རྒྱལ་བའི་བཀའ་བསྟན་གཞུང་ལུགས་ཀྱི་ནན་ཅིན་པར་ནི།

2017-08-01

       ནན་ཅིན་པར་ནི།སྤྱི་ལོ༡༤༡༠བར།ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་རྗེ་ཙོང་ཁ་བ་གདན་འདྲེན་དུ་ནང་བློན་ཧོ་ཤིན་བོད་དུ་མངགས།རྗེ་ཉིད་ཀྱིས་རང་གི་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མངགས་པ་དང་ཅིག་ཅར།སྣར་ཐང་གི་བཀའ་བསྟན་ཆ་ཚང་གཉིས་ཀྱང་ནན་ཅིན་དུ་དྲངས།དེ་ལ་བརྟེན་ནས་བཀའ་འགྱུར་གྱི་པར་བཞེངས།བསྟན་འགྱུར་གྱི་པར་ཡང་སྐོར་ཞིག་བཞེངས་སྐད།དེ་ལ་ནན་ཅིན་ཟངས་པར་དུ་གྲགས་ཀྱང་།ཟངས་པར་ཡིན་ཚོད་མི་འདུགབྲིས་དག་པ་དང་།བརྐོས་ཟབ་པ་དང་།ངོས་གཙང་བ་སོགས་ཀྱི་ཆ་ནས་དེ་ལྟར་འབོད་པ་ཡིན་སྙམ།བཀའ་འགྱུར་དེ་མཚལ་གྱིས་དཔར་ཅིང་།ངོས་རེ་ལ་ཐིག་ཕྲེང་བརྒྱད་རེ།པོ་ཏི་བརྒྱ་དང་བརྒྱད་བྱོན།དེ་ལ་ཡུང་ལོའི་པར་ཀྱང་ཟེར།དེའི་དཔར་ཕུད་དང་པོ་རི་བོ་རྩེ་ལྔར་ཕུལ་བ་དང་།དེ་ནས་བོད་དུ་མཚུར་ཕུ་ཀརྨ་བ་དང་རྗེ་ཙོང་ཁ་བ་བཅས་ལ་སྐྱེས་སུ་ཕུལ།དེ་ལས་ཚར་གཅིག་ད་ལྟ་ཡང་སེ་ར་ཐེག་ཆེན་གླིང་སྔགས་པ་གྲྭ་ཚང་གི་བཀའ་འགྱུར་ལྷ་ཁང་དུ་བཞུགས་པར་གྲགས་སོ། །

པེ་ཅིན་པར་ལ་དབན་ལིའི་པར་དང་ཁང་ཞིའི་པར་གཉིས་ཡོད་ལ།སྔ་མ་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་དབན་ལི་སྲིད་ཁྲིར་བཞུགས་སྐབས་ཏེ།སྤྱི་ལོ༡༥༩༤བར།ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་གི་ཁུར་བཞེས།ནན་ཅིན་དཔར་མ་ཕྱི་མོར་བཅོལ་ནས།བཀའ་འགྱུར་ཆ་ཚང་དང་བསྟན་འགྱུར་པོ་ཏི་ཞེ་གཉིས་ཀྱི་པར་བཞེངས།དེ་ལ་དབན་ལིའི་པར་ཡང་ཟེར།།

        ཕྱི་མ་ནི་ཆིང་རྒྱལ་རབས་ཏེ་མཉྫུའི་གོང་མ་ཁང་ཞིའམ་བོད་སྐད་དུ་བདེ་སྐྱིད་རྒྱལ་བོ་ཞེས་པའི་བཀའ་ལྟར།སྤྱི་ལོ༡༦༨༣་པར་བཀའ་འགྱུར་གྱི་པར་བཞེང་བའི་འགོ་བརྩམས།གོང་མ་སྔ་མ་དག་གི་རིང་ལ་བཞེངས་པའི་པར་ གཞི་ཕྱི་མོར་བཅོལ་ཏེ།དག་བཅོས་དང་འབྱིན་འཇུག་ཅུང་ཟད་མཛད།ཕལ་ལམ་ཡུང་ཀྲིན་སྲིད་ལོ་གཉིས་པ་སྟེ།སྤྱི་ལོ༡༧༢༤བར་ཡོངས་སུ་གྲུབ་པར་ཁང་ཞི་པར་དུ་གྲགས།

            དེ་ལ་པོད་བརྒྱ་དང་བརྒྱད།ཚན་པ་དྲུག་བརྒྱ་གོ་དགུ།ཆོས་སྣ་ཉིས་སྟོང་བཞི་བརྒྱ་རེ་དྲུག་བཞུགས།གོང་མ་ཡུང་ཀྲིན་གྱི་སྐུ་རིང་ལ་བསྟན་འགྱུར་གྱི་པར་ཀྱང་བཞེངས་སྐད།དེང་པེ་ཅན་དཔར་མར་གྲགས་པ་འདི་དག་ཡིན་ལ།པར་ཤིང་དེ་རྣམས་སྤྱི་ལོ༡༩༠༠བར་མཉམ་འབྲེལ་རྒྱལ་ཁབ་བརྒྱད་ཀྱི་བཙན་འཛུལ་དམག་གིས་སྲེག་ཟའི་ཕུང་བོར་བསྟིམས་སོ།།ཅོ་ནེའི་བཀའ་འགྱུར་གྱི་ཤིང་པར་ནི།ཅོ་ནེའི་དཔོན་རབས་བཅུ་གཅིག་པ་དམག་ཟོར་མགོན་པོས་ཡུམ་གྱི་རེ་བ་ཇི་བཞིན་ལྷག་བསམ་རྣམ་དག་གིས་ཁུར་བཞེས།མཁྱེན་པའི་དབང་ཕྱུག་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ལི་ཐང་དཔར་མ་དང་།པེ་ཅིན་དཔར་མ་དང་།དབུས་བྲིས་དག་པ་དང་གསུམ་ཕྱི་མོར་བཅོལ་ཏེ།པར་བཞེང་བའི་ལས་ཚན་བསྒྲིགས།སྤྱི་ལོ༡༦༢༡་པ་ནས་༡༧༣༡པའི་བར་ལོ་ངོ་བཅུ་གཅིག་ཏུ་ཡོངས་སུ་གྲུབ།ཤིང་པར་ངོས་རེ་ལ་ཐིག་ཕྲེང་བརྒྱད་རེ་ཡོད་ལ།པོ་ཏི་བརྒྱ་དང་བརྒྱད་བྱོན།བརྐོས་ཟབ་པ།འབྲུ་གསལ་བ།ཡི་གེ་དག་སྙོམས་མཛེས་གསུམ་ཐོན་པས།རྒྱལ་ཁབ་ཕྱི་ནང་ལ་གྲགས་པ་ཆེའོ།།པར་དེ་བཞེངས་པའི་ཡོན་ལ་དངུལ་སྲང་༡༧༥༢༥་སོང་བར་བཤད། །


阅读1513
分享
写下您的评论吧