ཡིག་གཟུགས་འབྲི་རྒྱུན་སྣ་ཚོགས་ཀྱི་ངོ་སྤྲོད།
ཁག་གཉིས་པ།
དབུ་མེད་འབྲུ་མ་ནས་གྱེས་པ། སྤྱིར་འབྲུ་ཆུང་གི་གཟུགས་ཡིན་ལ། དེའང་འབྲུ་རྣམས་ཐོག་མའི་འཇོང་དབྱིབས་ནས་བྲ་བོའི་དབྱིབས་ཅན་དུ་འགྱུར་བའོ། ཕྱིས་སུ་གཟུགས་འདི་ལ་འབྲི་སྲོལ་མང་དུ་ཆགས་ནས་དུས་སྐབས་སོ་སོའི་ནང་ཉམས་འགྱུར་ཅུང་མི་འདྲ་བ་རེ་བྱུང་ཡང་ཞབས་རིང་། ཞབས་ཐུང་གཉིས་སུ་འདུའོ། འདི་ལ་འབྲུ་ཆུང་དང་འབྲི་སྲོལ་མི་འདྲ་བའི་ཡིག་འབྲུ་བརྒྱད་ཡོད་པ་སོགས་ཞིབ་པ་གཡུ་ཁྲིའི་ཞལ་ལུང་ན་གསལ།
ཁྱུང་པོ་གཡུ་ཁྲིས་ཐུ་མིའི་སེང་གེ་གནམ་མཆོང་གི་ཕྱག་རྒྱུན་དང་གྲ་ཤོད་ཀྱི་འབྲི་རྒྱུན་ལ་ཆ་ཆེན་ཆ་ཆུང་གི་ཐིག་བཏབ་སྟེ་འཁྲུལ་པ་མེད་པར་བསྐྱངས་པའི་དབུ་ཆེན་སྣ་མ། རིན་པོ་ཆེའི་སྣག་ཚ་སྤྱད་དེ་པིར་དང་། སི་སྨྱུག་གིས་བྲིས་པའི་ཁྱུང་བྲིས་ཀྱི་བཀའ་འགྱུར་དང་། བསྟན་འགྱུར། ཤེར་ཕྱིན་སོགས་ཤིན་ཏུ་མང་བ་རྣམས་སོ།
སྣ་མ། གོ་དོན་ནི་ཐོག་མའམ། དང་པོའམ། འགོའམ། རྣལ་མ་ཞེས་པའི་དོན་ཏེ།འདིར་ཐོན་མིའི་ཐོག་མར་ནྰ་ག་རུའི་ཡི་གེར་དཔེ་བྱས་ཏེ་བྲིས་པའི་གཟབ་མའམ་དབུ་ཆེན་གྱི་མིང་སྟེ། ཕ་བོང་ཁའམ། སྐུ་མཁར་མ་རུའི་མ་ཎི་ཡིག་དུརག་དང་། མལ་གྲོ་ཇེན་ཁོག་་སྣ་རྡོའི་བྲག་སྟེང་གི་ཡིག་ཕུད་སོགས་ཡོད་ལ། བྲིས་འདིའི་ཆ་ཚད་ཆེ་ཤས་སེངྒེ་གནམ་མཆོང་། འབྲིང་མུ་ཏིག་བསྟར་བརྒྱུས། ཆུང་ངུ་ནས་སྔོན་ཕྱིང་པའི་སྟེང་དུ་བཀྲམས་པའོ།
སྙེ་བྲིས། དུས་རབས་བཅུ་གསུམ་པའི་ནང་ཙམ་དུ་ནུབ་ཀྱི་གཞུ་སྙེ་མོའི་ཕུ་གསུམ་ཕྱོགས་ནས་བྱོན་པའི་ཡིག་མཁན་ཚོས་ཀ་ཁྱུང་ཏྲ་གསུམ་དང་། དེའི་རྗེས་སུ་བྱུང་བའི་གྲ་ཤོད་རྣམ་གཉིས་སོགས་ཀྱི་ལུགས་འཇོག་གྲུ་བཞི་སེང་དཀར་མོ་དགུང་དུ་འཕྱོ་འདྲའི་འབྲི་ལུགས་ཀྱི་རྒྱུན་ཉམས་བསྐྱངས་རྗེས། མཐར་རང་བཞིན་གྱིས་བྲིས་ཉམས་ཅུང་ཟུར་དུ་དོད་པའི་མིང་ཡིན། རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་ཀྱིས་རྒྱལ་རྩེ་ཐེམ་སྤངས་འབྲི་སྐབས། སྙེ་མོའི་ཡིག་མཁན་དཔོན་མོ་ཆེ་སངས་རྒྱས་རྒྱལ་མཚན་དཔོན་སློབ་གདན་དྲངས་པས་མཚོན། བོད་ཀྱི་ས་ཆ་མང་པོར་བཀའ་བསྟན་འབྲི་བཞེངས་བྱེད་ཚེ། སྙེ་མོ་ནས་ཡིག་མཁན་མཁས་པ་གདན་འདྲེན་པ་ཡིན་ནོ། འོན་ཏེ་དུས་རབས་བཅུ་གསུམ་པའི་མཇུག་དང་། བཅུ་བཞི་པའི་འགོ་ཙམ་དུ་མང་ཡུལ་གུང་ཐང་དང་། ལ་སྟོད་ཕྱོགས་སོགས་ནས་འགོ་བརྩམས་ཏེ་ཤིང་པར་ཤུན་ཏུ་དར་ཆེ་བས། ཐོག་མའི་ཁྱུང་བྲིས་དང་ཁྱད་པར་དེ་ཙམ་མེད་པའི་སྙེ་བྲིས་ལ་པར་བརྐོའི་དགོས་མཁོའི་རྐྱེན་གྱིས་འགྱུར་བ་ཆེ་ཙམ་བྱུང་ཏེ། ད་ལྟའི་སྙེ་བྲིས་དང་སྔར་གྱི་ཁྱུང་བྲིས་གཉིས་ཀྱི་དབར་ཁྱད་པར་ཇེ་ཆེར་སོང་བས། དུས་ཕྱིས་ཀྱི་སྙེ་བྲིས་ལ་པར་རྩའི་ཡི་གེ་ཞེས་ཀྱང་འབོད་དོ། གཞན་བཤར་མར་ཡང་འབྲི་རྒྱུན་དམིགས་བསལ་ཅན་ལྕགས་སྒྲོག་མ་ཞེས་སོགས་ཡོད་པར་སྣང་།
གཙང་བྲིས། ཡོངས་གྲགས་ཁྲི་འདུས་སྲོང་གི་སྐུ་རིང་ལ་ཡིག་མཁན་ཆབ་དཀར་བེའུ་ཚེས་བྲིས་པར་གྲགས་ཀྱང་། འཇམ་དབྱངས་གཡུ་ཁྲིའི་གསུང་གིས་གསལ་བ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཡི་གེའི་མཁན་པོ་མང་བན་ཆོས་ཀྱི་རྡོ་རྗེས་བྲིས་པའི་བྱ་ཕོ་འཇོལ་འདྲ་བྲིས་ངན་པས་གཙང་གི་བུམ་ཞོའི་བྲག་ལ་ལ་སྦས་ནས་བསྣུབས་པ་བུམ་ཞོའམ། གཙང་གཉའ་ནང་སྤུང་ཞོ་སྐོར་པའི་ལུག་རྫིས་རྙེད་ནས་དར་བ། དུས་ཕྱིས་ཀྱི་སྤུང་ཞོ་སྐོར་པས་གཙོས་པའི་བྲིས་པ་ཚོས་ལུགས་འདིའི་ཞན་ཆ་ཀུན་བསལ། སྔར་གྱི་གྲ་ཤོད་དང་། ཀ་ཁྱུང་། སྦལ་སུམ་སོགས་ཀྱི་ལེགས་ཆ་བླངས་པས་ཁྱུང་བྲིས་ཇི་ལྟ་བར་བྱུང་བས། འཛུམ་ཆུང་གྲུ་བཞི་སྤོང་ཞོ་ཕྱར་མའི་ལུགས། ཞེས་ཀུན་གྱིས་བསྟོད་པ་བྱུང་ངོ་། དུས་མཚུངས་དིང་རི་དང་། གཉའ་ནང་། མང་ཡུལ་སོགས་སུ་ཡིག་མཁན་དང་པར་བརྐོ་མཁས་པའང་མང་དུ་ཐོན་པར་སྣང་།
རྩོམ་པ་པོ་དབུས་ཀྱིས་བྲིས་པ་གྲགས་ཅན་རྒན་སྤེན་ནོར།
བར་བཅུག་ཡིག་གཟུགས་པ་སྐལ་བཟང་དོན་གྲུབ།
རྩོམ་སྒྲིག་པ་ཧེ་རམ་པ།