༄༅།།བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གོས་གདན་ངོ་སྤྲོད་མདོར་བསྡུས།
རིག་གནས་ཐོན་ལས་ཀྱི་སློབ་ཆས་གསར་བ།
བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གོས་གདན།
སྤྱི་ལོ་༢༠༡༨ལོའི་ཟླ་༡པའི་ཚེས་༥ཉིན། བྲག་དཀར་རྫོང་ཁ་བཏགས་དཀར་པོ་བོད་ཀྱི་རིག་གནས་ཚད་ལྡན་སྤྱི་གཉེར་ཁང་གི་རིག་གནས་ཐོན་རྫས་གསར་བ་སྟེ། བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གོས་གདན་གསར་བཟོ་མཛད་པའི་འགྲེམ་སྟོན་མཛད་སྒོ་རང་རེའི་བྲག་དཀར་རྫོང་གི་བྲག་དཀར་རྒྱལ་སྤྱིའི་ཐོག་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས།
བོད་ཡིག་ཡིག་གཟུགས་གོས་གདན་འདི་ནི་བྲག་དཀར་རྫོང་མི་རིགས་བཅའ་སྡོད་ཆ་ཚང་སློབ་ཆུང་གི་དགེ་རྒན་གནམ་ཐར་འབུམ་གྱིས་དགེ་རྒན་གྱི་བྱ་བ་གཉེར་ནས་མི་ལོ་ཉི་ཤུའི་རིང་གི་ཉམས་མྱོང་གཞིར་གཟུང་ནས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་གོ་རིམ་ཁྲོད་ལག་ལེན་དང་ཞིབ་འཇུག་བྱས་མཐར་མི་རིགས་གཞན་གྱི་དར་རྒྱས་དང་འགྲོགས་ནས་རང་རེའི་རྣམས་ལ་སྤོབས་པ་ཆེར་བསྐྱེད་སྒོས་སྔར་ཡོད་དར་སྤེལ་དང་། མ་འོངས་གསར་གཏོད་ཀྱི་ལམ་ལ་ཞུགས་ནས། དེང་རབས་ལག་རྩལ་གཙོར་བཟུང་སྟེ་ཁོར་ཡུག་སྲུང་སྐྱོབ་དང་ཤོག་སྨྱུག་སྣག་གསུམ་གྲོན་ཆུང་བྱེད་པའི་ནུས་པ་ཡོད་པའི་དུས་རབས་དང་མཐུན་པའི་བོད་ཡིག་ཡིག་ཆས་གསར་བ་ཞིག་ཡིན།
རེབ་འདིའི་མཛད་སྒོའི་སྟེང་དུ་རང་རྫོང་གི་སློབ་གྲྭ་ཆུང་འབྲིང་གཙོའི་ལས་རིགས་སོ་སོ་ནས་ཐོན་པའི་ཡིག་གཟུགས་ལ་དགའ་མོས་ཡོད་མཁན་གྱི་དགེ་རྒན་དང་རྩོམ་པ་པོ། ཚོང་གཉེར་བ་སོགས་ཞུགས་ནས་རང་རང་གི་བོད་ཡིག་ཡིག་གཟུགས་གོས་གདན་གྱི་ཇུས་འགོད་དང་རྒྱུ་སྤུས། བཀོལ་སྤྱོད་སོགས་ཀྱི་ཐད་ལ་རང་རང་གི་བསམ་ཚུལ་དང་རེ་བ་བཏོན་པ་མ་ཟད། གཞན་མ་འོངས་པ་ན་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་གི་ཐད་ལ་ཚང་མས་དོ་ཁུར་དང་ཤུགས་སྣོན་བྱ་དགོས་པའི་བགྲོ་གླེང་མཛད།
རྫོང་སྦྲགས་སྲིད་ཁང་གི་འགོ་གཙོ་ཏུའུ་ལགས་ཀྱིས་དྲ་ལམ་ཚོང་འབྲེལ་ངོ་སྤྲོད་བྱེད་པ།
ཁ་བཏགས་དཀར་པོ་སྤྱི་གཉེར་ཁང་གི་ལས་བཟོ་བས་ཚོང་རྫས་ངོ་སྤྲོད་བྱེད་པ།
ཡིག་གཟུགས་གོས་གདན་འདི་བློ་འདོན་པ་རྒན་ཁོ་ལེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།
ཡིག་གཟུགས་གོས་གདན་འདི་བློ་འདོན་པ་རྒན་ཁོ་ལེ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།
སྙན་ངག་པ་ལྷ་སྡེ་ཉི་མ་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
རྫོང་གློག་ཁྲིད་ལྟེ་གནས་ཀྱི་རྒན་ཚེ་དབང་ནོར་བུ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།