རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་ལགས་རྗེས་སུ་དྲན་པའི་ཡིག་གཟུགས་ཀྱི་མཆོད་པ།
"བདག་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྟག་གི་ལོ་(སྤྱི་ལོ་1914)ཧོར་ཟླ་བཅུ་གཅིག་པའི་ཡར་ངོ་ཞིག་ལ་ཁྱིམ་དེར་བཙས་ཟེར། དེ་སྐབས་ཨ་ལགས་བར་ཞིང་ཚང་ཟེར་བའི་བླ་མ་བགྲེས་པ། ལུང་བསྟན་ལ་ཐོགས་པ་མེད་པ་དགོན་གྲོང་ཀུན་གྱིས་ཚད་མར་འཛིན་པ་ཞིག་ཡོད། ཁོང་གིས་ང་རང་མ་སྐྱེས་པའི་སྐབས་ཁྱེད་ཚང་གི་ཁྱིམ་དུ་གོས་ཆེན་གྱི་འབོལ་གདན་སེར་བོ་ཞིག་བཏིང་། ཡོལ་བ་སེར་བོ་ཞིག་ཀྱང་བརྒྱབ་འདུག་པ་རྨིས་གསུངས་ཐལ་ཟེར། བདེན་པ་ཡིན་མིན་མི་ཤེས" ། "བདག་བྱིས་པ་ཡིན་དུས། གཟུགས་པོ་བདེ་མོ་ཞིག་ཡིན་སྟབས་ཁྱིམ་མཚེས་དང་བཟའ་མི་ཉེ་འབྲེལ་སོགས་ཀྱིས་གཅེས་ཤིང་པང་ནས་འཁུར་བ་ལས་གྱོས་ཀོ་སོགས་ཀྱི་ནང་དུ་ཉལ་མ་དགོས་འདུག མ་རྒན་གྱིས་ཁུར་ནས་མགོན་ཁང་ལ་སྐོར་བ་མང་བོ་བྱས། བྱིས་པའི་རྩེད་མོའི་སྐབས། འཆད་ཉན་སྒོམ་སྒྲུབ་བྱེད་པ་ཤ་སྟག་བརྩེས་པ་དྲན་འདུག ཅུང་ཟད་ནར་སོན་ནས་ཕྱུགས་འཚོ་བ་དང་། ཞིང་འདེབས་དུས་མཛོ་སྣ་འཁྲིད་པ། སྟོན་ཞིང་བརྔ་དུས་བམ་པོ་འགེལ་བ་སོགས་ཁྱིམ་ལས་གང་ཐུབ་བྱས། ལོ་བརྒྱད་དགུ་ཞིག་ལོན་དུས། མའི་ཕ་རྒན་ཨ་མྱེ་བསོད་དར་དང་། མའི་མྱིང་བོ་དཀོན་མཆོག་བདེ་ཆེན་གཉིས་ཀྱིས་བླ་མ་རྣམས་ལ་གསུང་བརྟག་ཞུས་པར་བུ་ཆུང་འདི་གྲྭ་བ་བྱེད་དགོས་གསུངས་ཟེར་ནས་གྲྭ་བ་བྱེད་རྒྱུ་བྱས"། "ང་རང་ཚོགས་སུ་ཞུགས་སྐབས་གྲྭ་བ་ལྔ་བརྒྱ་ལྷག་ཡོད། དགེ་བཤེས་བཟང་བོ་དུ་མ་དང་། སྐད་གྲྭ་བ་འདོན་རྟ་དབྱངས་ལ་མཁས་པ་དུ་མ་ཡོད། ཕྱག་སྐོར་དང་སྒོམ་སྒྲུབ་ཉམས་ལེན་ལ་འབད་མཁན་མི་ཉུང་བ་རེ་བཞུགས་འདུག ཁ་ཏི་སྐྱ་ཏི་སྤྱོད་ངན་ཅན་ཡང་འགའ་ཞིག་འདུག"
"ཨ་ཁུ་བློ་བཟང་བཀྲ་ཤིས་ཞེས་ཞུ་པའི་མཁས་པ་ཞིག་ཡོད། ཁོང་གི་མདུན་དུ་རྒྱུན་པར་སོང་ནས། ཡི་གེ་དཀར་ནག་དང་དག་ཡིག་སོགས་ཅུང་ཟད་སྦྱངས། ཁོང་ངན་སྔགས་དང་མཐུ་བྱད་སོགས་ལ་མཁས་པས་ཅུང་ཟད་རེ་བསླབས། གཏེ་བོ་འགའ་རེས་བདག་ལ་བརྙས་གཙེ་བྱས་པར། ཨ་ཁུ་བློ་བཟང་བཀྲ་ཤིས་ཀྱི་ངག་བཀོད་ལྟར་དམ་ཅན་བསྐུལ་བས་རྟགས་མཚན་མྱུར་དུ་ཐོན་ཏེ་ཁོ་རང་ཚོ་གྲྭ་ཚང་འདི་དང་ཁ་འབྲལ་དགོས་བྱུང"་།
"བླ་བྲང་གླིང་ནས་འཁྱམ་ར་སྟེ་འདུག་ས་ཁང་ཆུང་རེ་རྙེད་མོད། ཁང་བདག་ལ་གཡོག་བྱེད་དགོས་པས་དཔེ་ཆ་ལྟ་རྒྱུར་གནོད། དེའི་སྟབས་ཞང་བོ་བདེ་ཆེན་གྱིས་བདག་ལ་ཁང་ངན་ཞིག་ཉོས། དེར་བསྡད"།
"དེ་ནས་བླ་བྲང་བཀྲ་ཤིས་འཁྱིལ་དེར་རིགས་པ་སྨྲ་བའི་གྲས་སུ་ཆུད་ཙམ་ན། དམུ་དགེ་བསམ་གཏན་ཞེས་པའི་མིང་དེ། གྲྭ་ས་དེར་གྲགས་ཙམ་བྱུང་། ཕྱིས་སུ་ས་གཞན་དག་ཏུའང་མིང་དེ་ལྟར་འབོད་པ་བྱུང་ངོ"་།
"དེ་རྗེས་སྨོན་ལམ་ཆེན་མོའི་སྐབས། ཕ་ཡུལ་ནས་ཕ་རྒན་སླེབས་ཏེ་ད་ལན་ངེས་ཅན་དུ་ཕ་ཡུལ་ལ་ལན་ཅིག་འགྲོ་དགོས། ལོ་ངོ་དགུ་ལ་ཕ་ཡུལ་དུ་མ་སླེབས། མ་རྒན་གྱིས་ཁྱོད་དྲན་ནས་རྟག་པར་གདོང་མཆི་མས་གང་འདུག་ཟེར། ངེད་ཀྱིས་སློབ་གཉེར་གྱི་འཕྲོ་བསྐྱུར་ནས་འགྲོ་མི་འདོད། འོན་ཀྱང་ཡུལ་ཕྱོགས་དང་ཉེ་འབྲེལ་སོགས་ཀྱིས་ཁ་ཏ་བྱེད་པས་ཅི་བྱ་གཏོལ་མེད་དུ་གྱུར། ཨ་ཁུ་སྨོན་ལམ་ཚང་གི་མདུན་དུ་སོང་ནས་དེ་ལུགས་ཞུས་པས། རེ་ཞིག་ཅང་མི་གསུང་བར་གཟིགས་ནས་བཞུགས། དེའི་འཕྲོར་ཨ་ཧ་བོ་ངས་ཁྱོད་ལ་བར་ཆད་ཅིག་ཐོན་ཡོང་བསམ་གསུངས། དེ་ནས་ཕ་ཡུལ་དུ་མི་འགྲོ་ཀ་མེད་བྱུང་ནས་ལམ་བར་དུ་ཞག་ཉི་ཤུ་རྩ་གྲངས་འགོར"།
"དེ་ནས་སྙན་ངག་ཞིག་བསླབ་ན་རྩོམ་ཨེ་ཡོང་སྙམ་ནས། དབྱངས་ཅན་མའི་བསྟོད་པ་ཞིག་བརྩམས། གཞན་གྱིས་རྩོམ་ཡག་པོ་འདུག་ཟེར། ཡང་འཇམ་དབྱངས་དཀར་བོའི་བསྟོད་པ་ལེའུ་གསུམ་ཅན་ཞིག་བརྩམས། རྩོམ་ལ་དྲས་རྒྱག་མཁན་ངོ་ཤེས་ཤིག་ཡོད་པ་ལ་བསྟན་པས། ཡིག་སྐྱོན་འགའ་ཞིག་ཕུད་པ་ལས་རྩོམ་ལ་དྲས་རྒྱག་རྒྱུ་མ་རྙེད་འདུག དེ་ནས་ཀུ་རེའི་ཚུལ་གྱིས་རྩོམ་འབྲི་བ་དང་། ཡིག་བསྐུར་སོགས་ཚིགས་བཅད་དུ་སྡེབ་པ་མང་བོ་བྲིས་པས། རྩོམ་ཤར་ཤར་ཐོན་པ་ཞིག་བྱུང"་།
"བདག་གཞན་གྱི་ཁྱམས་ར་ཞིག་ཏུ་སྤོར་ཏེ་རིག་གནས་ལ་སྦྱངས་དགོས་ཤར་ནས། ཉིན་ཤིག་པྲ་ཕབ་མཁན་དེ་གདན་དྲངས་ནས། ངེད་ཀྱིས་མིག་འཕྲུལ་སོགས་སྒྱུ་མ་སྣ་ཚོགས་ཤིག་སློབ་འདོད་པས་ཇི་འདྲ་ཞེས་དྲིས་པས། ཟམ་པ་སྐེད་ཆད་ཅིག་བབ་འདུག་མི་བཟང་ཟེར། འོ་ན་རིག་གནས་ཤིག་བསླབ་ན་ཞེས་དྲིས་པས། རལ་གྲི་འོད་འཚེར་བ་ཞིག་བབ། ཤིན་ཏུ་ལེགས། འོན་ཀྱང་རལ་གྲིའི་རྩེ་ལ་སེར་ཁ་ཕྲ་མོ་ཞིག་འདུག་མོད། འཇམ་དབྱངས་ཆོས་རྗེའི་གསོལ་འདེབས་ཡོན་ཏན་དཀྱིལ་འཁོར་མ་བཏོན་ན་སྐྱོན་མེད་པ་ཤར་འདུག་ཟེར། ཡང་ངས་རིག་གནས་བསླབ་ན་ལས་འབྲེལ་ཡོད་སའི་སློབ་དཔོན་དེ་གང་ན་འདུག་དྲིས། ཚོགས་ཆེན་འདུ་ཁང་གི་ཤར་ཕྱོགས་སུ་ཡོད་ལ། དགུང་གྲངས་ལྔ་བཅུ་དྲུག་ཅུ་ཡར་མར་ཞིག་རེད། རྟོགས་པ་མཐོན་པོ་ཞིག་ཡིན་ཀྱང་། མཛད་འཕྲིན་ཆེས་ཆེར་རྒྱས་པར་སྟོན་གྱི་མེད་པ་འདྲ་སྟེ་པདྨ་ཆེན་པོ་ཞིག་གི་ནང་དུ། ཤེལ་གྱི་མཆོད་རྟེན་ཞིག་འདུག་སྟེ། པདྨའི་འདབ་མ་རྣམས་ཀྱིས་མཆོད་རྟེན་ཅུང་ཟད་བཏུམ་སྟེ་འདུག་ཟེར།"
"རྗེས་སོར་ངེད་ཀྱི་བསམ་པར། པཎྜི་ཏ་ཆེན་པོ་ལྷ་མོའི་ཚུལ་ཁྲིམས་རིན་པོ་ཆེ་གྲགས་ཆེའང་། དགུང་གྲངས་ཐོད་ཐུག་ཀྱང་གཟིམ་ཁང་ཚོགས་ཆེན་འདུ་ཁང་གི་ཤར་ཕྱོགས་སུ་མེད་པར་ཐོད་མི་ཐུག ཁོང་ཨ་ལགས་རྒྱ་ཞབས་དྲུང་རིན་པོ་ཆེ། དགུང་གྲངས་དང་ཚོགས་ཆེན་འདུ་ཁང་གི་ཤར་ཕྱོགས་སུ་ཡོད་པས་དེ་གཉིས་ཐོད་ཐུག་ཀྱང་མཛད་འཕྲིན་ཆེས་ཆེར་རྒྱས་པར་སྟོན་བཞིན་པ་ཡིན་ཏེ། ཚོགས་ཆེན་ཁྲིར་བཞུགས་ཡོད། དབང་བཀའ་ཆོས་རྒྱ་ཆེར་སྟོན་བཞིན་པས། ཐོད་མི་ཐུག་བསམ་ནས་གང་ཡིན་ངེས་པ་མ་རྙེད་ཕྱིས་ཚོགས་ལ་སོང་ནས་དུས་འཁོར་སྲིབ་གྲལ་ཞིག་ནས་དུས་འཁོར་བ་འགའི་གྲལ་མཐར་བསྡད། དེའི་ཉིན་གྲལ་གྱི་གྲལ་འགོར། གྲྭ་རྒན་དབུ་ཆེ་ཞིང་དབུ་སྐྲ་ཅུང་ཟད་དཀར་བ་ཞིག དེ་མཐོང་བ་ན་སེམས་དགའ་ཞིང་ཡིད་དང་བ་ཞིག་བྱུང་། མཉམ་དུ་ཡོད་པའི་དུས་འཁོར་བ་དེ་ལ། གྲལ་འགོའི་ཨ་ཁུ་དེ་སུ་རེད་ཅེས་དྲིས་པས་འོ་དེ་ཨ་ཁུ་ཨོཾ་འཁྱིམ་ཚང་ཟེར་བའི་མཁས་ཆེན་དེ་རེད"།
"རྗེས་སོར་བདག་སློབ་གྲྭ་དེའི་དགེ་རྒན་དུ་བསྐོས། དཔེ་ཆ་སློབ་གཉེར་བྱེད་རྒྱུ་ལ་གནོད་སྙམ་དུ་སེམས་སྡུག་ཆེན་པོ་བྱུང་། ཕྱག་མཛོད་དབལ་མང་ཚང་ལ་ཞུས་ནས་དགོངས་པ་ཞུས་ཀྱང་དགོངས་པ་མ་ལོན། ད་རྗེས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཁོང་གི་ཞལ་ནས། ཚོགས་འདུའི་ཐོག་གསུང་གནང་སྟེ། དེང་དུས་གསར་བརྗེ་ཟེར་བ་དེ་འཛམ་གླིང་འདིར་ཆུའི་རླབས་བཞིན་ཡོང་གིན་ཡོད། མི་རང་རང་འདྲ་བ་སྔོན་ལས་ཀྱི་དབང་གིས་ཁྲི་ཁ་གདན་ཁ་འདི་འདྲར་སྐྱེས་ན། ཡུལ་ཁམས་སྤྱི་བློས་གཏོང་ཉན་རྒྱུ་མ་རེད་བསམ་ནས། བསམ་པ་ཡར་བསམ། སྐུད་པ་ཡར་འཁེལ་བྱས་པ་ཡིན་ཡང་། ཐང་ན་གཉའ་ལ་རྐ་བརྐོས་དང་ཁ་འདྲ་འདྲ། མགོར་ཆུ་དྲངས་དང་ཁ་འདྲ་འདྲ་བཤད་ཀི་ཡོད་ནི་རེད། ཁྱེད་རྣམ་པ་སློབ་མ་ཚོ་ཡིན་ན་ཡང་། ངས་བརྒྱ་བོའི་གྱབ་ཀི་བསལ། བརྒྱད་པོའི་གྱབ་ཀི་བདམས་ནས། རིག་གནས་ཡག་པོ་རེ་ཨེ་སློབ་སྙམ་དུ་རེ་བ་བྱས་པ་ཡིན་པས། རེ་བ་ཅན་ལ་རེ་ཐག་ཅིག་མ་གཅོད། ཁོང་ཨ་ཁུ་བསམ་གཏན་ཡང་། ཆོས་འཇིག་རྟེན་གཉིས་ཀར་རྣམ་དཔྱོད་ཆེ་བ་ཡིན་གཤིས་དགེ་རྒན་དུ་བསྐོ་བཞག་བྱས་པ་ཡིན། ཁྱེད་རྣམས་ཀྱིས་ཀྱང་བརྩི་བཀུར་དང་གསུང་བརྩི་དགོས། ཞེས་སོགས་གསུངས"།
"བདག་ཆབ་སྲིད་ཀྱི་ཕྱོགས་ལ་རྒྱུས་མེད་ལ། ཡིག་ཚང་སོགས་དང་མི་ཆེན་དཔོན་ཆེན་ལ་སྐྲག་ཉམས་གུས་ཟོལ་སོགས་ཆེར་མི་ཤེས་མོད། ཁོང་ཐམས་ཅད་མཁྱེན་པ་བདག་ལ་ཐུག་ཤིན་ཏུ་དགྱེས་པས་གོང་འོག་གང་གི་ཡང་བཀའ་བཀྱོན་སོགས་བྱུང་མ་མྱོང"་།
"བདག་བླ་བྲང་དུ་ཟིང་ཆ་ཆེ་བས་འདུག་མི་འདོད་པ་བྱུང་། དགོན་པའི་ཚོགས་ཆེན་ཁྲི་རིན་པོ་ཆེ་སོགས་ལས་སྣེ་འགའ་ཞིག་དང་། རྫོང་གི་དཔོན་ཆེན་འགའ་ཞིག་གིས་ཀྱང་ཁྱོད་ལན་གྲུར་སོང་ནས་བྱ་བ་རེ་སྒྲུབ་ན་ཟེར་བ་བྱུང་། བདག་ཀྱང་རྣམ་གཡེང་ལ་གོམས་པའི་དབང་གིས་གྲོང་ཁྱེར་ཆེ་ས་རྣམས་སུ་ལྟད་མོར་འགྲོ་འདོད་སྐྱེས"།
"དེའི་ཤུལ་དུ་བདག་གི་རྩ་བའི་བླ་མ་རྣམས་ཀྱི་ནང་ནས། པཎ་ཆེན་ཤཱི་ལའི་མཚན་ཅན་ཏེ་ཨ་ཁུ་ལྷ་མོའི་ཚུལ་ཁྲིམས་ཚང་གཅིག་པུ་བཞུགས་ཡོད་སྟབས་ཁོང་ལ་ཞུ་དགོས་པ་བྱུང་སྟེ། བླ་མས་བཀའ་མ་གྲོལ་ན་བྱ་བཞག་འགྲོ་འདུག་གང་ཡང་ལམ་འགྲོ་མི་འོང་བས་ཕོ་ཚོད་བསྐྱེད་དེ་ཞུས་པ་ན། ཞལ་ནས་འགྲིག་གི་ཁྱོད་རྒྱ་ནང་དུ་སོང་ན་ཕན་ཙ་གེ་ཙིག་གེ་ཐོགས་ཡོང་གསུངས་ནས་བཀའ་གྲོལ། རྗེས་སོར་སྐུ་མདུན་དུ་བཅར་སྐབས། ཡང་ཞལ་ནས་ཁྱོད་རྒྱ་ནང་དུ་སོང་ན་དགེ་བཤེས་ཤེས་རབ་རྒྱ་མཚོའི་མདུན་ནས་སྔགས་ཤིག་ཁྲིད་ཨེ་ཐུབ་ལྟོས། ཁོང་ནི་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་ཞེས་ཡོན་ཏན་མང་བོ་བརྗོད་པ་དང་། ཚེ་རབས་དྲན་པའི་མངོན་ཤེས་ཡོད་ཚུལ་རྒྱས་པར་གསུངས། ཁོང་གིས་དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་ལ་བཅོལ་དམ་གྱིས་ཕྱག་ཡིག་ཀྱང་བསྐུར"།
"དེ་ནས་རླངས་འཁོར་ལ་བསྡད་ནས་ལན་གྲུར་སླེབས། དགེ་བཤེས་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་ཡང་དེ་གར་ཕེབས་འདུག་པས་ཞལ་མཇལ། ཚུལ་ཁྲིམས་ཀྱི་ཡི་གེ་བསྐུར་ཏེ་སློབ་མ་ཞིག་བཅོལ་དམ་བྱས་ཡོད་པ་དེ་ཁྱོད་ཨེ་རེད་གསུངས། རེད་ལགས་ཞུས་པས་དེ་ནས་བཟུང་ནང་མི་ལྟ་བུར་གྱུར"།
"རབ་རྒྱལ་ལྕགས་སྟག(སྤྱི་ལོ1950)ལོ་རང་ལོ་སོ་བདུན་ཐོག་དགེ་བཤེས་རིན་པོ་ཆེ་དང་ཞིན་ཅང་གི་དཔོན་ཁ་ཤས་དང་མཉམ་དུ་གནམ་གྲུར་བཞུགས་ནས་པེ་ཅིན་དུ་སོང་། ཐོག་མར་དགེ་བཤེས་རིན་པོ་ཆེ་སོགས་དང་། ངེད་ཀྱང་མགྲོན་ཁང་སྣེ་ལེན་ཁང་དུ་བསྡད"།
"བདག་རིག་གནས་ལ་དགའ་བས་སློབ་གྲྭ་ཞིག་ཏུ་སོང་ནས་རྒྱ་ཡིག་དང་དབྱིན་ཡིག་ཅིག་སློབ་སྙིང་འདོད། འོན་ཀྱང་དབྱང་ཅིན་རིན་གྱིས། ཁྱོད་ལས་བྱེད་པ་བྱས་ན་ངེད་ཅག་ལ་མཁོ། ད་དུང་སི་ཁྲོན། ཤས་ཁམས། བོད་ལྗོངས་རྣམས་བཅིངས་འགྲོལ་མ་བཏང་། བོད་ཡིག་གི་ལས་དོན་གལ་ཆེ་ཟེར་བྱུང་། དགེ་བཤེས་རིན་པོ་ཆེས་ངེས་པར་ཁས་ལོངས། ལས་བྱེད་པ་བྱས་ནས་བསྟན་འགྲོའི་དོན་ཅི་ནུས་རེ་བྱེད་དགོས་གསུང་སྟབས་ཁས་བླངས་ནས། མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཁང་གི་སི་བཞི་ཡོད་པའི་གསུམ་པའི་ནང་དུ་སྤོར། དེ་གར་རྡོ་རྗེ་ཚེ་བརྟན། ཕུན་བཀྲ་སོགས་ཡོད་པས་སྟབས་བདེ་བྱུང་། དེ་གར་ཡིག་བསྒྱུར་བ་ཕུན་བཀྲ་དང་། རྒྱ་མི་ཁ་ཤས་ཡོད། ཧང་མེན་ཤན་བསོད་ནམས་རྒྱ་མཚོ་ཡང་ངེད་ཀྱིས་གོང་ལ་ཞུས་ནས་ལས་ཁུངས་དེ་གར་བཀོད་སྒྲིག་བྱས། དེར་མི་དམངས་བརྙན་པར་སོགས་ཡི་གེ་བསྒྱུར་བ་དག་ལ་ཞུས་དག་བྱས་ནས་བསྡད"།
"ང་ཕོད་སོགས་བོད་ཀྱི་འཐུས་མི་རྣམས་རྒྱ་གར་ནས་ཆུ་ཐོག་བརྒྱུད་པེ་ཅིན་དུ་འབྱོར་ཏེ་བོད་ཞི་བའི་བཅིངས་འགྲོལ་གྱི་ཆིངས་ཡིག་དོན་ཚན་བཅུ་བདུན་པ་ཐག་བཅད། ཆིངས་ཡིག་པར་ཞུས་ཀྱི་ལས་དོན་ལའང་ཞུགས་དགོས་བྱུང"་།
"རབ་རྒྱལ་མེ་མོ་བྱ(སྤྱི་ལོ1957)ལོ་རང་ལོ་ཞེ་བཞིའི་ཐོག་ཁྲིན་ཏུའུ་རུ་གཡས་ལྷུང་པར་ངོ་རྒོལ་བྱེད་པའི་ཚོགས་འདུར་ཞུགས་དགོས་བྱུང་། འོན་ཀྱང་ཆོས་ལུགས་བཅོས་བསྒྱུར་མ་བྱས་སྟབས་གཟན་ཤམ་གྱོན་ནས་བཙུན་ཚུགས་བཟུང་ཞིང་རྒྱ་སྐད་མི་གོ་བའི་རྣམ་པ་བསྟན་པས། རང་གཞན་གང་ལའང་ངན་སྨྲས་བྱེད་མ་དགོས"།
"རང་རྒྱལ་ས་ཕོ་ཁྱི(སྤྱི་ལོ1958)ལོ་རང་ལོ་ཞེ་ལྔའི་ཐོག་སླར་ལྷ་རྒྱལ་གླིང་དུ་འོང་། ལོ་དེའི་ཟླ་བརྒྱད་པའི་ནང་རང་སྐྱོང་སྲིད་གཞུང་འབར་ཁམས་སུ་སྤོས་སྟབས་བདག་ཀྱང་འབར་ཁམས་སུ་སྤོས། དེ་སྐབས་ཤིག་རྨི་ལམ་དུ་དུག་སྦྲུལ་ཆེན་པོ་ཕུ་ཐུང་ཙམ་ཞིག་ཡོད་པ་སྒེའུ་ཁུང་ནང་ནས་ཡོང་སྟེ། ངའི་མགོ་ཁ་ནང་དུ་བཅུག ངའི་ལག་ཏུ་གྲི་གུག་ཅིག་ཡོད་པས་དེས་ཁོའི་ཁ་ཤ་སོགས་གཤགས་ཏེ་མགོ་ནས་བཀོག ཁོ་གར་སོང་ཆ་མེད་དུ་གྱུར། ནུབ་ཅིག་ཡང་སྦྲུལ་ཆེན་པོ་འདོམ་གསུམ་བཞི་ཙམ་ཡོད་པ་ཞིག་འོང་བར། ངའི་ལག་ཏུ་གྲི་ཐུང་ཞིག་དང་ཐོ་བ་ཞིག་ཡོད་པས་གྲི་ཐུང་སྐེར་བཞག་ནས་ཐོ་བས་བརྒྱབ་པ་སྐེ་བཅད་ནས་ས་ལ་ལྷུང་། བལྟས་པས་ཤིང་གིས་བཟོས་པ་ཞིག་ཡིན་འདུག་པ་རྨིས། དེ་ཕྱིན་ཀླུ་སྐྱོན་སོགས་ཀྱིས་མི་ཐུབ་པ་ཞིག་བྱུང་སོང་སྙམ། དགོན་པ་ཐམས་ཅད་བཅོས་བསྒྱུར་བྱས་པའི་གཏམ་དག་ཐོས་ཤིང་། གསར་འགྱུར་ཐོག་ནས་ཀྱང་མཐོང་ཐུབ། ཟླ་བཅུ་བ་ནས་བཀས་བཀོད་རྒྱུད་འཛིན་ཀྱི་རྔ་མ་གཅོད་དགོས་ཞེས་པའི་ལས་འགུལ་ལངས། ཟླ་ངོ་གསུམ་ལ་ལས་འགུལ་བྱས། གཟན་ཤམ་གྱོན་བཞིན་ཚོགས་འདུར་ཞུགས་མོད། ལས་ཀའི་བསྒྱུར་བཀོད་པའི་གྲངས་སུ་འགྲོ་མ་དགོས"།
"རབ་རྒྱལ་ས་མོ་ཕག(སྤྱི་ལོ1959)ལོ་རང་ལོ་ཞེ་དྲུག་ཐོག་ལུགས་རྙིང་གི་ལོ་སར་ནས་གཟན་ཤམ་མི་འཕུད་ཀ་མེད་བྱུང་། ལོ་དེའི་སྤྱི་ཟླ་ལྔ་བར་པེ་ཅིན་དུ་རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་མའོ་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་དེབ་དང་བོ་བསྒྱུར་བར་ཞུས་དག་བྱེད་དུ་ཤོག་ཟེར་དེར་སོང་། རྗེས་སུ་ཚེ་ཏན་ཞབས་དྲུང་ཚང་ཕེབས། ཁང་མིག་གཅིག་གི་ནང་དུ་མཉམ་དུ་བསྡད། ཁོང་ཐུགས་རྒྱུད་འཇམ་ཞིང་བོད་རང་གི་རིག་གནས་ལ་ཤ་ཞེན་ཆེ་བས་ངེད་གཉིས་ཡིད་མཐུན་པོ་བྱུང་སྟེ། ཟ་མ་ཟ་བ་དང་། འཁྱམས་འཁྱམས་ལ་འགྲོ་བ་སོགས་མཉམ་འགྲོ་མཉམ་འདུག་བྱས་པས་སྐྱིད་པོ་བྱུང"།
"རབ་རྒྱལ་ལྕགས་མོ་གླང་(1961)ལོ་དང་། ཆུ་ཕོ་སྟག་(སྤྱི་ལོ1962)ལོ་རང་ལོ་ཞེ་དགུའི་ཐོག་སུའུ་ལེན་བཟོ་བཅོས་རིང་ལུགས་ལ་དགག་གཏོང་གི་ལས་འགུལ་ཆེན་པོ་ལངས། ཉིན་བཞིན་དགག་གཏོང་ཚོགས་འདུ་འཚོགས། མི་རྣམས་ལ་མུ་གེའི་སྐྲང་ནད་བྱུང་། ལྟོགས་གྲིར་ཤི་བའང་ཡོད" །
"སྤྱི་ཟླ་བཅུ་བར་དམར་སྲུང་དམག་ཅེས་པས་ཁུལ་སྲིད་གྲོས་ཁང་ནས་ངེད་ཅག་མི་ལྔ་བཟུང་ནས་བཅའ་ལག་ཡོ་བྱད་ཐམས་ཅད་འཕྲོགས། ཁྲོམ་སྐོར་ལ་ཁྲིད་འཐབ་རྩོད་བྱས་མོད། སེམས་ལ་སྡུག་བསྔལ་མ་མྱོང་། འཁོར་པའི་ཉེས་དམིགས་ཅུང་ཟད་རེ་སྒོམ་ཁུལ་བྱས། སྔར་ལམ་རིམ་བློ་སྦྱོང་སོགས་ལ་བལྟས་པ་ཅུང་ཟད་ངོ་འཕྲོད་པ་བྱུང"་།
"ཁྲོམ་སྐོར་ལ་འགྲོ་བའི་སྐབས། ཆོས་གོས་སྣམ་སྦྱར་གྱོན་དུ་བཅུག རི་ཁྲོད་ཞྭ་ཅིག་ཅིག་མགོ་ལ་བསྐོན། རྒྱབ་ཏུ་འཇམ་སྡུད་བཟང་གསུམ་གྱི་དཔེ་ཁུར་དུ་བཅུག ཕྲག་པ་གཡས་གཡོན་དུ་བཀའ་གདམས་གླེགས་བམ་ཀྱི་ཤོག་གྲངས་ཁ་ཤས་རེ་བཏགས། ལག་ཏུ་འཕྲེང་བ་ཞིག་དང་ཇོ་བོའི་རྣམ་ཐར་ཆེན་པོའི་དུམ་བུ་ཞིག་བཞག་ནས། ཁ་འབོད་སྣ་ཚོགས་འུར་དིར་གྱི་ངང་དུ་དེད། ངེད་ཀྱི་སེམས་ལ་དགའ་སྣང་ཞིག་སྐྱེས་ཏེ། མགུར་ཞིག་འཐེན་འདོད་ནས། ལུས་ལ་ངུར་སྨྲིག་གི་གོས་ཤིག་གསོལ། །བཀའ་གདམས་གདམས་ངག་གི་རྒྱན་ཞིག་གསོལ། ། ལག་ཏུ་བཀའ་གདམས་ཀྱི་གླེགས་བམ་གཏད། ། མགོ་ལ་སྣེ་རིང་གི་ཞྭ་ཞིག་བསྐོན། །ཨེ་མ་དེ་རིང་གི་སྐྱིད་པ་ལ། ། ཞེས་སོགས་གང་ཤར་ཐོལ་བྱུང་དུ་སྨྲས་པ་དང་། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང་། །བདག་གི་བདེ་དག་གཞན་ལ་བཏང་བ་ཡིས། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་ཁོ་ཚོའི་ཁ་འབོད་དང་སྦྲགས་ནས་སྐད་གསང་མཐོན་པོས་བསྒྲགས་པས། སྐབས་འགར་ཁོ་ཚོས་མི་ཐོས། སྐབས་འགར་ཐོས་ཀྱང་རྒྱ་མི་ཚོས་དོན་མི་གོ་བར། འདིས་ལོག་སྤྱོད་ཀྱི་ཁ་འབོད་བྱེད་ཀི་ཡོད་པ་འདྲ་ཟེར་ནས། བོད་ཕྲུག་ཀླད་མེད་རེ་ཁྲིད་འོང་ནས། འདིས་ཅི་ཟེར་ཉོན་ཟེར་མོད་དེ་དག་ཀྱང་རྒྱ་མི་དང་འདྲ་བར་ཅི་ཟེར་ཧ་གོ་གི་མི་འདུག"
"ཟླ་གཅིག་ཙམ་ནས། རྫི་འགག་འབོ་གྱོའི་ཁོག་ཏུ་དམ་པོ་ཏོས་ཟེར་བའི་རུ་ཁག་སྔོན་ཐོན་གྱི་ནང་དུ་ཞིང་ལས་ལ་དེད། དེ་གར་ལས་ཀ་ལྕི་ཞིང་ཐོག་མར་ཟས་ཀྱིས་མི་འདང་བས་དཀའ་ངལ་བྱུང་། རྟ་ཤ་སོགས་ལག་ཏུ་གང་བྱུང་ཟ་དགོས་བྱུང་། ཕ་ཡུལ་ནས་སྲིང་མོ་ཆེ་བས་སྒོར་ཉི་ཤུ་བསྐུར་བ་འཕྲོད་པས་སྲོག་འཚོའི་གསོས་སྨན་དུ་གྱུར"།
"ཡང་འགའ་ཞིག་གིས་བདག་ལ་གླེང་འགེལ་གྱི་བསམ་འཆར་མང་བོ་ཞིག་བཤད། འགོ་ཁྲིད་པ་འགས་ཁྱོད་ཀྱིས་ཁས་ལེན་དགོས། མ་བླངས་ན་ནག་ཉེས་ཇེ་ཆེ་ཡིན་ཟེར། བདག་ལ་སེམས་དཀར་བ་འགའ་ཞིག་གིས་ཀྱང་ཁས་ལེན་དགོས་མ་བླངས་ན་མི་བཟང་རྒྱུ་རེད་ཟེར། ཅི་བྱ་གཏོལ་མེད་དུ་གྱུར་ཡོད་སྐབས། ནུབ་ཅིག་རྨི་ལམ་དུ་དགེ་རྒན་རིན་པོ་ཆེ་ཡོངས་འཛིན་ཐམས་ཅད་མཁྱེན་པ་ཕེབས་ནས། གཞན་གྱིས་ཅི་བཤད་ཐམས་ཅད་ཁས་མ་ལེན། ལིན་ཙོང་མེན་གྱིས་ཀྱང་ཅི་བཤད་ཁས་བླངས་པས་གཡས་ཕྱོགས་པའི་ཞྭ་གྱོན་དགོས་བྱུང་གསུངས་པ་རྨིས། ཡི་གེ་བྲིས་ཏེ་དེ་དང་དེ་ངས་མི་དྲན་ཞེས་ཕུལ་བས་སྐྱོན་མ་བྱུང"་།
"རབ་རྒྱལ་ཆུ་མོ་གླང(སྤྱི་ལོ1973)ལོའི་ཧོར་ཟླ་གསུམ་པ་རང་ལོ་དྲུག་ཅུའི་ཐོག་བཅིངས་གྲོལ་ཐོབ་སྟེ། སྔར་གྱི་ཕོག་སྐལ་བཀག་བསྡམས་བྱས་པ་དང་། སྔར་བཅའ་ལག་འཕྲོག་ལེན་བྱས་པའི་རིན་འབབ་བཅས་ཁྱོན་བསྡོམས་སྒོར་ཁྲི་གཅིག་དང་སྟོང་གསུམ་བྱིན་པ་དང་ལག་འདོགས་ཆུ་ཚོད་སོགས་དངོས་རྫས་ཁ་ཤས་ཕྱིར་སློག"
"སྔར་སྤྱི་ལོ1959ལོར་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གི་ནང་དུ་མའོ་ཙེ་ཏུང་གསུང་རྩོམ་སློབ་སྦྱོང་འཛིན་གྲྭ་ཟེར་བ་ཞིག་བཙུགས་ནས་བོད་ཡིག་བཅོས་བསྒྱུར་བྱེད་དགོས་ཟེར་ནས། བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དཀྲུགས་ཏེ་ཅི་མིན་འདི་མིན་ཞིག་བཟོས། "གནད་བསྡུས"ཟེར་བ་ཞིག་བསྒྲིགས་ཏེ་རྒྱལ་ཡོངས་ཀྱི་བོད་ས་ཁུལ་ཡོད་དོ་ཅོག་ཏུ་བཀྲམ། བོད་ཡིག་གི་ཚགས་པར་དང་དུས་དེབ་ཐམས་ཅད་རྒྱ་སྐད་དང་བོད་སྐད་གང་ཡིན་མི་ཤེས་པ་ཞིག་ཏུ་གྱུར་། "གནད་བསྡུས"དེའི་རྗེས་སུ་འབྲངས་ནས་སུམ་རྟགས་ཤིག་ཀྱང་བརྩམས་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་ཡང་བཏབ། དེ་ལ་དགག་པ་ཞིག་བརྩམས་ཡོད་པ་མཇུག་ཅུང་ཟད་མ་གྲུབ་ཀྱང་གང་ཚར་བ་དེ་ཁོ་ཚོ་ལ་བསྟན་ནས། ལན་ཁྱེར་ཤོག་ཅེས་དགག་ཡིག་ཁོ་ཚོའི་ལག་ཏུ་བཞག འོན་ཀྱང་ལན་ཚིག་གཅིག་ཀྱང་མ་འོང"་།
"བསམ་འགྲུབ་དང་སྨོན་ལམ་གཉིས་ཁྲིད་ནས། ངེད་ཅག་གི་རང་སྐྱོང་ཁུལ་བརྒྱུད་དེ་ཁྲིན་ཏུའུ་རུ་སོང་། བོད་རྒྱ་ཚིག་མཛོད་ཆེན་མོ་བཟོ་རོགས་བྱས། ཆོས་ཀྱི་ཐ་སྙད་སྟོང་དྲུག་ཙམ་ཞིག་བཟོས་མོད། རྗེས་སོར་ཆ་ཚང་མ་བཞག་ལ་བཞག་པའང་འགྲེལ་ལོག་ཁ་ཤས་ཀྱང་ཡོད་ཚོད་འདུག"
"རབ་རྒྱལ་ལྕགས་ཕོ་སྤྲེལ(སྤྱི་ལོ1980)ལོ་རང་ལོ་རེ་བདུན་ཐོག་སྤྱི་ཟླ་དང་བོར་པེ་ཅིན་དུ་མི་རིགས་གྲངས་ཉུང་སྐད་ཡིག་གི་ཚན་རིག་གྲོས་བསྡུར་དུ་ཞུགས། ཉིན་བཅུ་གཉིས་རིང་ལ་རྩོད་གླེང་བགྱིས་མཐར"གནད་བསྡུས"ཟེར་བ་ཡིག་ལོག་ཡིན་པར་ཐག་བཅད། དེ་ནས་རིམ་གྱིས་གསར་འགྱུར་དང་དུས་དེབ་ཐམས་ཅད་བོད་རང་གི་རིགས་པའི་གཞུང་ལུགས་ཐོག་ཏུ་བབ། བོད་རང་གི་རིག་གནས་ཀྱི་རྨང་གཞི་ལ་གནོད་སྐྱོན་ཆེན་པོ་བྱུང་གིན་ཡོད་པ་ལེགས་པར་བསལ་བས་ཕན་པ་ཆེན་པོ་བྱུང་ངོ"་།།
"གནད་བསྡུས'ཀྱི་དགག་ཡིག་མཐའ་དཔྱད་ཟེར་བ་དེ་བོད་རྒྱ་ཚིག་མཛོད་ཁང་གིས་སྣུམ་དཔར་བརྒྱབ་ནས། ཚིག་མཛོད་ཁང་གི་ལས་བྱེད་པ་ཡོངས་ལ་ཚར་གཅིག་ཁྲིད། རྔ་བ་ནས་སྣུམ་དཔར་ཞིག་བརྒྱབ། རྗེས་སོར་ལྷ་ས་ནས་སྣུམ་དཔར་པར་ཐེངས་གཉིས་བརྒྱབ། ཀན་ལྷོ་གསར་འགྱུར་ཁང་ནས་ཀྱང་དཔར་ལེགས་པོ་ཞིག་བརྒྱབ། ས་ཁྱབ་རྡོ་ཁྱབ་བྱུང་། པེ་ཅིན་ནས་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ཡི་གེ་འབྱོར་ཏེ། བསྔགས་བརྗོད་ཀྱི་བསྟོད་ཚིག་སོགས་བྱུང"་།
"དེ་ནས་སྤྱི་ཟླ་བཅུ་བར་འབར་ཁམས་སུ་ལོག དེ་ནས་སླར་བུན་ཅང་ཀྲོང་ཆུས་སུ་སོང་སྟེ་ཀྲུང་གོ་བོད་ཀྱི་ལོ་རྒྱུས་ཀྱི་གཞུང་ལུགས་གྲོས་བསྡུར་གྱི་ཚོགས་འདུར་ཞུགས། ཚོགས་ཆེན་ཚོགས་ཆུང་ཐོག་ཏུ་གཏམ་རུས་པ་ཅན་བཤད"།
"ཧོར་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་མིག་གཤག་བཅོས་བྱེད་གྲབས་བྱས་ཀྱང་བཟི་ཁབ་རྒྱག་སྐབས་ཁྲག་བྱུང་ནས་གཤག་བཅོས་བྱེད་མ་ཐུབ། དེ་ནས་རེ་དོགས་མང་བོ་སྐྱེས་ནས། ལྷ་མོའི་ཤོ་མོ་ཁ་ཤས་འཕངས་པ། བཅུ་གསུམ་དང་དགུ་ཤ་སྟག་བབ། འོན་ཀྱང་རྨི་ལམ་གསལ་བོ་རེ་ཨེ་ཐོན་རེ་བ་བྱས། ནུབ་ཅིག་ནམ་ལངས་ཁར་གཉིད་མ་སད་ཀྱི་ངང་ལ། མི་ཞིག་གིས་ཡང་ལ་ཞིག་སྒྲོན་ནས་ང་ལ་བྱིན་པས། ངས་ཉལ་གུར་གྱི་རས་འཚིག་རྒྱུར་དོགས་ནས་མདུན་འཇོག་ཐོག་འཇོག་དགོས་བསམ་པ་རྨིས། ཡང་དམུར་དགོན་གྱི་དགེ་བསྐུལ་དང་མཉམ་དུ་དཔེ་ཆ་ཞིག་ཞུ་དག་བྱེད་ཀྱིན་འདུག་པ་མིག་གིས་གསལ་བོར་མཐོང་བ་རྨིས། ཡང་འགའ་ཞིག་ལ་དཔེ་ཁྲིད་བྱེད་པ་ལ། དཔེ་དེ་ཉིད་རྒྱུག་བྲིས་ཆུང་ཆུང་ཞིག་ཡིན་ཀྱང་མཐོང་བ་སོགས་རྨིས་པས། གཤག་བཅོས་འགྲུབ་རྒྱུ་རེད་སྙམ། ཧོར་ཟླ་ལྔ་བའི་ཚེས་ཉེར་བདུན་ལ་ཀྲང་ཡན་ཀྲང་གིས་མིག་གཤག་བཅོས་བྱུང་། བདེ་ལེགས་ངང་འགྲུབ་པ་བྱུང་། དེའི་རྗེས་སོ་གཉིས་བཙུགས། ཤེལ་མིག་བཟོས། ཤེལ་མིག་གྱོན་པས་མིག་གིས་གསལ་བར་མཐོང་བ་བྱུང"་།
"བླ་བྲང་དུ་སྡོད་སྐབས་ཟས་མ་འཕྲོད་པ་ལྟ་བུའི་ནད་དྲག་པོ་ཞིག་བྱུང་། རྒྱ་སྨན་བོད་སྨན་གང་གིས་ཀྱང་ཕན་པ་མ་བྱུང་། ཟ་མ་ལ་ཡི་ག་ཆད། དེ་མཚུངས་རྨི་ལམ་དུ་མི་ཞིག་གིས་རྟ་དཀར་བོ་ཞིག་ཁྲིད་འོངས་ནས་ད་འགྲོ་ཞེས་རྟ་གོང་དུ་བསྐྱོན་པ་རྨིས་པ་དང་། གཞན་གཤིན་པོ་ཁ་ཤས་དང་འཕྲད་པ་རྨིས་པ་སོགས་ལ་བརྟེན། སེམས་ལ་ད་ཚེ་ཟད་ཡོད་རྒྱུ་རེད་བསམ་ཞིང་རྗེས་སོར་བླ་བྲང་དགོན་འདིར་ཡོང་ཨེ་ཐུབ་མི་ཤེས་སྙམ་ནས་བཀའ་ཆོས་གང་ཞུས་ཐམས་ཅད་ན་བ་བསྲན་བཟོད་བྱས་ཏེ་ཚང་མ་བཏོན། དེ་མཚུངས་དགེ་སྦྱོར་དཔེ་ལྟས་སོགས་ལ་འབད་ཅི་ཐུབ་བྱས། སྡུག་བསྔལ་མེད་ན་ངེས་འབྱུང་མེད། །ཅེས་གསུངས་པ་ལྟར་ངེས་འབྱུང་སྤུ་སུད་རེ་སྐྱེས་བྱུང་། བླ་བྲང་དགོན་འདིར་བཀའ་ཆོས་སོགས་ཉག་ཕྲ་བར་འདུག་པས། བཀའ་ཆོས་གང་གི་སྐབས་སུ་ནང་སེམས་ལ་བསྐོར་ནས་བཤད་ཅི་ཐུབ་བྱས། ལུས་ཁམས་མ་བདེ་ཡང་བཀའ་ཆོས་དགའ་རབ་ཅིག་འདོན་ཐུབ་སོང་། ཡོང་དོན་ཞོག་སོང་སྙམ་དུ་བློ་བདེ་འབོལ་གྱིས་སོང"་།
"ཚེས་བཅུ་བཞི་ཉིན་གསོལ་བ་ཆུ་ཐིགས་ཙམ་ཡང་མ་བཞེས། ཡང་ཚ་བསླབ་གསུམ་རྒྱ་མཚོར་ང་ལ་སྤྲུལ་སྐུ་བླུ་མི་དགོས་ཞེས་ཨ་ནེ་བདེ་མཆོག་སྐྱིད་ལ་བཤད་ཡག་གྱིས་གསུངས"།
"ཧོར་ཟླ་གསུམ་པ་ཕྱི་མ་ཤོལ་ཟླའི་ཚེས་བཅོ་ལྔ་(སྤྱི་ལོ1993ཟླ5ཚེས6)སྟེ་ནག་ཟླའི་ཉ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་དང་ཤེར་མདོ་གསུངས་པའི་དུས་ཆེན་ཉིན། རེས་གཟའ་ཕུར་བུ་རྒྱུ་སྐར་ས་རི།ནམ་ལངས་ཀྱི་དུས་སུ་ད་ལྟའི་དུས་ཚོད་བདུན་དང་སྐར་མ་ཉེར་ལྔའི་ཐོག་སྤྱན་གྱིས་ཧྲིག་གེར་ཅུང་ཟད་གཟིགས།དེ་ནས་བཙུམ་པ་དང་མཉམ་དུ་སེང་གེ་ཉལ་སྟབས་ཀྱིས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་པའི་ཚུལ་བསྟན་ནས་བདག་སོགས་རྟག་འཛིན་ཅན་རྣམས་ཆོས་ལ་བཀོད་ཕྱིར་དེ་ལྟར་གནང"།