༄༅།།མཐིང་ཤོག་བཟོ་བའི་གོ་རིམ་རགས་བསྡུས།

བཀྲ་ཤིས་དོན་གྲུབ།
2015-11-06


         བོད་ཀྱི་རིག་གནས་གྲས་སུ་གཏོགས་པའི་མཐིང་ཤོག་བཟོ་བའི་སྐོར་རགས་ཙམ་ཞིག་གཞོན་སྐྱེས་རྣམས་ལ་ལམ་བསྟན་གྱི་སྒྲོན་མེ་ཞིག་ཏུ་འགྱུར་སྙམ་པས་གསལ་བཤད་ཞིག་བྱ་རྒྱུར།  དང་པོ་མཐིང་ཤོག་བཟོ་དུས་ཤོག་བུ་སྦྱར་ཀ་རྒྱག་རྒྱུ་དང་།  ཤོག་བུ་སྦྱར་བྱེད་གྲོ་ཞིབ་བསྐོལ་ནས་ལྡིར་དགོས་པ་དང་ཁུ་བ་དེ་ཆུ་ཡིན།  གཉིས་པ་ཤོག་བུ་སྦྱར་ཚར་རྗེས་གདན་གྱི་སྟེང་དུ་གད་སྙིགས་མི་འགོས་པ་བྱས་ནས་འགྲེམས་དགོས།  སྦྱར་ཀ་རྒྱག་དུས་གཉེར་མ་མི་ཆགས་པ་བྱེད་དགོས།  གསུམ་པ་ཤོག་བུ་སྦྱར་ནས་སྐམ་ཚར་རྗེས་རས་གཙང་མ་ཞིག་གིས་ཕྱིས་དགོས།  དེ་རྗེས་སུ་ཤོག་བུ་གཅིག་ལ་འབང་བརྒྱབ་ཤོག་བུ་གཅིག་འབང་མི་བརྒྱབ་པ་བྱས་ནས་ཤོག་སྤང་ཞིག་གི་སྟེང་དུ་གྲལ་སྟར་བསྒྲིགས་ནས་བསྣེམ་རྒྱུ།  བཞི་པ་ཤོག་བུ་ནག་པོ་བཟོ་བའི་སྣག་ཚ་དེ་སྒྲོན་མེ་ཤིང་ཟེར་བ་དེ་ནས་བཟོས་པ་ཡིན་ཞིང་།  སྣག་ཚ་དེ་སྔོན་ལ་སྣག་གཞོང་ནང་ལ་ལག་པས་མཉེད་དགོས་པ་དང་མཉེད་ཚར་རྗེས་སྣག་ཚ་དེ་ལ་སྦྱོར་བརྡ་བྱེད་དགོས་པ་ནི་གཡག་ལུག་གི་ཀླད་པ་བསྐོལ་ནས་བསྲེ་རྒྱུ་དང་།  ཡང་བསྐྱར་སྣག་ཚ་མཉེད་དགོས།  དེ་ནས་ཡང་སྣག་ཚ་དེ་ལ་པིང་བཞུར་ནས་བླུག་དགོས།  ལྔ་པ་སྣག་ཚ་དེ་ནས་ཤོག་བུ་སྦྱར་ཁ་བརྒྱབ་པ་དེ་ཚོར་སྔོན་ལ་གཅིག་བྱུགས་དགོས།  དེ་བྱུགས་ཚར་རྗེས་ཤིང་སྟག་ཤིང་འཇམ་པོ་ཞིག་གི་སྟེང་དུ་གཟི་ཁྲས་དབུར་རྒྱག་དགོས།  གཟི་དང་པོ་བརྒྱབ་སྟེ་ཡང་བསྐྱར་སྣག་ཚ་བྱུགས་དགོས། དེ་རྗེས་སླར་ཡང་དབུར་བརྒྱབ་ནས་ཤོག་བུ་བཟོས་ཚར་རྗེས་བོད་ཀྱི་གནའ་རབས་ཀྱི་རིག་གནས་གསར་དུ་འབྲི་བྱེད་ཀྱི་ཤོག་བུ་མཐིང་ཤོག་ཟེར་བ་དེ་ལྟར་བཟོ་གི་ཡོད།  ཤོག་བུ་དེའི་སྟེང་དུ་གནའ་བོའི་དུས་ནས་བཟུང་འགྲོ་སྟངས་ལྟར་སྣག་ཚ་རིན་ཆེན་སྣ་བདུན་གྱིས་ཡི་གེ་འབྲི་སྲོལ་འདུག   དེའི་གོ་རིམ་ནི།  ཡིག་འཕྲེང་དང་པོ།  གསེར།  ཡིག་འཕྲེང་གཉིས་པ།  གཡུ།  ཡིག་འཕྲེང་གསུམ།   དངུལ།  ཡིག་འཕྲེང་བཞི་པ།  བྱུ་རུ།  ཡིག་འཕྲེང་ལྔ་པ།  ལྕགས།  ཡིག་འཕྲེང་དྲུག་པ།  ཟངས།  ཡིག་འཕྲེང་བདུན་པ།  དུང་བཅས་གོ་རིམ་གྲལ་ལྟར་བསྒྲིགས་ཡོད་པ་རེད། ཤོག་བུའི་སྟེང་དུ་ཐིགས་རྒྱག་བྱེད་ཀྱང་སྨྱུ་གུ་གང་བྱུང་གིས་མི་འགྲིག་ངེས་པར་དུ་བརྡ་རྡོའི་སྨྱུ་གུ་ཞེས་པ་དེ་དགོས་སོ།  དེ་ལྟར་བོད་ཀྱི་གནའ་བོའི་རིག་གནས་ཀྱི་ཁོངས་སུ་གཏོགས་པའི་ཤོག་བུ་མཐིང་ཤོག་གི་སྐོར་རགས་ཙམ་ཞིག་བློ་གསལ་གཞོན་སྐྱེས་རྣམས་དཔྱད་གཞིའི་ཚུལ་དུ་བྲིས་སོ།། །།

阅读 684
分享
写下你的评论吧