མདོ་སྨད་བླ་བྲང་དགོན་པའི་ལཉྫའི་ཕྱི་མོ་དཔང་ལོའི་ཕྱག་རྒྱུན་དུ་གྲགས་པ་བརྙན་ལམ་དཔེ་ཁྲིད་བརྙན་རིས་མིག་གི་དགའ་སྟོན།
བྲིས་རྒྱུན་རྒྱུད་འཛིན་པ་དགེ་བའི་བཤེས་གཉེན་ཆེན་པོ་༧ སོག་པོ་དཀོན་མཆོག་ལགས།
ཐེངས་འདིའི་དཔེ་ཁྲིད་དགེ་རྒན། ཡིག་མཁན་ནམ་ལྷ་རིས་སྒྱུ་རྩལ་བ་༧ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས།
དཔེ་ཁྲིད་དགེ་རྒན་མཚམས་སྦྱོར།
བོད་ཀྱི་ལྷ་རིས་པ་དང་ཡིག་མཁན་ཆོས་འཁོར་བ་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་ངོ་སྤྲོད་མདོར་བསྡུས།
མདོ་སྨད་ཀླུ་ཆུའི་ཆོས་འཁོར་དགོན་དགའ་ལྡན་ཤེར་ཕྱིན་གླིང་གི་གྲྭ་རིགས་རྣམ་དཔྱོད་ཡངས་པ་ལྷ་རིས་པ་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ནི། ཆོས་འཁོར་ཚོ་བ་བཅུ་གཉིས་ཀྱི་ནང་གསེས་ཆོས་འཁོར་རུ་བཞི་ཞེས་པའི་སྡེ་བར་རབ་བྱུང་བཅུ་དྲུག་པའི་ཆུ་ཡོས་སྤྱི་ལོ་༡༩༦༣ལོར་སྐུའི་ལང་ཚོའི་མེ་ཏོག་གསར་དུ་བཞད།
ཆུ་བྱི་སྤྱི་ལོ་༡༩༨༢ལོར་ཆོས་འཁོར་སྒར་སར་དགོན་པའི་ཆོས་སྒོར་ཞུགས་ཏེ་གཞུང་བཀའ་པོད་ལྔས་བསྡུས་པའི་མདོ་རྒྱུད་རིག་གནས་ཀུན་ལ་གསན་བསམ་ལྷོད་མེད་གནང་། ༡༩༨༤ལོ་ནས་༡༩༨༨ལོའི་བར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་བའི་བཤེས་གཉེན་དམ་པ་ཁོང་སྨད་སོག་བཛྲ་ཚང་དང་། སྨྱུག་འཛིན་དབང་བོ་སོག་པོའི་དཀོན་མཆོག་ཚང་། ཨ་ཁུ་ཐབས་མཁས་ཚང་སོགས་ཀྱི་མདུན་ནས་སུམ་རྟགས་དག་གསུམ་དང་། ལཉྪ། ཝརྟུ། ཀུན་མཁྱེན་འཇིགས་མེད་དབང་བོའི་ཕྱག་རྒྱུན་ལྟར་གྱི་བོད་ཀྱི་ཡི་གེ་དབུ་ཅན་དང་། ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་སྐུ་རིང་སློབ་གྲྭ་ཚུགས་སྐབས་མདོ་སྨད་དུ་ཕྱག་རྒྱུན་བྱུང་བ་དགའ་ལྡན་ཡིག་གསར་སོགས་ལ་སྦྱངས་པ་མཐིལ་ཕྱིན་མཛད།
རབ་བྱུང་བཅུ་བདུན་པའི་ས་འབྲུག་སྤྱི་ལོ་༡༩༨༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་བཟོ་གྲགས་ཅན་རེབ་གོང་བ་ཁོང་ཨ་ཁུ་ཆོས་གྲགས་ལགས་ཀྱི་མདུན་ནས་ཐིག་རྩ་ནས་བཟུང་ལྷ་བྲིས་ཀྱི་གོ་རིམ་ཚང་མར་བརྩོན་སེམས་དྲག་པོས་སྦྱངས་པ་བྱས་མཐར་ཁོང་གི་སློབ་མ་ཀུན་གྱི་གྲས་ནས་སྦྱངས་པ་རྩེར་སོན་པར་གྱུར།
བླ་བྲང་བཀྲ་ཤིས་འཁྱིལ་དུ་༧སྡེ་ཁྲི་རིན་པོ་ཆེའི་འཇམ་དབྱངས་ཀུན་གཟིགས་ལྷ་ཁང་གི་ལཉྪ་ཆ་ཚང་དང་། ༧ཇུན་དཀར་མཁན་པོ་ཚང་གི་ཇོའི་ཁང་གི་གདུང་བྲིས་ལཉྪ། ཤིས་ཚང་དགོན་པའི་ཚོགས་ཆེན་གྱི་འདོན་སྒྲིག་དང་འགྲིག་ཡིག གདན་རབས་དཀར་ཆག འདུ་ཁང་དང་ལྷ་ཁང་གི་གདུང་བྲིས་ལཉྪ་བཅས་བྲིས་གནང་མཛད་པ་མ་ཟད། རྟེན་བཞེངས་གང་ཡིན་གྱི་ཇུས་འགོད་དང་ཤིང་བརྐོས་རི་མོའི་མ་ཕྱི་ཕྱག་བྲིས་གནང་བ་སོགས་དགོན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞིང་མཛད་འཕྲིན་བླ་ན་མེད་དོ།།
ད་ལྟ་ཤིས་ཚང་དགོན་པའི་རིག་གནས་སློབ་གྲྭའི་སློབ་གཙོ་ཟུར་བ་དང་ཡིག་གཟུགས་དགེ་རྒན་གྱི་འགན་བཞེས་མུས་སུ་ཡོད་པ་དང་། ཡིག་གཟུགས་ཀྱི་མ་ཕྱི་ལན་ཝར་དང་དབུ་ཅན་དབུ་མེད་བཅས་ཀྱི་དཔེ་ཆ་དེབ་གསུམ་ཕྱག་བྲིས་གནང་སྟེ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད། ༢༠༡༥ལོར་ཀན་ལྷོའི་བོད་ཀྱི་སློབ་གསོའི་ཐེབས་རྩ་ཚོགས་པས་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་གནང་། ༢༠༡༦ལོར་རྒྱལ་ཡོངས་བོད་ཀྱི་དྲ་ཐོག་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་དབུ་ཅན་སྐོར་གྱི་ཨང་དང་པོའི་གཟེངས་རྟགས་འཐོབ་པ་དང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་དྲུང་ཡིག་གཞོན་པའི་འགན་བཞེས། ༢༠༡༦ལོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་དང་ཡིག་གཟུགས་ཉར་ཚགས་ཀྱི་གཟེངས་རྟགས་འཐོབ། ༢༠༡༦ལོར་སྦྲང་ཆར་རྩོམ་སྒྲིག་ཁང་གིས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཕུལ་བྱུང་བྱ་དགའ་འཐོབ། ༢༠༡༧ལོའི་ཟླ༦པར་རང་དགོན་པའི་རིག་གནས་སློབ་གྲྭའི་ནང་དུ་ལཉྪ་དང་ཝརྟུ། དབུ་ཅན་དང་དབུ་མེད། མཛེས་བྲིས་ཡི་གེ་བཅས་ཡིག་རིགས་བཅུ་གྲངས་ཡོད་པའི་ཡིག་གཟུགས་འགྲེམ་སྟོན་བྱས་པར་ཀུན་གྱིས་དགའ་བསུ་འཐོབ།༢༠༡༧ལོར་ཀན་ལྷོ་ཁུལ་ཡོངས་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་འཐོབ། ༢༠༡༨ལོར་བླ་བྲང་དྲ་གླིང་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་འཐོབ། ༢༠༡༨ལོར་ཝརྟུའི་སྨྱུག་རིམ་དང་བཅས་པའི་ཕྱི་མོ་རྒྱས་པ་ཞིག་བརྩམས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
ཁོང་གིས་ལོ་མང་པོའི་རིང་སྐུ་ཚེགས་ལ་མ་འཛེམ་པར་ཆོས་འཁོར་སྒར་གསར་དགོན་པའི་འདུ་ཁང་དང་ནང་ཆེན། བདེ་ཡངས། བཀའ་གདམས་ལྷ་ཁང་། རིག་གནས་སློབ་གྲྭ་སོགས་རྟེན་བཞེངས་གང་ཡིན་གྱི་དཔེ་རིས་ཇུས་འགོད་ཀྱི་མ་དཔེ་ཉར་ཚགས་བྱས་པ་དག་གིས་གཞི་བྱས་ཏེ། ༢༠༡༨ལོར་བོད་ཀྱི་ཐུན་མོང་མ་ཡིན་པའི་གཙུག་ལག་བརྐོས་རིས་བཟོ་རྩལ་མ་ཉམས་གོང་དུ་སྤེལ་བ་དང་། བརྐོས་རིས་བཟོ་རྩལ་ཟླ་མེད་པ་འདིས་བོད་ཀྱི་ཕྱི་རབས་གཞོན་སྐྱེས་རྣམས་ལ་ཕན་རེ་ཐོགས་ན་སྙམ་པའི་ཀུན་སློང་གཙང་མས་གཙུག་ལག་ཁང་སོགས་ལ་བརྐོས་རིས་བཟོ་ཚུལ་གྱི་མ་ཕྱི་བློ་ལྡན་མིག་གི་དགའ་སྟོན་ཞེས་བྱ་བ་བརྩམས་གནང་མཛད་པ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན།
དཔེ་ཁྲིད་བརྙན་རིས་འདི་ནི་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བས་ཕབ་བསྐྲུན་བྱས་པ་དང་དྲ་ཚིགས་འདི་ཁོ་ནའི་སྟེང་མིང་རྟགས་བཀོད་དེ་རིན་མེད་གཟིགས་འབུལ་བྱས་ཡོད།
མི་སྒེར་དང་འཕྲིན་སྟེགས་སོ་སོས་རང་འདོད་དུ་ཕབ་ལེན་མི་བྱེད་པར་བོད་ཀྱི་ཡིག་གཟུགས་དྲ་བའི་དྲ་ལམ་ནས་གཟིགས་རོགས།
བོད་ཀྱི་ཡིག་གཟུགས་དྲ་བར་ཁ་པར་དྲ་ལམ་དང་གློག་ཀླད་དྲ་ལམ་རིགས་གཉིས་སུ་དབྱེ་ཡོད་པས་དྲ་སྐར་གྲོན་ཆུང་གི་ནུས་པ་ཡོད།
本视频由中国藏族书法网独家冠名播出,并在本站免费观看,
任何个人及组织未经许可不得下载转载。
སློབ་ཚན་དང་པོ་ནས་ལྔ་བ།
སློབ་ཚན་དྲུག་པ།
སློབ་ཚན་བདུན་པ་ནས་བཅུ་བ།
འཕྲོ་མ་སློབ་ཚན་བཅུ་གཅིག་པར་གཟིགས་རོགས།