སྐད་དང་ཡིག་གཟུགས་དར་ཚུལ་ལ་དཔྱད་པ། མུ་འགོད3

རིག་བསྟན་གྱིས་བརྩམས།
2017-02-04

ཡིག་གཟུགས་འཕེལ་རྒྱས་བྱུང་ཚུལ་ལ་དཔྱད་པ།

   དེ་ཡང་བོད་ཀྱི་བཙན་པོ་རྣམས་ཀྱི་སྐུ་རིང་ལ་བོད་ཡིག་གི་དབུ་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་གང་འདྲ་བྱུང་ཡོད་པ་རྣམས་གཤམ་གསལ།

   ༡ ཐུ་མིས་བོད་ཡིག་གི་དཔེ་ལེན་ས་དངོས་དེ་སྦལ་ནག་གནམ་ལ་རྒྱངས་པ་འདྲ་བ་ཞེས་པ་དེ་ཡིན། དཔེ་དེ་སྐུ་འབུམ་ན་ཤིང་པར་ཞིག་ཡོད་ཀྱང་ད་སྐབས་ཡོད་མེད་མ་ཤེས། སྤྱིར་ཡི་གེ་དེའི་མིང་ལ་བོད་ཀྱི་སྲིད་པའི་ཡིག་རྒན་ཟེར་ཡང་རྗེས་སུ་ཞང་ཞུང་ཡིག་རྒན་དང་རྒྱལ་རོང་གི་ཡི་གེ་ཡང་ཟེར་སྲོལ་ཡོད་ཀྱངདོན་ལ་དེང་སང་ང་ཚོས་བེད་སྤྱོད་གཏོང་བཞིན་ཡོད་པའི་བོད་ཀྱི་ཡི་གེ་ཐོག་མར་དཔེ་ལེན་ས་དངོས་དེ་ཡིན་པ་ཚང་མས་ཤེས་དགོས། འདིའི་ཡིག་གཟུགས་དེ་མཐོང་འདོད་ན་དཔེ་ཆ་འདིའི་མཇུག་གི་ཡིག་གཟུགས་སྣ་ཚོགས་ཀྱི་དཔེ་རིས་ལ་གཟིགས་དང་མཁྱེན་པར་འགྱུར་རོ། །

  དེའི་རྗེས་སུ་སྲོང་བཙན་སྒམ་པོའི་དུས་ཀྱི་ཡིག་གཟུགས་ཁག་ཅིག་ལྷ་སའི་ཤར་རྒྱུད་འཇན་ཁོག་སྣང་ལྷ་ཁང་(ད་ལྟ་སྟག་རྩེ་རྫོང་ཁོངས་བཙུན་མོ་ཚལ་དགོན་པ)གི་བྲག་ལྡེབས་ངོས་སུ་བརྐོས་ཡོད་པ་དེའི་ནང་དོན་ནི་ཐོན་མིས་བཙན་པོ་སྲོང་བཙན་སྒམ་པོར་བསྟོད་པ་ཕུལ་བའི་སྙན་ཆི།ག་གི་ཡིག་ཕུད་དེ་ཡིན་ཞིང་། དེའི་ཡིག་ཕུད་ནི་"སྦལ་ནག་ན་ལ་བགྲད་འདྲ"ཞེས་གྲགས་པ་དེ་ནི་ཞང་ཞུང་ཡིག་རྒན་ལ་བཟོ་བཅོས་མཛད་པ་དེ་ཡིན་ནོ། །

   ༢ དེའི་རྗེས་སུ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྲས་བཙན་པོ་མང་སྲོང་མངབཙན་གྱི་དུས་སུ་ཡིག་གཟུགས་ལ་མཁས་པ་ཆ་ངར་རིན་ཆེན་འབར་ཞེས་པས་བྲིས་པའི་ཡིག་གཟུགས་ལ་"སོ་ཕག་གཤིབ་འདྲ"ཞེས་འབོད་སྲོལ་ཡོད།

   ༣ དེའི་རྗེས་སུ་བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་སུ་ཡིག་གཟུགས་ལ་མཁས་པ་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་"བྱ་ཕོ་འཇོལ་འདྲ་བ"ཞེས་འབོད།

   ༤ དེའི་རྗེས་སུ་བཙན་པོ་ཁྲི་ལྡེའི་གཙུག་བརྟན་གྱི་དུས་སུ་ཡིག་གཟུགས་མཁས་པ་དགེ་བསྙེན་དཀོན་མཆོག་དབང་ཟེར་བའི་ཡིག་གཟུགས་ལ་"ནས་སྔོན་པོ་ཕྱིང་དཀར་གྱི་སྟེང་དུ་བཀྲམ་པ་འདྲ་བ"ཞེས་འབོད།

   ༥ དེའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཡིག་གཟུགས་ལ་མཁས་པ་བྷེ་ཤོ་ཁྲམ་ཟེར་བས་བསམ་ཡས་ཀྱི་རྡོ་རིང་ཐོག་བརྐོས་པའི་ཡིག་གཟུགས་ལ་"མུ་ཏིག་བསྟར་ལ་བརྒྱུས་པ་འདྲ་བ"ཞེས་འབོད།

   ༦ དེའི་རྗེས་སུ་བཙན་པོའི་མུ་ནེ་བཙན་པོའི་དུས་སུ་ཡིག་གཟུགས་མཁས་པ་ཚེ་སྤོང་བྱང་ཆུབ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་"སྦུར་ནག་བགྲད་པ་འདྲ་བ"ཞེས་འབོད།

   ༧ དེའི་རྗེས་སུ་བཙན་པོ་མུ་ཏིག་བཙན་པོའི་དུས་སུ་ཡིག་གཟུགས་མཁས་པ་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པའི་ཡིག་གཟུགས་ལ་"ཉ་མོ་ཆུ་ནང་ནས་ཐོན་པ་འདྲ་བ"ཞེས་འབོད།

   ༨ དེའི་རྗེས་སུ་བཙན་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ཡིག་གཟུགས་མཁས་པ་གྲ་ཤོད་དམ་གྲ་རྒོད་རྣམ་གཉིས་ཀྱིས་བྲིས་པའི་ཡིག་གཟུགས་ལ་"སེང་གེ་གནམ་དུ་མཆོང་པ་འདྲ་བ"ཞེས་འབོད། འདི་དག་རིམ་པར་བྱུང་བ་རྣམས་ལ་སྣ་མ་ཞེས་མིང་གིས་བརྒྱན་པ་ཡིན་ཅིང་། གྲ་ཤོད་གཉིས་ནི་གྲ་སྐ་བ་དཔལ་བརྩེགས་དང་། ཤོད་པ་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱི་བསྡུས་མིང་ཡིན་པར་བཤད། གོང་གི་བྷེ་ཤོ་ཁྲམ་གྱི་མིང་ལ་ཤཱཀྱ་དཀོར་ཡང་འབོད་སྲོལ་ཡོད།དེ་ནས་དུས་རབས་དགུ་པའི་དཀྱིལ་ཙམ་ནས་དུས་རབས་བཅུ་པའི་མཇུག་བར་གྱི་ལོ་མང་པོའི་རིང་དུ་ཡིག་གཟུགས་མཁས་པ་འདི་བྱུང་ངོ་ཞེས་ལོ་རྒྱུས་ཐོག་མི་གསལ་ཞིང་། དུས་རབས་བཅུ་པའི་མཇུག་ཏུ་སྟོད་མངའ་རིས་དང་། མདོ་སྨད་བརྒྱུད་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་བསྐྱར་གསོ་བྱུང་སྐབས་ཡིག་གཟུགས་མཁས་པ་སྒྲོ་གཉའ་ཁྲི་ཟེར་བས་སྔར་གྱི་རྡོ་རིང་གི་ཡི་གེ་ལ་དཔེ་བྱས་ནས་ཡིག་གཟུགས་ལེགས་བཅོས་མཛད་པ་དེ་ལ་"བར་གསལ"ཞེས་འབོད་སྲོལ་ཡོད་དོ། །

   ༩ དེའི་རྗེས་སུ་རིམ་བཞིན་ཡིག་གཟུགས་མཁས་པ་ཤཱཀྱ་རྡོ་རྗེ། ཁྱུང་པོ་གཡུ་ཁྲི། སྣ་ནམ་ཞཅ་བཙུན། སུམ་པ་གནོད་བཞིན་སོགས་བྱུང་བར་མ་ཟད། ལྷག་པར་དུ་ཁྱུང་པོ་གཡུ་ཁྲི་བྱ་བའི་མཁས་པ་ཆེན་པོ་དེ་ལ་སློབ་མ་ཡིག་མཁན་བཅུ་གཉིས་བྱུང་བ་དང་། དེ་དག་གི་ཡང་སློབ་མཁས་པ་ཆེན་པོ་རོང་པོ་ཟེར་བ་སོགས་དུ་མ་ཞིག་བྱུང་ཡོད་དོ།།

ཁམས་ཀྱི་སྡེབ་བྲིས་བྱུང་ཚུལ་ནི། དུས་རབས་བཅོ་བརྒྱད་པའི་ནང་དུ་སྡེ་དགེ་རྒྱལ་པོ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་ནས། ཐོན་མི་གཉིས་པ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ཀྱིས་ཞུས་དག་མཛད་ཅིང་། པར་ཤིང་རྐོ་མཁན་དང། སྨྱུག་ཐོག་པ་དུ་མ་ཁམས་དབུས་ཨམ་གསུམ་ལས་བསྡུས་ཏེ། ལྗོངས་འདིར་བཀའ་བརྒྱུད་སྒར་བྲིས་སམ་ཀརྨ་སྒར་བྲིས་དང་དགའ་ལྡན་བྲིས་གསར་སོགས་བྲིས་རྒྱུན་དུ་མ་བྱུང་བ་རྣམས་ཡིག་ཐིག་དང་སྒོ་བསྟུན་ཏེ་ལེགས་ཆ་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་དབུ་ཅན་དང་དབུ་མེད་ཀྱི་འབྲི་ཚུགས་རང་རྐང་ཚུད་པ་ཞིག་དར་ཁྱབ་བྱུང་བ་འདི་ལ་དོན་ཐོབ་ཀྱི་མིང་ལ་སྡེབ་བྲིས་ཞེས་འབོད་ལ།ཡུལ་གྱི་མིང་གིས་སྡེ་བྲིས་ཞེས་གྲགས་པ་དེ་ཡིན་ཞིང་། དེའི་རྗེས་སུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དངོས་སློབ་ཀརྨ་ཚེ་དཔལ་གྱི་བྲིས་རྒྱུན་ལས་སྡེ་དགེ་བྲིས་གསར་རམ་ཀུ་སེའི་བྲིས་ཞེས་པ་བྱུང་། ཕྲན་གྱི་དབུ་མེད་ཀྱི་བྲིས་རྒྱུན་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དྲུང་ཡིག་ཚེ་རིང་གི་སློབ་མ་གཟན་དཀར་སྤྲུལ་སྐུའི་བྲིས་རྒྱུན་དེ་ཡིན་ནོ། །

ཡིག་གཟུགས་ཡག་པོ་སྦྱང་དགོས་པའི་རྒྱུ་མཚན།

   དེ་ཡང་རྗེ་བསྟན་དར་ལྷ་རམས་པའི་ཞལ་ནས་ཀྱང་། །རྩོམ་པ་ལེགས་ཀྱང་སུག་མི་འབྱོར་བ་ན། །དཔལ་རྩལ་ཆེ་བའི་དཔའ་བོ་ལག་རྡུམ་འདྲ། །ཞེས་དང་། འཇམ་མགོན་ཀོང་ སྤྲུལ་གྱིས། སྣག་ཤོག་སྨྱུ་གུ་མི་གཟབ་པར། །ཡི་གེ་གཟོབ་འདོད་ཡིག་མཁན་འཁྲུལ། ། ཞེས་དང་། འཇུ་མི་ཕམ་གྱིས།འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི། །དང་པོ་ཉིད་ནས་འདི་ལ་འབད་པར་གཅེས། ། ཞེས་དང་། མཁས་མཆོག་ཚེ་ཏན་ཞབས་དྲུང་གིས། ཡི་གེ་དག་སྙོམས་མཛེས་གསུམ་ལས། ། མ་དག་སྐྱེས་བུ་སྙིང་མེད་འདྲ། ། མི་སྙོམས་རྐང་ལག་འཁྱོར་བ་འདྲ། །མི་མཛེས་གོས་ངན་གྱོན་པ་འདྲ། །དག་སྙོམས་མཛེས་གསུམ་ཆ་གང་ཡང་། ། མི་ལྡན་ལམ་ཁར་བོར་བ་ཡི། །གོས་ཧྲུལ་ངན་པ་སྐྱུག་བྲོ་འདྲ། །དེ་ཕྱིར་སྔ་མ་སྔ་མ་གཙོ།།གསུམ་ཀ་འཛོམས་ན་བཞིན་མཛེས་པའི། །དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས། །ལུས་དང་ཡན་ལག་སྡུག་ན་སྡུག ། ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ། ། ཡི་གེ་སྦྱོང་འདོད་ཐོག་མ་རུ།  ། འདི་འདྲའི་ཚུལ་གྱིས་ལམ་ལ་བཀྲི།  ། ཞེས་གསུངས་པ་དང། ། དགེན་བློ་ཆོས་ཀྱིས། ཀ་ཁ་ཡི་གེ་འབྲི་ཀློག་ལ་མཁས་ན། །ཁ་དང་ལག་པ་ཡོད་པའི་དོན་གོ་ཆོད། ། ག་རུ་སོང་ཡང་ཀུན་གྱིས་གོང་དུ་བཀུར།ང་ཚོས་སྦྱངས་པའི་འབྲས་བུའི་གཙོ་བོ་ཡིན། །མཁས་མཆོག་དོར་ཞི་གདོང་དྲུག་སྙེམས་བློས། ། རི་མོ་རྣམས་ཀྱི་ནང་ནས་ཕུལ་བྱུང་བ། ། བརྗོད་དོན་གསལ་ལེར་མཚོན་པའི་ཡིག་རིས་ཏེ། ། མཛེས་དག་སྙོམས་གསུམ་བཀོད་ལེགས་བཟོ་རྩལ་དང་།  ། དོན་སྟོན་ཆོས་གཉིས་རིན་ཐང་ཁྱད་པར་འཕགས། །མི་རིགས་རིག་གནས་དར་རྒྱས་ཡིན་མིན་ནི། །སྐད་དང་ཡི་གེ་ཡོད་མེད་སྟེང་ནས་ཕྱེ། །རིག་གནས་སྤེལ་དང་གནས་པའི་ལག་ཆ་ཡང་། །ཡིག་རིགས་ལས་གཞན་ཐབས་ལེགས་ཡོད་མ་ཡིན། །རྩོམ་ལ་མཁས་ཀྱང་ཡིག་གཟུགསམ་ཡག་ན། ། ཁ་འཁྱོག་སྣ་རྡིབས་བུ་མོ་ན་ཆུང་བཞིན། ། དེ་ཕྱིར་རྩོམ་དང་ཡིག་གཟུགས་གཉིས་ཀ་ལ། ། ཡན་ལག་ཚང་བར་སྦྱོང་བ་གནད་དུ་ཆེ། །ཞེས་གསུངས་པ་ལྟར་ཤེས་པར་བྱ་དགོས་སོ། །

ཡིག་གཟུགས་ཀྱི་རྣམ་གྲངས།

    སྤྱིར་བོད་ཡིག་ལ་དབྱེ་ན་དབུ་ཅན་དང་དབུ་མེད་ཀྱི་དབྱེ་བ་ཆེན་པོ་གཉིས་མ་གཏོགས་མེད་ཀྱང་། དེ་དག་ལ་ནང་གསེས་ཀྱིས་དབྱེ་ན་མང་པོ་ཡོད་དེ། དཔེར་ན་དབུ་ཅན་གྱི་གཟུགས་ལ་དབྱེ་ན་ཁྱུང་པོ་གཡུ་ཁྲི་མ་བྱོན་སྔོན་དུ་དབྱེ་བ་བརྒྱད་ཙམ་གྱི་འགྱུར་བ་བྱུང་ཞིང་གཡུ་ཁྲིས་གཏན་འཁེལ་མཛད་རྗེས་ཤ་ག་གསརང་རུས་གཟུགས་གཉིས་སུ་གྱེས། དཔང་ལོ་ཙཱ་བའི་བྲིས་རྒྱུན་དབུས་བྲིས་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཤར་བྲིས་གཉིས་ལ་ཤ་གཟུགས་མ་ཞེས་འབོད་ཅིང་། ཁམས་ཕྱོགས་སུ་དར་བའི་སྡེབ་བྲིས་དང་། ཀརྨ་སྒར་བྲིས་གཉིས་ལ་རུས་བྲིས་ཞེས་ཡོངས་སུ་གྲགས་ལ། དབུ་མེད་ཀྱི་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་ནས་ཚུགས་རིང་དང་།  ཚུགས་ཐུང་།  ཚུགས་མ་འཁྱུག  འཁྱུག་ཆེན། འབྲི་ཚ་ལ་སྒོང་ཞབས་མ་དང་། ཚུགས་རིང་བ། ཞབས་རིང་བ།ཞབས་ཐུང་བ། དཔེ་ཚུགས་ལ་སེག་ཡོད་དང་། སེག་མེད། འབྲུ་ཚུགས།ཚུགས་ཐུང་། འཁྱུག་བྲིས།  གཞན་ཡང་ལུགས་སུ་བླུག་པའི་ཡི་གེ་དང་།འབུར་དུདོད་པའི་ཡི་གེ འཇམ་སང་གི་ཡི་གེ་རྐོས་པའི་ཡི་གེ ཚེམ་དྲུབ་ཀྱི་ཡི་གེ འཐག་བཏགས་པའི་ཡི་གེ ལངས་གཟུགས་ཡི་གེ་དང་ཡིག་གསར་སྣ་ཚོགས། གཏེར་ཡིག་སྣ་ཚོགས། བརྡ་ཡིག་སྣ་ཚོགས། ཡིག་རིགས་དྲུག་ཅུ་རྩ་བཞི་སོགས་གནའ་ནས་ད་བར་དུ་དབྱེ་བ་དུ་མ་ཞིག་བྱུང་ཡོད་པ་ཡིན་ནོ། །

ཡིག་གཟུགས་ཀྱི་འབྲི་ཐབས།

    དེ་ཡང་ཇི་སྐད་དུ། ཆ་ཚད་འབྲི་གཞི་སྣག་སྨྱུག་མཁས་པར་བསླབ། །གཙང་སྒྲོས་དག་པ་ཆེ་ཕྲ་ཀུན་ལ་གཅེས། ། གསུང་རབ་གཟབ་སོགས་གོ་རིམ་འཛོལ་མེད་འབྲི། ། ཡིག་རིགས་གཞན་པ་མཐའ་ཡས་སྤྲོ་མི་ལངས། ། ཞེས་གསུངས་པ་ལྟར་དུ་ཡིག་གཟུགས་འབྲི་སྐབས་ཐོག་མར་ཆ་ཚད་དང་དབྱིབས་ལ་བསླབ་པ་གལ་ཆེ་སྟེ། དེའང་སྲིད་གཞུང་ཡི་གེ་དང་ཆོས་ཀྱི་གསུང་རབ་མང་དུ་བྲི་བའི་ཡིག་མཁན་རྣམས་ལ་དབུ་ཅན། འབྲུ་མ་ཚེག་སྒྲིག ཟླུམ་རིས་རྣམས་བཟང་། དགེ་བའི་བཤེས་གཉེན་རྣམས་ལ་སུག་ཐུང་དང་གྲ་རིས་བཟང་། སྡེ་དཔོན་རྣམས་ལ་འབའ་ཧོ་དང་སུག་སྐོར་བཟང། སྐྱེ་བོ་གཞན་དག་ལ་འཕྲིན་ཡིག་བཟང་བར་བཤད་པ་ལྟར། མདོར་ན་རང་རང་ལ་གང་མཁོ་བ་དེ་ཉིད་ཁྱད་པར་དུ་སྦྱོང་བརྡར་བྱ་དགོས། བྲིས་ལ་བྱང་ནས་བྲི་བའི་སྐབས་སུ་འབྲི་གཞི་ཤོག་བུ་དང་འབྲི་བྱེད་སྣག་ཚ སྨྱུ་གུའི་བྱ་བ་རྣམས་སྔོན་གྱི་བསྟན་བཅོས་རྣམས་དང་ལག་རྒྱུན་ཁོངས་དག་ལས་འབྱུང་བ་བཞིན་དུ་གཟབ་ནན་གྱིས་མཁས་པར་བསླབས་ན། སྔོན་གྱི་མཁས་པའི་ལག་རྗེས་ལ་འགྲན་ཐུབ་པར་འགྱུར་རོ་ཞེས་ཀོང་སྤྲུལ་རིན་པོ་ཆེ་སོགས་ཀྱིས་གསུངས་སོ། །

མུ་འགོད།

阅读716
分享
写下您的评论吧