར་བྲིས་གླིང་གི་ཡིག་མཁན་རྣམས་ཀྱིས་ལོ་ཡི་ཁོར་མོ་གཅིག་ཙམ་གྱི་ཡུན་ལ་བོད་ལུགས་སྲོལ་རྒྱུན་ལག་རྩལ་ལས་བགྱིས་པའི་མཐིང་ཤོག་བཟང་པོའི་ངོས་སུ་རིན་ཆེན་དང་པོ་གསེར་ལས་གྲུབ་པ་ཆ་ཚང་སོར་མོའི་འདུ་བྱེད་ལས་ལེགས་པར་བཞེངས་པའི་རྗེ་བླ་མ་དམ་པ་མཉམ་མེད་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་བྱིན་ཅན་བྱང་ཆུབ་ལམ་རིམ་ཆེན་མོ་ཤིན་ཏུ་སྤུས་ལེགས་གང་ཉིད་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་འབྲི་བཞེངས་ལེགས་པར་གྲུབ་སྟེ། མཁས་དབང་བཞག་པ་རིན་པོ་ཆེའི་གཞིས་ཀའི་མཆོད་ཁང་དུ་གདན་དྲངས་ནས་རབ་གནས་མཛད་པ། བོད་ཀྱི་ཆོས་དང་རིག་གནས་ལ་ལྷག་བསམ་དཀར་ཞིང་། ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་དམ་ཁོང་གི་རྣམ་པར་དཀར་བའི་བྱ་བ་ལམ་འགྲོ་ཡོང་བར་སྨོན་ནོ།།
ཡིག་ཚངས་མཁོ་འདོན། པད་མ་གསེར་བྲིས་གླིང་།
སྒྲིག་སྦྱོར་བ། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་ནས།