དབུ་མེད་ཀྱི་གནས་བབས་ནི་གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱིས།“བསྟན་པ་ཕྱི་དར་གྱི་དུས་སྟོད་ཙམ་དུ་འབྲུ་ཚ་ལས་མཆེད་པའི་ཚེག་བསྒྲིགས་སམ་གོ་བསྒྲིགས་ཞེས་འབོད་པའི་དབུ་མེད་ཡིག་གཟུགས་ཀྱི་འབྲི་རྒྱུན་གསར་བ་ཞིག་དར”17ཞེས་པ་དང་བྱེད་ནུས་ཀྱི་ཐད་དུ“ཡིག་གཟུགས་སྤྱོད་ཡུལ་ཐད་ལའང་རིམ་པས་དབྱེ་བ་ཆགས་ཏེ་དམ་པའི་གསུང་རབ་ཆེན་པོ་དག་ལ་རྫབ་ཆེན་དང་རྫབ་ཆུང་། རྒྱ་གར་མཁས་པའི་གཞུང་འགྲེལ་རྣམས་ལ་འབྲུ་ཆེན། བོད་ཀྱི་གཞུང་ལུགས་རྣམས་ལ་འབྲུ་ཆུང་བྲིས་ནས་སྤྱོད་ཡུལ་མི་འདྲ་བ་བྱེད་པ་དང་།”18ཞེས་པ་ལྟར་དབུ་མེད་རང་སྟེང་ནས་འགྱུར་བ་བྱུང་བ་མ་ཟད་བྱེ་བྲག་ཏུ་སྤྱོད་ཡུལ་ཡང་གསལ་ཁ་བཏོད་པ་ནི་དབུ་ཅན་དང་ཆ་འདྲ་མོད། འོན་ཀྱང་དམ་པའི་གསུང་རབ་བྲི་བྱེད་མིན་སྟབས་གུ་ཡངས་པོའི་སྲོལ་འདྲ་ཆགས་ཏེ་ཆ་ཚད་གཏན་ལ་ཕབ་མི་འདུག་པ་ནི་ཁྱད་པར་དུ་སྣང་། མདོར་ན《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སུ“དུས་ཚོད་དེར། སྟོབས་བཅུ་མངའ་བ་ཟས་གཙང་སྲས་པོའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཆུ་ཤེལ་དབང་བོ་ལྟར་འཆད་རྩོད་རྩོམ་པ་དང་ཐོས་བསམ་སྒོམ་པའི་ཆ་ཤས་ཀྱི་ཉ་ཡོངས་སུ་གང་བ་ཡིན་ཅིང་།”19ཞེས་པ་ལྟར་བསྟན་པ་ཕྱི་དར་གྱི་དབུ་བརྙེས་ནས་ས་སྐྱའི་སྲིད་དབང་མ་ཚུགས་གོང་གི་བོད་ཀྱི་རིག་གནས་དང་སྒོས་སུ་ནང་བའི་བསྟན་པ་ནི་ཡར་ངོས་ཟླ་ལྟར་འཕེལ་བའི་དུས་སུ་སླེབས་ཤིང་ཆོས་བསྒྱུར་གྱི་བྱ་གཞག་དང་ཆོས་སྤེལ་བའི་དགོས་མཁོ་སོགས་ལས་འབྲི་ཚུལ་གྱི་འཕྲིན་ལས་ཤིན་ཏུ་དར་བ་དང་ལྷན་དུ་འབྲི་ཚུལ་རིག་གནས་ཀྱང་དེ་ལྟ་ནང་བཞིན་གཞུང་ལུགས་ཀྱི་མ་ལག་ཅིག་ཆགས་པའི་རྐང་ཚུགས་སོ།།
དུས་རབས་བཅུ་གསུམ་ནས་བཅུ་བཞིའི་བར་དུ་བོད་ལ་གཅིག་གྱུར་གྱི་སྲིད་དབང་ཆགས་ཏེ་སྲིད་འབྱོར་རིག་གསུམ་ཕྱོགས་གང་ཐད་ནས་ཡར་ངོས་ཟླ་བཞིན་འཕེལ་བ་ལ་ལོ་རྒྱུས་སྟེང་དུ་ཡོངས་གྲགས་སུ་ས་སྐྱའི་དུས་རབས་སུ་འབོད། བྱ་དངོས་གང་དང་གང་ཞིག་ཡིན་རུང་རང་རྐྱ་འཕེར་བའི་སྒོ་ནས་འཕེལ་རྒྱས་སུ་མི་འགྲོ་བ་ནང་བཞིན་ཡིག་གཟུགས་ཀྱང་སྲིད་འབྱོར་རིག་གསུམ་ལ་རྟེན་ཅིང་འབྲེལ་ནས་མདུན་སྐྱོད་ཀྱི་གོམ་པ་སྤོ་དགོས་པ་ནི་གོར་མ་ཆགསྐབས་དེར་མཚོན་ན་ཡིག་གཟུགས་ཀྱང་སྲིད་འབྱོར་རིག་གསུམ་གྱི་ཡར་རྒྱས་དང་བསྟུན་ནས་སྔར་སྲོལ་རྒྱུན་བསྐྱངས་ཏེ་བོགས་ཐོན་ཚུལ་གྲོང་ཁང་ལགས་ཀྱིས།“ལྷག་པར་དུ་དུས་རབས་བཅུ་བཞིའི་དུས་སྟོད་ཙམ་ནས་གླེགས་བམ་གྱི་གྲངས་ཚད་བརྒྱ་ཕྲག་འགའ་ཤས་ཡོད་པའི་བཀའ་བསྟན་འགྱུར་ཆ་ཚང་བ་ལག་བྲིས་སུ་བཞེངས་པའི་ལས་གཞི་ཐོག་མ་ཚུགས་ནས་བཟུང་བོད་ཀྱི་ཡུལ་གྲུ་ཁག་ལ་གསུང་རབ་བཀའ་བསྟན་ཆ་ཚང་གསར་བཞེངས་བྱེད་པའི་བྱེད་སྒོ་སྔ་རྟིང་དུ་སྤེལ།”20ཞེས་པར་གཞིགས་ན་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་དང་བཅོམ་ལྡན་རིགས་རལ་གཉིས་ཀྱིས་བོད་ན་ཡོད་པའི་བཀའ་བསྟན་ཆ་ཚང་ཕྱོགས་བསྡུས་མཛད་རྗེས་བོད་བྱིངས་སུ་བཀའ་བསྟན་ཆ་ཚང་དར་སྤེལ་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་དུས་དེར་པར་རྐོའི་ལག་རྩལ་དར་མེད་གཤིས་ཕལ་ཆེར་བྲིས་མ་ཤ་སྟག་ཏུ་ལགས། ཚེགས་ཆེ་བའི་ལས་གཞི་འདི་འདྲ་ཞིག་ལ་དཔལ་འབྱོར་གྱི་སྟོབས་རྒྱབ་བརྟེན་དགོས་པ་ལས་གཞན་ཡིག་མཁན་མང་པོ་བསྡུ་དགོས་པ་གཞིར་བཞག་ཡིན་ལ། ཁོང་ཚོས་བྲི་ཕབ་བྱ་དུས་ཀྱང་རང་སྣང་གང་ཤར་གྱིས་མིན་པར་གཅིག་གྱུར་གྱི་ཚད་གཞི་ཞིག་གཏན་འབེབས་མཛད་པ་ནི་སྐབས་དེ་དུས་ཀྱི་བཀའ་བསྟན་ལག་བྲིས་མར་བལྟས་ན་རྟོགས་ཤིང་འདིས་དབུ་ཅན་གྱི་ཡིག་གཟུགས་སྔར་ལས་ཀྱང་གཏན་འཇགས་ཡོང་བར་སྐུལ་འདེད་ཀྱི་ནུས་པའང་ཐོན། ལར་དབུ་ཅན་གྱི་ཡིག་གཟུགས་ནི་ནང་བསྟན་རིག་གནས་ཀྱི་འཕེལ་རྒྱས་དང་སྒོས་སུ་གསུང་རབ་རིག་གནས་ཀྱི་དགོས་མཁོ་དང་བསྟུན་ནས་ཡིག་མཁན་གང་མང་མང་གི་སོར་རྩལ་ལས་མདུན་ནས་མདུན་དུ་བསྐྱོད་པ་ནི་ལོ་རྒྱུས་ལ་ཕྱིར་མིག་འཕངས་དུས་ཁྲ་ལམ་མེར་གསལ།།
དབུ་མེད་ཀྱང་དེ་ལྟ་ནང་བཞིན་ས་སྐྱའི་དུས་རབས་སུ་སྤྱོད་ཡུལ་ཁ་ཇེ་གསལ་དུ་སོང་ནས་དབུ་ཅན་གྱི་སྤྱོད་ཡུལ་མ་ཡིན་པ་གཞན་བྲི་ཕབ་བགྱི་བར་མ་ཟད་འབྲུ་ཚར་འབོད་པའི་འབྲི་སྲོལ་ཞིག་ཆགས་ཚུལ་ལ་གྲོང་ཁང་ཚེ་རིང་ཆོས་རྒྱལ་གྱིས།“དུས་རབས་བཅུ་གསུམ་པའི་ནང་གངས་ཅན་དུ་གཅིག་གྱུར་གྱི་སྲིད་དབང་བཙུགས་པའི་རྗེས་བོད་ཡུལ་ཁྱོན་དུ་ཆབ་སྲིད་དང་། རིག་གནས།ཐོན་སྐྱེད་སོགས་ཀྱི་བྱེད་སྒོ་རིམ་པས་རྒྱ་ཆེར་སོང་བ་དེས་དབུ་མེད་ཀྱི་ཡིག་རྒྱུན་དར་ཁྱབ་འགྲོ་ལམ་ཡངས་བར་བཤངས་པ་དང་། ཡིག་གཟུགས་སོ་སོའི་སྤྱོད་ཡུལ་ཡང་སྔར་བས་གསལ་བུར་གྱུར། ཕལ་ཆེར་དུས་སྐབས་དེའི་མཚམས་སུ་གནའ་དུས་རིགས་སོ་སོའི་བར་བརྩི་བའི་འབྲུ་ཆེན་འབྲུ་ཆུང་དང་། སུག་རིང་སུག་ཐུང་གི་ཟླུམ་བྲིས་སོགས་ཀྱི་སྤྱི་མིང་དུ་འབྲུ་ཚ་ཞེས་འབོད་པའི་གོམས་སྲོལ་དངོས་སུ་ཆགས་པ་དང……”21ཞེས་པར་གཞིགས་ན་དབུ་མེད་ཀྱི་ཡིག་གཟུགས་ཀྱང་བྲི་བ་རྐྱང་རྐྱང་ཙམ་མ་ཡིན་པར་ཕན་ཚུན་གཤིབ་བསྡུར་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པའི་སྐབས་སུ་འཁེལ་བ་ཤེས་ཐུབ་བོ།། ༼མུ་འགོད༽