༄༅།།བོད་ཀྱི་ཡིག་སྲོལ་དང་པོ་དེའི་ཡིག་གཟུགས་སྣ་ཚོགས་ཀྱི་ཡིག་དཔེ་དང་དེ་དག་སོ་སོའི་ཁྱད་ཆོས་སོགས་ཀྱི་སྐོར་གླེང་བ།
ཆོས་རྒྱལ་སྲོང་བཙན་གོང་གི་བོད་ཀྱི་ཐོག་མའི་ཡིག་སྲོལ་དེར་ཡིག་གཟུགས་མི་འདྲ་བ་སྣ་ཚོགས་ཡོད་ལུགས་བོན་གཞུང་མང་པོའི་ནང་གསལ་བ་སྟེ། དེ་ཡང་སྤྱིར་བཏང་དུ་བྱས་ན། དང་པོ་སྟག་གཟིག་སྤུངས་ཡིག་དང་། དེ་ནས་ཞང་ཞུང་ཡིག་རྒན། དེ་ནས་སྨར་དྲག དེ་ནས་སྨར་ཆེན་དང་སྨར་ཆུང་སོགས་རིམ་པ་བྱུང་བར་བཤད། 《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》 དུ་ད་དུང་ལྷ་བབ་ཀྱི་ཡི་གེ་དང་། ཞང་ཞུང་དྲག་ཡིག་ཟེར་བ་ཞིག་ཀྱང་བྱུང་ཡོད་གསུངས། དེ་མ་ཡིན་པའི་ཅུང་ཟད་བརྗོད་ཚུལ་མི་འདྲ་བ་ཞིག་ལ། སྨར་ཆེན་སྨར་ཆུང་ལ་ཡང་ཞང་ཞུང་སྨར་ཆེན་དང་ཞང་ཞུང་སྨར་ཆུང་ཟེར་བ་རིགས་མི་འདྲ་བ་གཉིས་ཡོད་ཅེས་པ་དང་། སྟག་གཟིག་སྤུངས་ཡིག་ཟེར་བ་དེ་ལ་ཡང་སྤུངས་པོ་ཆེ་ཆུང་གཉིས་ཀྱི་དབྱེ་བ་འབྱེད་པ་ཡང་སྣང་། གང་ལྟར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་གི་ཡིག་སྲོལ་ཏེ་ཞང་ཞུང་གི་ཡི་གེར་ཡིག་གཟུགས་འདྲ་མིན་ཇི་འདྲ་བྱུང་ཚུལ་སྐོར་ལོ་རྒྱུས་དངོས་ཀྱི་གནས་ཚུལ་དང་མཐུན་མིན་དོགས་གཞིར་འཇོག་དགོས་པ་ཡོད་ནའང་ཁྱད་ཉམས་མི་འདྲ་བའི་ཡིག་གཟུགས་ཀྱི་འབྲི་སྲོལ་ཁ་ཤས་བྱུང་ཡོད་པ་ནི་དངོས་དོན་རང་ཡིན་སྙམ། འདིར་ཐོག་མར《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》དང《ལེགས་བཤད་རིན་པོ་ཆེའི་གཏེར》སོགས་ཀྱི་ནང"སྟག་གཟིག་སྤུངས་ཡིག་ཞང་ཞུང་སྨར་ཆེན་དུ་བསྒྱུར། སྨར་ཆེན་སྨར་ཆུང་དུ་བསྒྱུར"ཞེས་པ་སོགས་ཀྱི་དོན་དང་འབྲེལ་བའི་ཡིག་གཟུགས་ཀྱི་འགྱུར་བའི་སྐོར་དམིགས་བསལ་གྱིས་བརྗོད་དགོས་པ་ཞིག་ལ། ཡི་གེའི་གཟུགས་རིས་ཀྱི་འགྱུར་བ་ཟེར་བ་དེ་ཡི་གེ་དངོས་སུ་འབྲི་སྤྱོད་བྱེད་པའི་རྒྱུད་རིམ་ནང་སྨྱུག་འཛིན་པས་སོ་སོའི་བློ་གྲོས་ཀྱི་རྩལ་དང་སོར་མོའི་འདུ་བྱེད་ལ་བརྟེན་ནས་མཛེས་ཆོས་དང་ཉམས་འགྱུར་མི་འདྲ་བའི་ཡི་གེའི་གཟུགས་ཀྱི་རྣམ་པ་གསར་དུ་གཏོད་པར་ཟེར་བ་ཡིན་གྱི་ཐོག་མའི་ཡིག་གཟུགས་གང་ཡིན་པ་དེ་ཡིག་གཟུགས་གཞན་པ་ཞིག་ལ་བསྒྱུར་བའི་གོ་དོན་མིན། བོན་གཞུང་ཁག་གི་ནང་ཡི་གེ་གཅིག་ནས་གཞན་ཞིག་ཏུ་བསྒྱུར་ཅེས་བརྗོད་པའི"བསྒྱུར"དེ་དེང་སྐབས་ཀྱིདབང་དུ་བྱས་ན་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་གཤིས་གང་ཟག་གི་བྱེད་ལས་ལ་བརྟེན་ནས་ཡི་གེ་གཅིག་ལ་དཔེ་བྱས་ཏེ་ཡི་གེ་གསར་པ་ཞིག་ཏུ་བསྒྱུར་བའི་དོན་དུ་གོ་དགོས་པ་འདྲ་ཞིག་ཡོད་ནའང་དོན་དུ་དེ་ལྟར་ཡིན་མི་སྲིད་ཅིང་། ཡི་གེ་འབྲི་སྤྱོད་བྱེད་པའི་རྒྱུད་རིམ་ནང་ཡི་གེའི་གཟུགས་ལ་འགྱུར་བ་བྱུང་ནས་བྲིས་གཟུགས་རྣམ་པ་མང་པོ་ཆགས་པའི་དོན་དུ་གོ་དགོས་སྙམ། ཡིག་གཟུགས་ཀྱི་རྣམ་པ་མང་པོ་ཆགས་འགྲོ་བ་ནི་ཡི་གེ་ཀུན་གྱི་ཆོས་ཉིད་ཡིན་ལ། རྣམ་པ་ཇི་ཙམ་མང་བ་དེ་ཡི་གེའི་ལོ་རྒྱུས་ཀྱང་དེ་ཙམ་གྱིས་རིང་བ་ཡོད་པའི་མཚོན་རྟགས་ཤིག་ཡིན། བོད་ཀྱི་ཐོག་མའི་ཡིག་སྲོལ་འདི་ཡང་ལོ་ངོ་སྟོང་ཕྲག་ལས་བརྒལ་བ་བེད་སྤྱོད་བྱས་པའི་ཡི་གེ་ཡིན་གཤིས་ཡིག་གཟུགས་ཀྱི་རྣམ་གྲངས་ཀྱང་མང་ཙམ་ཡོང་སྲིད་པ་ཞིག་ཡིན། སྤྱིར་བཏང་དུ་བྱས་ན་ཡིག་གཟུགས་འབྲི་སྲོལ་གསར་པ་ཞིག་ཆགས་པ་དེ་ནི་སྟེས་དབང་དུ་བྱུང་བ་ཞིག་མ་ཡིན་ཞིང་། གཅིག་ནས་དུས་ཡུན་རིང་པོའི་ནང་ཡི་གེ་འབྲི་སྤྱོད་བྱས་ནས་རིམ་པས་གཟུགས་རིས་གསར་པ་འབྱུང་བའི་རྨང་གཞི་གྲུབ་པ་དང་། གཉིས་ནས་ཡུལ་ཕྱོགས་ག་གེ་མོ་ཞིག་ཏུ་གནས་པའི་ཡི་གེའི་འབྲི་རྩལ་ཕུལ་དུ་ཕྱིན་པའི་མཁས་པ་ཅི་རིགས་ཤིག་གིས་སྔོན་བྱུང་ཡི་གེའི་འབྲི་སྲོལ་ཐད་ཀྱི་ལེགས་ཆ་རྣམས་ཕྱོགས་བསྡུས་ཀྱིས་ཐུན་མིན་གྱི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་འབྲི་སྲོལ་གསར་པ་ཞིག་བཏོད་རྗེས། འབྲི་སྲོལ་དེ་དག་ཀུན་གྱིས་ཁས་ལེན་པ་དང་དཔེར་བཟུང་ནས་འབྲི་སྦྱོང་བྱས་ཤིང་། རིམ་པས་ཚད་ལྡན་གྱི་འབྲི་སྲོལ་དུ་གྱུར་བའི་ཡིག་གཟུགས་གསར་པ་ཞིག་ཆགས་པ་དང་སྦྲགས་གསར་དུ་དར་བའི་འབྲི་སྲོལ་དེ་ལ་མིང་གི་འབོད་ཚུལ་ཡང་གསར་པ་ཞིག་ཆགས་ཀྱི་ཡོད། དེས་ན་ཡིག་གཟུགས་ཀྱི་འཕེལ་འགྱུར་ཟེར་བ་དེ་ནི་ཡི་གེ་འབྲི་རྩལ་ཕུལ་དུ་ཕྱིན་པའི་མཁས་པ་ཞིག་གམ་ལོ་རྒྱུས་འཕེལ་རིམ་གྱི་དུས་མཚམས་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། གོང་དུ་བརྗོད་པའི་སྟག་གཟིག་སྤུངས་ཡིག་དང་། ཡིག་རྒན། སྨར་ཆེ་ཆུང་སོགས་ཀྱང་གཅིག་ནས་གཅིག་ཏུ་བསྒྱུར་བ་མ་ཡིན་ཞིང་། ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཡིག་གཟུགས་ལ་འཕེལ་འགྱུར་བྱུང་ནས་འབྲི་རྒྱུན་མི་འདྲ་བ་ཞིག་ཆགས་པ་ཡིན་སྙམ། འོན་ཀྱང་ཡིག་གཟུགས་དེ་རྣམས་ནི་ལོ་ངོ་སྟོང་ཕྲག་འགའི་སྔོན་དུ་བྱུང་བ་ཡིན་སྟབས། འཕེལ་འགྱུར་ཇི་ལྟར་བྱུང་ཚུལ་དང་། ཕན་འབྲས་ཇི་ཐོན་སོགས་ཞིབ་གསལ་བརྗོད་ཐབས་དཀའ་བར་གྱུར་ཡང་འདིར་ཡིག་དཔེ་དངོས་སུ་ཡོད་པའི་ཡིག་གཟུགས་ཁག་གཅིག་གི་དཔེ་གཞི་བཀོད་པ་དང་སྦྲགས་གནད་དོན་འགའ་རེའི་སྐོར་དཔྱད་ཞིབ་ཕྲན་ཙམ་བྱས་པ་སྟེ།
༡ སྟག་གཟིག་སྤུངས་ཡིག་གི་སྐོར།
ཡིག་གཟུགས་འདི་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གཏོད་པའི་སྐབས་ཀྱི་ཡིག་གཟུགས་དང་པོ་དེ་ཡིན་ལུགས་བོན་གཞུང་མང་པོར་འཁོད་ཡོད་ཀྱང་། དེ་ནི་དུས་ཕྱིས་ལལྗའི་ཡི་གེར་གཞི་བཅོལ་ནས་གསར་དུ་བཟོས་པའི་ཡིག་གཟུགས་ཤིག་ཡིན་པ་ལས་གཤེན་རབ་མི་བོ་ཆེས་གཏན་ལ་ཕབ་པའི་ཡིག་གཟུགས་དང་པོ་དེ་ཨེ་ཡིན་སྙམ་པའི་སྐོར་ཡིག་དཔེ་དང་སྦྲགས་གོང་དུ་བརྗོད་ཟིན་པས། འདིར་བསྐྱར་ཟློས་ཀྱིས་ཞིབ་གསལ་མ་བརྗོད་དོ།།
༢ ཞང་ཞུང་ཡིག་རྒན་དང་། སྨར་ཡིག སྨར་ཆེན་བཅས་ཀྱི་སྐོར།
འདིར་ཐོག་མར་ཞང་ཞུང་ཡིག་རྒན་དང་། སྨར་ཡིག སྨར་ཆེན་བཅས་ཐ་སྙད་སོ་སོའི་གོ་དོན་སྐོར་ཅུང་ཟད་བརྗོད་ན། སྨར་ཡིག་ཅེས་པའི་འབོད་སྲོལ་འདི་ནི་གཤེན་རབ་མི་བོ་ཆེས་ཞང་ཞུང་ཡུལ་སྐད་ནང་ནས་མཆོག་ཏུ་འཛིན་པའི་ཞང་ཞུང་སྒོ་པའི་སྐད་དེ་སྨར་གྱི་སྐད་རྨང་གཞིར་བྱས་ནས་ཡི་གེའི་སྲོལ་གསར་དུ་བཏོད་པར་བརྟེན་ནས་སྨར་ཡིག་ཟེར་བའི་ཐ་སྙད་འདི་བྱུང་བ་ཡིན། དེར་བརྟེན་སྨར་ཡིག་ཟེར་བ་འདི་གངས་ཅན་ཡི་གེའི་སྲོལ་གྱི་ཐོག་མའི་གཟུགས་རིས་དེའི་མིང་ཡིན་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་གི་ཡི་གེའི་སྤྱི་མིང་ཞིག་ཀྱང་ཡིན། ཡིན་རྒན་ཟེར་བ་དེ་སྨར་ཡིག་གི་ཡིག་གཟུགས་ལ་འཕེལ་འགྱུར་རིམ་པ་བྱུང་བའི་རྗེས་མི་རྣམས་ཀྱིས་ཡིག་གཟུགས་འདྲ་མིན་བྱུང་རིམ་སྔ་རྟིང་གི་དབྱེ་བ་ཕྱེ་ནས་དང་ཐོག་བྱུང་བའི་ཡིག་གཟུགས་ཇི་ཡིན་བསྟན་པའི་ཆེད་དུ་སྨར་ཡིག་ལ་ཡིག་རྒན་ཞེས་བརྗོད་པའི་འབོད་སྲོལ་དེ་བྱུང་བ་ཞིག་ཡིན་སྙམ། སྨར་ཆེན་ནི་གཅིག་ལ་གཅིག་ལྟོས་ཀྱིས་ཆགས་པའི་ཐ་སྙད་གཅིག་ཡིན་ཞིང་། དེ་ཡང་སྨར་ཡིག་གི་གཟུགས་རིས་ལ་འཕེལ་འགྱུར་བྱུང་བའི་རྒྱུད་རིམ་ནང་སྨར་ཆུང་ཟེར་བའི་ཡིག་གཟུགས་གསར་པ་ཞིག་ལོགས་སུ་ཆགས་པ་དེར་བལྟོས་ནས་ཐོག་མའི་ཡིག་སྲོལ་གྱི་གཟུགས་རིས་ལ་སྨར་ཆེན་ཟེར་བའི་འབོད་སྲོལ་དེ་ཆགས་པ་ཡིན། དེས་ན་སྨར་ཡིག་དང་། ཡིག་རྒན། སྨར་ཆེན་ཟེར་བའི་ཐ་སྙད་གསུམ་པོ་དེ་རྣམ་པ་གཅིག་ཏུ་ན་ཡིག་གཟུགས་གཅིག་ལ་འབོད་སྲོལ་གསུམ་བྱུང་བའི་དོན་གཅིག་མིང་གི་རྣམ་གྲངས་ཏེ་གཤེན་རབ་མི་བོ་ཆེས་གསར་དུ་བཏོད་པའི་ཡིག་གཟུགས་ཀྱི་ཐོག་མ་དེའི་མིང་རང་དུ་ངོས་འཛིན་དགོས་པ་ལས། ཡིག་གཟུགས་མི་འདྲ་བ་གསུམ་གྱི་མིང་དུ་ངོས་འཛིན་མི་རུང་སྙམ།
གཤམ་དུ་རྒྱུན་ལྡན་གྱི་འབོད་སྲོལ་གཞིར་བཟུང་ཡི་གེའི་སྲོལ་གྱི་ཐོག་མའི་གཟུགས་རིས་དེར་གཅིག་གྱུར་དུ་སྨར་ཆེན་ཞེས་བརྗོད་རྒྱུ་དང་། སྨར་ཆེན་གྱི་ཡིག་གཟུགས་དེ་གང་འདྲ་ཞིག་ཡོད་མེད་སྐོར། ད་ལྟ་མཐོང་ཆོས་སུ་ཡོད་པར་གཞིགས་ན་ཡིག་གཟུགས་ཀྱི་རྣམ་པ་རྩ་བའི་ཆར་ཐ་དད་ཡིན་པ་ཁག་གཉིས་འདུག་པ་དེའི་ཁོངས་ནས་འདིར་ཐོག་མར་བོན་ཕྱོགས་ནས་ངོས་འཛིན་པ་དང་བོན་གཞུང་འགའ་རེའི་འགོ་བརྗོད་དུ་ཡོད་པའི་སྨར་ཆེན་གྱི་ཡིག་གཟུགས་དེ་གྲས་ཀྱི་ཡིག་དཔེ་ཁག་གསུམ་བཀོད་པ་དང་སྦྲགས་དོགས་གཞིར་གྱུར་བའི་གནད་དོན་འགའ་རེའི་ཐད་དབྱེ་ཞིབ་ཕྲན་ཙམ་བྱས་པ་གཤམ་གསལ།

ཡིག་དཔེ་འདི《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》ནང་འཁོད་པའི་ཞང་ཞུང་སྨར་ཡིག་གམ་ཞང་ཞུང་ཡིག་རྒན་དུ་གྲགས་པའི་ཡིག་གཟུགས་ཀྱི་དཔེ་གཞི་བཞིན་ཞལ་བཤུས་བྱས་པའོ།།
(༢)ཡིག་དཔེ་གཉིས་པ།

《ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས》ནང་དྲངས།
(༣)ཡིག་དཔེ་གསུམ་པ།

ཡིག་དཔེ་གསུམ་པ་འདི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུད་དུ་ཡོད་པའི《ཞང་བོད་ འཕྲུལ་ཡིག་བཞི་བཅུའི་དཔེ》བཞིན་བཀོད་པའོ།།
གོང་དུ་བཀོད་པའི་ཡིག་དཔེ་གསུམ་པོ་འདི་བོན་གཞུང་ནང་དང་དེ་མིན་གྱི་ལོ་རྒྱུས་དཔེ་ཆ་འགའི་ནང་འཁོད་པའི་སྨར་ཆེན་གྱི་ཡིག་གཟུགས་དེ་ཡིན། སྨར་ཆེན་གྱི་ཡིག་གཟུགས་ནི་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གསར་གཏོད་མཛད་པའི་སྐབས་ཀྱི་ཐོག་མའི་ཡིག་གཟུགས་དེ་ཡིན། འོན་ཀྱང་གོང་བཀོད་ཡིག་དཔེ་རྣམས་ཕན་ཚུན་བསྡུར་ཞིབ་ཀྱིས་ལེགས་པར་བརྟག་ན་སྨར་ཆེན་གྱི་ཡིག་གཟུགས་གྲས་ཤིག་ཡིན་པ་སྨོས་མེད་ལགས་ཀྱང་། དེ་ཕྱིས་སུ་དར་བའི་སྨར་ཆེན་གྱི་ཡིག་གཟུགས་གྲས་ཤིག་ཡིན་བཟོ་ལས་ཆེས་སྔ་བའི་དུས་སུ་བྱུང་བའི་སྨར་ཆེན་གྱི་ཡིག་གཟུགས་ཨེ་ཡིན་སྙམ། གང་ལགས་ཤེ་ན།
གཅིག་ནས། གོང་གི་ཡིག་དཔེ་གསུམ་པོ་དེའི་ཡི་གེ་རྣམས་ཀྱི་རྩ་བའི་རུས་གཟུགས་ཀྱི་ཁྱད་ཉམས་གཅིག་མཚུངས་ཡིན་ཡང་། ཡིག་འབྲུ་ཁག་གཅིག་གི་ཡིག་གཟུགས་འབྲི་སྟངས་གཅིག་པ་མ་ཡིན་པ། དཔེར་ན།

ལྟ་བུ།ཁྱོམ་བསྡོམས་ཡིག་འབྲུ་བཅུ་གཉིས་ཀྱི་འབྲི་སྟངས་གཅིག་མཚུངས་སུ་མི་སྣང་།
ཡིག་གཟུགས་འབྲི་སྟངས་གཅིག་མཚུངས་ཡིན་པ་ཡིག་འབྲུ་བཅུ་བདུན་ཡོད་པ་སྟེ།

གོང་གསལ་ཡིག་དཔེའི་ཐོག་ནས་ང་ཚོས་གསལ་པོ་མཐོང་ཐུབ་པར་གསལ་བྱེད་ཡི་གེ་སུམ་ཅུའི་ནང་ནས་ཡི་གེ་གསུམ་ཆ་གཅིག་ལྷག་ཙམ་གྱི་ཡིག་གཟུགས་གཅིག་པར་གནས་མེད། སྤྱིར་ནས་བཤད་ན་ཡིག་རིགས་གང་འདྲ་ཞིག་ཡིན་རུང་། གསལ་བྱེད་ཀྱི་ཕྱི་མོ་ཡིན་ཕྱིན། ཡི་གེ་གཅིག་ལ་འབྲི་སྟངས་མི་འདྲ་བ་གཉིས་སམ་གསུམ་ཡོད་མི་སྲིད་ལ་ཡོད་ཀྱང་མི་རུང་བ་ཞིག་ཡིན། ལྷག་པར་དུ་སྨར་ཆེན་གྱི་ཡི་གེ་འདི་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གསར་དུ་གཏོད་པའི་སྐབས་ཀྱི་ཐོག་མའི་ཡིག་གཟུགས་དེ་ཡིན་གཤིས་ཡི་གེ་གསར་དུ་བཟོ་བའི་སྐབས་གསལ་བྱེད་དང་ཕྱི་མོ་གཅིག་ལ་ཡིག་གཟུགས་མི་འདྲ་བ་གཉིས་གསུམ་ནི་དེ་བས་ཀྱང་ཡོང་མི་སྲིད་པ་ཞིག་ཡིན།
གཉིས་ནས། གོང་དུ་དྲངས་པའི་ཡིག་དཔེ་གསུམ་པོའི་ཡིག་གཟུགས་སྤྱི་ཡི་ཁྱད་ཆོས་ལ་བརྟག་ན། ཡི་གེའི་གཟུགས་རིས་དེ་ལཉྫ་ཡི་དབྱིབས་གཟུགས་དང་གཡུང་དྲུང་གི་རི་མོའི་འགྲོས་གཉིས་ཟུང་འབྲེལ་གྱི་རྨང་གཞིའི་ཐོག་བཟོས་པ་མངོན་གསལ་དོད་པོ་ཡོད། གཡུང་དྲུང་ནི་ཞང་ཞུང་རིག་གནས་ཀྱི་མཚོན་རྟགས་ལྟ་བུ་ཞིག་ཡིན་པས་དེའི་རི་མོའི་འགྲོས་དང་ལྡན་པ་ལ་འགལ་འགྱུར་དང་ཐེ་ཆོམ་ཀྱི་གནས་གང་ཡང་མེད་རུང་། ལཉྫ་ཡི་གཟུགས་རིས་ཀྱི་ཤན་ཞུགས་ཆེན་པོ་ཡོད་པ་འདི་ནི་དུས་ཕྱིས་མ་གཏོགས་ལོ་ངོ་བཞི་སྟོང་ཙམ་གྱི་སྔ་རོལ་དུ་ཡོང་ཐབས་གཏན་ནས་མེད་པའི་སྣང་ཚུལ་ཞིག་ཡིན།
གསུམ་ནས། ཞང་ཞུང་ཡིག་གཟུགས་ཀྱི་འཕེལ་རིམ་ལ་བལྟས་ན"སྨར་ཆེན་ནས་སྨར་ཆུང་བྱུང"ཟེར་བ་ཡོངས་གྲགས་ཡིན་ལ་དོན་དུ་གནས་པ་ཞིག་ཀྱང་ཡིན། འོན་ཀྱང་གོང་བཀོད་ཀྱི་སྨར་ཆེན་ཡིག་གཟུགས་དེ་དང་ད་ལྟ་མཐོང་ཆོས་སུ་ཡོད་པའི་སྨར་ཆུང་གི་ཡིག་གཟུགས་དབར་ཡིག་རུས་ཀྱི་འབྲེལ་བ་མངོན་མཚན་མེད་པ་ལྟ་བུར་སྣང་བ། དཔེར་ན།

སྤྱིར་ན་ཡིག་གཟུགས་རིགས་གཅིག་ནས་རིགས་གཞན་ཞིག་ཏུ་འགྱུར་བ་ཡིན་ཕྱིན་སྔ་མའི་ཡིག་གཟུགས་ཀྱི་རྩ་བའི་རུས་གཟུགས་དང་རི་མོའི་འགྲོས་འགྱུར་དེ་ཕྱི་མའི་ཡིག་གཟུགས་ཀྱི་ཐོག་ཏུ་མངོན་པ་ནི་ཡིག་གཟུགས་སྤྱིའི་འཕེལ་འགྱུར་འགྲོ་ཕྱོགས་ཀྱི་ཆོས་ཉིད་ཡིན། འོན་ཀྱང་གོང་བཀོད་སྨར་ཆེན་དང་སྨར་ཆུང་གི་བསྡུར་དཔེའི་ཐོག་ནས་བལྟས་ན་དེ་གཉིས་ཀྱི་རུས་གཟུགས་དང་རི་མོའི་འགྲོས་འགྱུར་རྩ་བའི་ཆར་ཐ་དད་ལྟ་བུར་སྣང་བ་གསལ་པོ་ཡིན་པས། ཡིག་གཟུགས་དེ་གཉིས་དབར་རུས་གཟུགས་ཀྱི་འབྲེལ་བ་མངོན་མཚན་མེད་པ་གང་ཡིན་ནམ་སྙམ་པའི་ཡིད་དོགས་དབང་མེད་དུ་འཆར་བ་བཅས་གོང་གསལ་ཕྱོགས་གསུམ་གྱི་ཐད་ནས་ཞིབ་མོར་དཔྱད་ན་གོང་བཀོད་ཀྱི་སྨར་ཆེན་ཡིག་གཟུགས་འདི་འབྲི་སྤྱོད་བྱེད་པའི་རྒྱུད་རིམ་ནང་དུས་ཕྱིས་སུ་ལཉྫདང་གཡུང་དྲུང་གི་རི་མོར་གཞི་བཅོལ་ནས་བཟོས་པའི་སྨར་ཆེན་འབྲི་སྟངས་གསར་པ་ཞིག་ཡིན་པ་ལས་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གཏོད་པའི་སྐབས་ཀྱི་ཐོག་མའི་སྨར་ཆེན་གྱི་ཡིག་གཟུགས་དེ་མིན་པ་ཧ་ལམ་ཐག་བཅད་ནས་བརྗོད་ཆོག་པ་ལྟ་བུར་སྣང་།
དེ་མ་ཡིན་པ་སྐུ་འབུམ་ཁྲི་ཟུར་ཆེ་ཤོས་སྤྲུལ་སྐུ་བློ་བཟང་བྱང་ཆུབ་བསྟན་པའི་སྒྲོན་མེས་མཛད་པའི་《ཡིག་རིགས་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བ》དང་། དེ་མིན་ཡིག་སྣ་ཕྱོགས་བསྒྲིགས་ཀྱི་ཁུངས་ལྡན་དཔེ་དེབ་ནང"ཞང་ཞུང་དམར་ཆེན་དང་དམར་ཆུང"ཟེར་བའི་ཡིག་དཔེ་གཉིས་ཡོད་པ་དེ་དག་ནང་གི་སྨར་ཆེན་གྱི་ཡིག་གཟུགས་ནི་འདི་འདྲ་ཞིག་ཏེ།

དེ་བཞིན་བོད་ལྗོངས་ཡིག་ཚགས་ཅུད་དུ་ཡོད་པའི་ཡིག་སྣ་ཕྱོགས་བསྡུད་ཀྱི་ཕྱག་དཔེ་ཞིག་འདུག་པ་དེའི་ནང་དུའང"ཞང་ཞུང་དམར་ཆེན་དམར་ཆུང་གི་ཡིག་དཔེ་འདུག་པས"དེ་དང《མེ་ཏོག་ཕྲེང་བའི》ནང་འཁོད་དམར་ཆེན་དམར་ཆུང་གི་གཟུགས་རིས་གཉིས་གཅིག་མཚུངས་སུ་སྣང་བས་འདིར་མ་བཀོད་དོ།
ཡིག་གཟུགས་འདིའི་མ་དཔེ་ཤིང་པར་ཡིན་སྟབས་ཡི་གེ་ཞ། ཤ ཧ་སོགས་ཀྱི་འབྲུ་རིས་འཐེན་འགྲོས་གསལ་བར་མི་མངོན་པས་ཞལ་བཤུས་བྱེད་སྐབས་ཅུང་ཟད་མི་མཐུན་པ་འབྱུང་བར་སྲིད་པས་དཔྱད་པར་འཚལ་ཞེས་ཞུའོ།།
སྨར་ཆེན་གྱི་ཡིག་དཔེ་བཞི་པ་འདི་ནི་གོང་དུ་བཀོད་པའི་ཡིག་དཔེ་གསུམ་པོ་དེ་དང་མི་འདྲ་བའི་དམིགས་བསལ་ཅན་ཞིག་ཡིན་པ་དང་། 《ཡིག་རིགས་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བ》(གཤམ་དུ་བསྡུས་མིང་དུ་མེ་ཏོག་ཕྲེང་བ་ཞེས་བརྗོད་རྒྱུ)ཡི་མཇུག་བྱང་ནང་དུ"སྐད་རིགས་ཆེན་པོ་བཞིས་གཙོས་པའི་རྒྱ་བོད་ཧོར་སོག་དང་། མཁའ་འགྲོའི་བརྡ་ཡིག་སོགས་སྔོན་གྱི་དཔེ་ཁུངས་རྙིང་མ་རྣམས་ལས་བསྡུས་ཏེ་ཕྱོགས་གཅིག་ཏུ་སྡེབས་པ་ཡིན"ཞེས་གསལ་བར་ལྟར་ན། ཡིག་གཟུགས་འདི་འཁོད་པའི་ཁུངས་བཙན་གྱི་དཔེ་ཁུངས་རྙིང་མ་དེ་འདྲ་ཡོད་པ་ཡང་གོར་མ་ཆག 《མེ་ཏོག་ཕྲེང་བའི་》ནང་ཞང་ཞུང་དམར་ཆེ་ཆུང་ཞེས་པ་དས་འཕུལ་ཅན་གྱི"དམར"བྲིས་འདུག་པ་འདི་ནི"དམར་"དང་"སྨར"གདམ་ངའི་ཚུལ་དུ་བྲིས་པ་ཞིག་ཡིན་པ་ལས་དམིགས་བསལ་གྱི་གོ་དོན་གཞན་པ་ཡོད་མི་སྲིད་པ་གོང་བརྗོད་ལྟར་དང་། 《མེ་ཏོག་ཕྲེང་བའི་》ནང་གི་སྨར་ཆེན་གྱི་ཡིག་དཔེ་བཞི་པ་འདི་དང་གོང་དུ་དྲངས་པའི་སྨར་ཆེན་གྱི་ཡིག་དཔེ་གསུམ་པོའི་རྩ་བའི་རུས་གཟུགས་ཀྱི་ཁྱད་ཆོས་ཤིན་ཏུ་མི་འདྲ་བ་སྟེ། ཡིག་དཔེ་སྔ་མ་གསུམ་པོ་ནི་ལཉྫ་ཡི་བཟོ་དབྱིབས་འདྲ་ཆེ་བ་དང་། ཡིག་དཔེ་ཕྱི་མ་དེ་ད་ལྟའི་དབུ་ཅན་གྱི་བཟོ་དབྱིབས་འདྲ་ཆེ་བ་ཡོད་པ་གསལ་པོར་མངོན།
སྨར་ཆེན་གྱི་ཡིག་གཟུགས་འདི་གཉིས་ལ་ཁྱད་པར་ཆེན་པོ་འདི་འདྲ་ཡོང་དོན་གང་ཡིན་སྙམ་ན། དེ་ནི་ཕལ་ཆེར་ཡིག་གཟུགས་དེ་གཉིས་བྱུང་རིམ་སྔ་རྟིང་གི་ཁྱད་པར་གྱུར་བས་ཡིན་སྙམ། འོ་ན་གང་ཞིག་སྔ་བ་དང་གང་ཞིག་ཕྱི་བ་ཡིན་ཞེ་ན། དེ་ནི་ཡིག་གཟུགས་འཕེལ་རིམ་གྱི་སྤྱིའི་ཆོས་ཉིད་དང་། ཡིག་གཟུགས་ཁག་སོ་སོའི་དབར་གྱི་འབྲེལ་བ་དང་ཁྱད་ཆོས་སོགས་ལ་བལྟས་ནས་ལན་འདེབས་དགོས་པ་ཞིག་ཡིན། སྤྱིར་ཡིག་གཟུགས་འཕེལ་རིམ་གྱི་ཆོས་ཉིད་ཐད་ནས་བཤད་ན། ཡིག་གཟུགས་གང་འདྲ་ཞིག་ཡིན་རུང་། ཐོག་མར་གསར་དུ་བྱུང་བའི་སྐབས་ནས་སྒྲོས་ཆགས་པ་དང་། མཛེས་ཉམས་ལྡན་པ། དཀར་ནག་གི་ཆ་དོད་པ་སོགས་སྒྱུ་རྩལ་གྱི་ཁོ་ལག་ཡོངས་སུ་རྫོགས་པ་ཞིག་ཡོང་མི་སྲིད་ཅིང་། དེ་འདྲ་ཡོང་བར་ཡིག་གཟུགས་དེ་འབྲི་སྤྱོད་དང་ལེགས་བཅོས་བྱེད་པའི་རྒྱུད་རིམ་ཧ་ཅང་རིང་པོ་ཞིག་མེད་པར་འགྲུབ་ཐབས་གཏན་ནས་མེད། དེ་འདྲའི་གནས་ལུགས་ལ་གཞིགས་ནས་ཡིག་གཟུགས་གཉིས་པོ་དེའི་མཛེས་ཉམས་ཆེ་ཆུང་དང་། ཡིག་བཟོ་ཐོན་ཚད་སོགས་ལ་བལྟས་ན། 《མེ་ཏོག་ཕྲེང་བའི》ནང་གི་སྨར་ཆེན་ཡིག་གཟུགས་དེ་ཡིག་དཔེ་སྔ་མ་གསུམ་པོ་དེ་ལས་སྔ་བ་སྟེ། ཡ་ཐོག་ཞང་ཞུང་གི་དུས་སྐབས་ནས་ཡོད་པའི་ཡིག་གཟུགས་ཤིག་ཡིན་པར་མངོན། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ཡིག་དཔེ་བཞི་པ་འདི་ཐུབ་བསྟན་རིང་ལུགས་འཛིན་པའི་མཁས་དབང་གིས་སྔོན་མའི་དཔེ་ཁུངས་ནས་བསྡུས་ཏེ་པར་དུ་བརྐོ་གནང་མཛད་པ་ཞིག་ཡིན། ནང་པ་སངས་རྒྱས་པའི་གྲུབ་མཐའ་འཛིན་པའི་ལོ་རྒྱུས་སྨྲ་བ་པོས་ཞང་ཞུང་དུས་སྐབས་ཀྱི་བོན་གྱི་རིག་གནས་ལ་གདེང་
འཇོག་ཤིན་ཏུ་ཆུང་བ་དང་། ལྷག་པར་དུ་གངས་ཅན་ཡི་གེའི་ལོ་རྒྱུས་གླེང་པའི་སྐབས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་མེད་པར་བཞེད་པ་སོགས་གྲུབ་མཐའི་ཕྱོགས་ཞེན་གྱིས་མ་དག་གསུང་ཚུལ་མཆིས་པ་ཚང་མས་ཤེས་གསལ་ལྟར་ཡིན། འོན་ཀྱང་《མེ་ཏོག་ཕྲེང་བའི》ནང་ལོ་རྒྱུས་ཐོག་གི་སྔོན་བྱུང་ཡིག་རྙིང་ཁོངས་སུ་སྨར་ཆེ་ཆུང་གི་ཡིག་དཔེ་དངོས་སུ་བཀོད་ཡོད་པ་དེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་ཡོད་པ་སླར་ཡང་ར་འཕྲོད་གསལ་པོ་བྱུང་བ་མ་ཟད།མིང་དུ་ཡང"ཞང་ཞུང་དམར་ཆེ་ཆུང"ཞེས་བརྗོད་ནས་ཡི་གེ་དེ་བྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་ཀྱང་གསལ་བར་བསྟན་ཡོད།ཁོང་རྣམ་པའི་ལོ་རྒྱུས་ཀྱི་ལྟ་བ་འཛིན་ཕྱོགས་ལྟར་ན། ཞང་ཞུང་གི་ཡི་གེར་ཕྱོགས་བསྟོད་དང་།ཡིག་གཟུགས་ལ་ལེགས་བཅོས་མཛད་པ་སོགས་རྩ་བའི་ཆར་ཡོང་མི་སྲིད། དེས་ན་ཡིག་དཔེ་བཞི་པ་འདི་གནའ་བོའི་སྐབས་སུ་ཡིག་གཟུགས་གང་ཡིན་པ་དེའི་རྣམ་པ་རང་སོར་གནས་པའི་ཡི་གེ་ཡིན་པ་ལས་ཕྱིས་སུ་གསར་དུ་ཆགས་པའི་སྨར་ཆེན་གྱི་ཡིག་གཟུགས་མིན་པ་ངེས་ཤེས་ཐུབ་པ་ཞིག་ཡིན། དེ་བཞིན་ཡི་གེའི་རུས་གཟུགས་དང་ཁྱད་ཆོས་ཀྱི་འབྲེལ་བའི་ཐོག་ནས་བལྟས་ན་ཡང་ཡིག་དཔེ་བཞི་པ་དེའི་ཡིག་གཟུགས་ལ་དབུ་ཅན་གྱི་རུས་གཟུགས་དང་འདྲ་བའི་ཕྱོགས་ཤུགས་ཆེ་བ་དང་། ལྷག་པར་སྨར་ཆུང་གི་ཡིག་འབྲུ་ཁག་གཅིག་ནི་དཔེར་ན་
ལྟ་བུ་ཡི་གེའི་ཟོར་ཅུང་ཟད་ཡང་དུ་བཏང་ན་ད་ལྟའི་དབུ་ཅན་གྱི་གཟུགས་སུ་དངོས་སུ་གྲུབ་ཐུབ་པས། དེའི་ཐོག་ནས་ཞང་ཞུང་གི་དུས་སྐབས་སུ་བྱུང་བའི་སྨར་ཡིག་དང་བཙན་པོའི་དུས་སྐབས་སུ་བྱུང་བའི་ད་ལྟའི་བོད་ཡིག་འདི་གཉིས་དབར་གྱི་ཡིག་རུས་ཀྱི་འབྲེལ་བ་ཡང་གསལ་པོ་མངོན་ཐུབ་པ་སོགས་ཕྱོགས་མང་པོའི་རྒྱུ་མཚན་ལ་ཞིབ་པར་བསམས་ན《མེ་ཏོག་ཕྲེང་བའི》ནང་བཀོད་པའི"ཞང་ཞུང་དམར་ཆེ་ཆུང"གི་ཡིག་དཔེ་དེ་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་གསར་དུ་བཏོད་ནས་གཏན་ལ་ཕབ་ཅིང་ཞང་ཞུང་དུས་སྐབས་སུ་དངོས་སུ་སྤྱོད་པའི་སྨར་ཆེན་གྱི་ཡིག་གཟུགས་དེ་ཡིན་པར་ངོས་འཛིན་བྱས་ཆོག་སྙམ།
༣ སྨར་ཆུང་གི་སྐོར།
སྨར་ཆུང་གི་ཡིག་གཟུགས་འདི་ནི་སྨར་ཆེན་གྱི་འབྲི་སྟངས་ལ་རིམ་པས་འཕེལ་འགྱུར་བྱུང་བའི་རྨང་གཞིའི་ཐོག་གསར་དུ་ཆགས་པའི་ཡིག་གཟུགས་ཤིག་ཡིན།ཡིག་གཟུགས་འདི་སྨར་ཆེན་དང་བསྡུར་ན་ཡིག་ཟོར་ཡང་དུ་ཕྱིན་ཡོད་གཤིས། འབྲི་སྤྱོད་བདེ་བ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།སྨར་ཆུང་གི་ཡིག་གཟུགས་འདིའི་རྩ་བའི་ཁྱད་ཆོས་ནི་ཡི་གེའི་གཟུགས་རིས་དེ་ད་ལྟའི་དབུ་ཅན་དང་འདྲ་བའི་ཕྱོགས་མང་བས། བོད་ཡིག་ཤེས་མཁན་སུས་བལྟས་ནའང་ཡིག་འབྲུ་ཉུང་ཤས་ཤིག་མ་གཏོགས་ཡིག་ངོ་ཆོད་མི་ཐུབ་པ་མེད།དེའི་ཐོག་ནས་ཚོད་དཔག་བྱས་ན་སྨར་ཆུང་ཞེས་པ་དེ་སྨར་ཆེན་ནས་ཐ་དད་དུ་གྱེས་ཏེ་ཡིག་གཟུགས་རིགས་གསར་པ་ཞིག་དངོས་སུ་ཆགས་པའི་དུས་སྐབས་ནི་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་ལྔ་བརྒྱ་ཙམ་གྱི་དུས་སུ་མིན་ནམ་སྙམ།འདིར་བོན་གཞུང་སོགས་དཔེ་ཁུངས་ཁག་ནས་ཞལ་བཤུས་བྱས་པའི་སྨར་ཆུང་གི་ཡིག་དཔེ་ཁག་གཅིག་བཀོད་པ་གཤམ་གསལ།

ཡིག་དཔེ་འདི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཅུད་དུ་ཡོད་པའི་《ཞང་བོད་འཕྲུལ་ཡིག་བཞི་བཅུའི་དཔེ》བཞིན་བཤུས་པའོ།།
(༢)ཡིག་དཔེ་གཉིས་པ།

ཡིག་དཔེ་འདི་ནི་སྤྱི་ལོ༡༩༩༠ལོར་བཏོན་པའི་《བོན་སྒོ》ཞེས་པའི་དུས་དེབ་བཞི་པ་ཤོག་ལྷེ༧༥ནས་བཤུས་པའོ།།
(༣)ཡིག་དཔེ་གསུམ་པ།

ཡིག་དཔེ་འདི《ཡིག་གཟུགས་སྣ་བརྒྱའི་ཕྱི་མོ་ཞལ་བཤུས་མ》ལས་དྲངས་པའོ།།
(༤)ཡིག་དཔེ་བཞི་པ།

ཡིག་དཔེ་འདི 《ཡིག་གཟུགས་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བ》ལས་ཞལ་བཤུས་བྱས་པའོ།།
གོང་དུ་བཀོད་པའི་ཡིག་དཔེ་བཞི་པོ་དེའི་ནང་ནས་དང་པོ་དང་། གཉིས་པ། གསུམ་པ་བཅས་ནི་ཡིག་གཟུགས་ཀྱི་རྣམ་གྲངས་རིགས་གཅིག་ཏུ་གཏོགས་པའི་སྨར་ཆུང་གི་ཡི་གེ་ཡིན་པར་སེམས། གང་ལགས་ཞེ་ན། དེ་རྣམས་ཕན་ཚུན་ཞིབ་ཕྲ་བསྡུར་བ་བྱས་ན། ཡིག་གཟུགས་འབྲི་སྟངས་ཅུང་ཟད་མི་འདྲ་བ་ཁག་གཅིག་ཡོད་ཀྱང་རེ་གཉིས་ཙམ་མ་གཏོགས་ཁྱད་པར་ཤིན་ཏུ་ཆེ་བ་མེད་པ་དཔེ་བསྡུར་གྱིས་བཀོད་པ་གཤམ་གྱི་རེའུ་མིག་ནང་གསལ་ལྟར་ཡིན།
དཔེ་བསྡུར་ཡིག་གཟུགས་ཀྱི་རེའུ་མིག

ཡིག་གཟུགས་ཁག་གཅིག་ཅུང་ཟད་མི་འདྲ་བ་ཡོང་རྐྱེན་ནི་གནའ་བོའི་དུས་སུ་ཚད་ལྡན་གྱི་ཡིག་གཟུགས་གང་ཞིག་ཡུལ་གྲུ་ཀུན་ཏུ་གཅིག་གྱུར་ཁྱབ་གདལ་གཏོང་བའི་གོ་སྐབས་དང་། ཆ་རྐྱེན་མེད་པར་བརྟེན་ཡིག་སྲོལ་རིམ་པས་ཁྱབ་གདལ་འགྲོ་བའི་རྒྱུད་རིམ་ནང་ཡིག་གཟུགས་འབྲི་སྟངས་ལ་འགྱུར་བ་ཕྲན་བུ་བྱུང་བ་དེ་རྒྱུན་འབྱམས་སུ་སོང་བའི་དབང་གིས་ཡིན་པ་ལས་གཞན་གྱི་རྒྱུ་མཚན་གང་ཡང་མེད། 《མེ་ཏོག་ཕྲེང་བའི》ནང་ནས་ཞལ་བཤུས་བྱས་པའི་སྨར་ཆུང་གི་ཡིག་དཔེ་བཞི་པ་དེ་དང་ཡིག་དཔེ་སྔ་མ་གསུམ་གྱི་ཡིག་གཟུགས་དབར་(ཟ)དང་(འ)ཙམ་མ་གཏོགས་དེ་མིན་ཚང་མའི་འབྲི་སྟངས་མི་འདྲ་བ་ཤ་སྟག་ཡིན་པར་བལྟས་ན། ཡིག་གཟུགས་ཀྱི་རྣམ་གྲངས་ཐ་དད་ཡིན་པའི་སྨར་ཆུང་གི་ཡི་གེ་ཞིག་ཡིན་ལ། ཡིག་གཟུགས་འདི་དར་བའི་དུས་སྐབས་ཀྱང་སྔ་མ་གསུམ་ལས་ཅུང་ཟད་སྔ་བ་མེད་དམ་སྙམ།
༤ ཞང་ཞུང་དྲག་ཡིག་གི་སྐོར།
ཞང་ཞུང་དྲག་ཡིག་ཟེར་བ་འདི་སྔར་ཞང་ཞུང་སྨར་ཡིག་ལ་ཡིག་གཟུགས་རྣམ་པ་འདྲ་མིན་འགའ་ཤས་བྱུང་བའི་ནང་ཚན་གྱི་རིགས་གཅིག་ཡིན་ཞེས་གསུངས། ཡིག་རྒྱུན་འདི་འདྲ་ཡོད་པའི་དཔེ་མཚོན་ཚིག་རྐང་གསུམ《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》ཀྱི་ཤོག་གྲངས་བརྒྱ་དང་བཅུ་མེད་ལྔ་ཡི་ནང་དུ་གསལ་བ་བཞིན་འདིར་ཚིག་རྐང་གཅིག་དཔེ་བཤུས་བྱས་པ་གཤམ་གསལ།

ཡིག་གཟུགས་འདིའི་འབྱུང་ཁུངས་ནི་གཏེར་དཔེ་ནས་བཤུས་པ་ཡིན་ཞེས་འདུག་པ་སྟེ། དེ་ཡང་སྔར་སྤུར་རྒྱལ་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོས་བོན་སྣུབ་པའི་སྐབས་སུ་བོན་གྱི་མཁས་པ་སད་ནེ་ག་འུས་གཏེར་དུ་སྦས་པ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཞེས་པ་ཕྱིས་ཉིད་སྤྲུལ་སྐུ་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་བཏོན་པའི་གཏེར་དཔེ་ངོ་ཐོག་ནས་སྤྲུལ་སྐུ་གུ་རུ་རྣོན་རྩེའི་གཏེར་སློབ་གཉལ་སྟོན་གཞོན་ནུ་འབུམ་གྱིས་དཔེ་བཤུས་བྱས་པ་ཞིག་ཡིན་པ་དང་། ཁོང་གིས་དཔེ་བཤུས་བྱས་པའི་གཏེར་ཡིག་དེའི་འོག་ཏུབོད་ཡིག་དཔེ་ཚུགས་ཀྱིས་བྲིས་པའི་གསལ་བཤད་དུ 《མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདྲེས་མར་སྣང་ངོ་། སྤྲུལ་སྐུ་འགུ་རུ་རིན་པོ་ཆེ་ལ་བདག་བཙུན་པ་གཞོན་གྱི་ཞུས་ནས་དར་དཀར་ངོས་ལ་བྲིས་སོ》ཞེས་གསལ།
ཡང《བོན་སྒོ》ཞེས་པའི་དུས་དེབ་བཞི་པར《བོད་ཡིག་གི་འབྱུང་གཞིར་དཔྱད་པ》ཟེར་བའི་རྩོམ་ཡིག་ནང་གྲི་གུམ་བཙན་པོའི་སྐབས་ནས་བོད་ཡིག་ཡོད་ལུགས་ཀྱི་ངོ་སྤྲོད་དུ་གོང་གསལ་གྱི་དྲག་ཡིག་སྐོར་དྲངས་འདུག་པ་སྟེ "གྲི་གུམ་གྱི་དུས་སུ་གཏེར་ལ་སྦས་པའི་བོན་དཔེ་ཡོད་དོ་ཅོག་སྨར་ཡིག་ཐོག་བྲིས་པས་མ་ཁྱབ་པ་ནི་གྲི་གུམ་སྐབས་ཞང་ཞུང་སྒོ་པའི་མཁས་པ་སད་ནེ་ག་འུས (༦༨༤)གཏེར་དུ་སྦས་པའི་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ཞེས་པ་ཕྱིས་ཉིད་ཀྱི་སྤྲུལ་སྐུ་གུ་རུ་རྣོན་རྩེས་རྟ་ནག་དུང་ཕོར་ནས་གཏེར་བཏོན་ཏེ། ཁོང་གི་གཏེར་སློབ་གཉལ་སྟོན་གཞོན་ནུ་འབུམ་གྱིས་གཏེར་དཔེ་ངོ་ཐོག་ནས་དཔེ་བཤུས་པའི་མ་རྒྱུད་སྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་ལས"དར་ཡུག་འདི་ཁྱོད་ཀྱི་བྲིས་སྐལ་དུ་སྣང་བས་ཁྱོད་རང་གི་བྲིས་ཤིག་གསུང་བས། ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག ཞང་ཡིག་ཀྱང་ཀ་ཁ་སྣང་བ་ལ་ལེགས་པར་བརྟགས་པས་མི་འཕྲོལ་བ་མ་བྱུང་ངོ"ཞེས་གསུང་པ་དག་ལ་གཞིགས་ན། ཞང་བོད་འདྲེས་མ་ཞེས་པའི་འདྲེས་རྒྱུའི་བོད་ཡིག་གཅིག་དགོས་པས་དེ་མེད་ན་འདྲེས་རྒྱུའི་དངོས་པོ་མེད་པའི་ཕྱིར། དེ་ཡོད་ན་གྲི་གུམ་སྐབས་བོད་ཡིག་ཡོད་པ་ཐག་གི་ཆོད་པ་མ་ཡིན་ནམ། གོང་ལྟར་ཞང་བོད་གཉིས་ནི་རྒྱ་དཀར་ནག་དང་མི་མཚུངས་པའི་མཐུན་ཕྱོགས་གཅིག་ཡིན་པ་ནི། ཞང་ཡིག་ཀྱང་ཀ་ཁ་སྣང་བའི་མི་འཕྲོལ་བ་མ་བྱུང་ཞེས་པའི་ཚིག་དེ་རང་ནས་ཞང་བོད་གཉིས་ཀྱི་ཡི་གེའི་དབྱིབས་གཟུགས་དེ་འདྲ་པོ་ཞིག་ཡོད་པ་གསལ་པོར་བསྟན་འདུག་ཅེས་གསལ་བ་ལྟར་ལོ་རྒྱུས་ཐོག་སྨར་ཡིག་གི་གཟུགས་རིས་དམིགས་བསལ་ཅན་ཞང་ཞུང་དྲག་ཡིག་ཟེར་བའི་འབྲི་རྒྱུན་ཞིག་བྱུང་ཡོད་པ་མངོན་སུམ་ཡིན།
ཞང་ཞུང་དྲག་ཡིག་གི་ཡིག་གཟུགས་དེ"ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག"ཅེས་པའི་བརྗོད་ཚུལ་ལ་ཞིབ་པར་དཔྱད་ན། གཉལ་སྟོན་གཞོན་ནུ་འབུམ་གྱིས"ཞང་ཡིག"དང "བོད་ཡིག"ཅེས་ཡིག་སྲོལ་མི་འདྲ་བ་གཉིས་ཡོད་པ་ལྟ་བུར་ངོས་འཛིན་བྱས་པ་ནི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བརྗོད་ཚུལ་ཞིག་ཡིན་པ་སྨོས་མེད་ཀྱང་། དེའི་ཐོག་ནས་སྨར་ཡིག་གི་འབྲི་གཟུགས་ལ་རྩ་བའི་འཕེལ་འགྱུར་འགྲོ་ཕྱོགས་ཇི་ཡིན་གསལ་པོ་མཚོན་ཐུབ་པ་སྟེ། དེ་ཡང"ཞང་བོད་འདྲེས་མ་ལ་བོད་ཡིག་མང་བར་འདུག"ཟེར་བ་ནི་དོན་དུ་སྨར་ཡིག་དེ་དག་དུས་ཡུན་རིང་པོའི་ནང་འབྲི་སྤྱོད་བྱས་པའི་རྒྱུད་རིམ་ནང་འབྲི་གཟུགས་ལ་རིམ་པས་འཕེལ་འགྱུར་བྱུང་ནས་སྤུར་རྒྱལ་གྱི་དུས་རབས་སུ་སླེབས་སྐབས་ད་ལྟའི་བོད་ཡིག་གི་འབྲི་གཟུགས་དང་འདྲ་པོ་ཆགས་ཡོད་སྟབས་ཕྱི་རབས་པས་སྐབས་དེའི་ཡིག་རིགས་མཐོང་བའི་སྐབས་བོད་ཡིག་མང་པོ་ཡོད་ལ་བོད་ཡིག་དངོས་རང་མིན་པ་ལྟ་བུར་མཐོང་ནས "ཞང་བོད་འདྲེས་མར"བྲིས་པ་ཡིན་ལུགས་ཀྱི་བརྗོད་ཚུལ་དེ་བྱུང་བ་ཡིན་སྙམ། དེས་ན་ཞང་ཞུང་དྲག་ཡིག་གི་ཡིག་གཟུགས་ལ་ད་ལྟའི་བོད་ཡིག་དང་འདྲ་བའི་ཕྱོགས་མང་པོ་ཡོད་པ་ནི་དྲག་ཡིག་རང་གི་ཡིག་གཟུགས་ཀྱི་ཁྱད་ཆོས་ཤིག་ཡིན་པ་ལས་སྐབས་དེར་བོད་ཡིག་དང་ཞང་ཡིག་ཅེས་ཡིག་སྲོལ་གཉིས་བྱུང་ནས་དེ་གཉིས་འདྲེས་མར་བྲིས་པ་ཞིག་གཏན་ནས་མིན། དེ་ནི་ད་ལྟའི་བོད་ཡིག་དང་སྔར་ཡོད་ཀྱི་ཡི་གེའི་དབར་རུས་གཟུགས་ཐད་རྒྱུད་འཛིན་གྱི་འབྲེལ་བ་ཡོད་པའི་མངོན་རྟགས་ཤིག་ཡིན་པས་ང་ཚོས་ད་ལྟའི་བོད་ཡིག་འདི་སློབ་དཔོན་ཐོན་མི་སཾ་བྷོ་ཊས་སྔར་ཡོད་ཀྱི་ཡི་གེའི་རྨང་གཞིའི་ཐོག་གསར་བཅོས་མཛད་པ་ཡིན་ཟེར་བ་དེ་ཡང་རྒྱུ་མཚན་དེ་རིགས་ལ་བརྟེན་ནས་བྱུང་བ་ཡིན།
༥ལྷ་བབས་ཀྱི་ཡི་གེའི་སྐོར།
ལྷ་བབས་ཀྱི་ཡི་གེ་ཟེར་བ་འདི་ལོ་རྒྱུས་མཁན་པོ་ཁག་གཅིག་གིས་སྲོང་བཙན་གོང་དུ་བྱུང་བའི་བོད་ཀྱི་ཡི་གེ་ཡིན་པར་བཞེད་པ་མ་ཟད། ཕྱིས་སུ་བྱུང་བའི་དབུ་མེད་ཀྱི་ཡིག་གཟུགས་དེ་ཡང་ལྷ་བབས་ཀྱི་ཡི་གེའི་རྨང་གཞིའི་ཐོག་བྱུང་བར་བཞེད། དེང་སྐབས་འཚོ་བཞུགས་སུ་ཡོད་པའི་མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ 《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》དང་། རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་མཛད་པའི《རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང》ནང་ཁོང་རྣམ་གཉིས་དགུང་ན་ཆུང་དུས་སྡེ་དགེ་རྨུག་ཡངས་ནས་ཡིན་པ་ཡིག་མཁན་མཁས་པ་བླ་མ་སྐུ་བགྲེས་རྡི་བཟོད་ཞུ་བའི་ས་ནས་ལྷ་བབས་ཀྱི་ཡི་གེ་སློབ་སྦྱོང་ཞུས་ལུགས་གསུང་འདུག་པ་དེར་གཞིགས་ན་དེང་གི་དུས་སུ་ཡི་གེ་འདི་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་ཡང་དེའི་ཡིག་རྒྱུན་མ་ཉམས་པར་ད་བར་གནས་ཡོད་པ་རེད། ཡི་གེ་དེར་ལྷ་བབས་ཞེས་པའི་ཐ་སྙད་དེ་བྱུང་དོན་ནི"སྨར"ཟེར་བའི་ཐ་སྙད་དེའི་གོ་དོན་དང་འབྲེལ་བ་ཡོད་པ་སྟེ། ཞང་ཞུང་གི་སྐད་དུ"སྨར"ལ"ལྷ"དང"བཀྲ་ཤིས"། "གཙོ་བོ"སོགས་ཀྱི་གོ་དོན་ཡོད་གཤིས་ཡིག་གཟུགས་འདི་གཞན་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་ཡིན་ལུགས་མཚོན་པའི་ཕྱིར་ལྷ་བབས་ཀྱི་ཡི་གེ་ཞེས་བརྗོད་པ་ཡིན་ཞེས་གསུངས། ལྷ་བབས་ཡི་གེའི་གཟུགས་རིས་དེ་གྲུ་ཟུར་ལྡན་པ་དང་། ཅུང་ཟད་གསེག་འཁྱོག་ཏུ་ཡོད་པ། དབྱངས་འདོགས་སོགས་མ་ཞུགས་པར་ཀ་ཁ་རྐྱང་པ་ཡིན་ན་ཡིག་འབྲུ་མང་ཆེ་བ་ཡིག་ངོ་ཆོད་ཐུབ་པ་དང་། གལ་ཏེ་ཡིག་གཟུགས་དེ་གསེག་འཁྱོག་མ་ཡིན་པ་འདྲོང་པོར་བྲིས་ན་དེ་བས་ཀྱང་ཡིག་ངོ་ཆོད་བདེ་བ་དང་། དབུ་མེད་་
ཡིག་གཟུགས་དང་འདྲ་བའི་ཁྱད་ཆོས་ཀྱང་མངོན་གསལ་དོད་པཞིག་་ཡོད།
ལྷ་བབས་ཡི་གེའི་གཟུགས་རིས་ཀྱི་དཔེ་གཞི།

ཡིག་དཔེ་འདི《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》ལས་དཔེ་བཤུས་བྱས་པའོ། 《ཞང་བོད་ལོ་རྒྱུས་ཏེ་སེའི་འོད》དུ་ལྷ་བབས་ཀྱི་ཡི་གེའི་ཀ་ཁ་དང་། དབྱངས་འདོགས་བརྩེགས་གསུམ་སྦྱར་བའི་ཡིག་དཔེ་ཆ་ཚང་འཁོད་ཡོད་ལ། ལྷ་བབས་ཀྱི་ཡི་གེའི་ལམ་ནས་བྲིས་པ"འཇིག་རྟེན་བདེ་བ་ཇི་སྙེད་པ། དེ་ཀུན་གཞན་བདེ་འདོད་ལས་བྱུང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། དེ་ཀུན་རང་བདེ་འདོད་ལས་བྱུང"ཞེས་པའི་ཚིག་རྐང་བཞི་ཅན་གྱི་ཡིག་དཔེ་གཅིག་ཀྱང་ཡོད་པ་དང་། "ཡིག་གཟུགས་འདི་ནི་བོད་རྒྱལ་སྲོང་བཙན་སྒམ་པོ་མ་བྱོན་པའི་གོང་བོད་མིས་བེད་སྤྱོད་བྱས་པའི་ཡི་གེ་དེ་ཡིན"ཞེས་གསལ་བར་བསྟན་གནང་མཛད་འདུག
ལྷ་བབས་ཀྱི་ཡི་གེ་དེ་འབྲུ་རྐྱང་པའི་སྐབས་སུ་དབུ་མེད་ཀྱི་ཡིག་གཟུགས་དང་འདྲ་བའི་ཕྱོགས་མང་པོ་ཡོད་ཀྱང་བརྗོད་པའི་ཕྲེང་བར་བཀོད་པའི་སྐབས་དངོས་སུ་སྦྱོང་མྱོང་མཁན་ཞིག་ཡིན་ན་མ་གཏོགས་ཡིག་ངོ་ཆོད་དཀའ་བ་ཞིག་སྣང་། ད་ཕན་རང་ཉིད་ཀྱི་མིག་ལམ་དུ་སོན་པའི་བོད་རྒྱལ་སྲོང་བཙན་སྒམ་པོ་ཚུན་ཆད་ཀྱི་དཔེ་རྙིང་དང་རྡོ་བརྐོས་ཡི་གེའི་གྲས་ལ་ལྷ་བབས་ཀྱི་ཡིག་གཟུགས་དང་ཆ་མཚུངས་པའི་རིགས་མེད་ལུགས་ལ་བསམས་ན་ཡི་གེ་འདི་ད་ལྟའི་བོད་ཡིག་འདི་གསར་གཏོད་མ་བྱས་གོང་གི་ཡི་གེ་རང་ཡིན་པ་ནི་དོགས་ཚོམ་མི་དགོས་པ་ཞིག་ཡིན་སྙམ། འོན་ཀྱང་ལྷ་བབས་ཀྱི་ཡི་གེའི་ལམ་ནས་བྲིས་པའི་ཚིག་རྐང་བཞི་ཅན་གྱི་ཡིག་དཔེ་དེར་གཞིགས་ན་ཡི་གེ་དེ་སྐད་ཀྱི་གོ་དོན་གང་ཡང་བརྡ་སྤྲོད་གསལ་བར་ནུས་པའི་ཁྱད་ཆོས་ལྡན་པ་ཞིག་ཡོད། དེ་ལྟར་ན་ཡིག་གཟུགས་ཀྱི་ཁྱད་པར་ཙམ་ལས་བརྡ་སྤྲོད་ཀྱི་ནུས་པ་ད་ལྟའི་བོད་ཡིག་དང་ཡོངས་སུ་མཚུངས་པས་དེ་འདྲ་གཏན་ནས་ཡོང་མི་སྲིད་པ་ཞིག་ཡིན། གང་ལགས་ཤེ་ན། སྲོང་བཙན་གོང་དུ་བྱུང་བའི་ཡི་གེ་ལ་དེང་སྐབས་ཀྱི་བོད་ཡིག་ལྟ་བུའི་སྒྲ་སྦྱོར་གྱི་གྲུབ་ཆ་ཚང་བ་ཞིག་མེད་ངེས་རང་ཡིན་པས། ཁྱད་ཆོས་དེ་འདྲ་ལྡན་པ་དེ་དུས་ཕྱིས་སུ་སྨར་ཆེན་སྨར་ཆུང་གི་ཡི་གེར་ད་ལྟའི་བོད་ཡིག་གི་སྒྲ་སྦྱོར་བྱེད་ཚུལ་དང་མཚུངས་པ་བཟོས་པ་བཞིན་ལྷ་བབས་ཀྱི་ཡི་གེར་ཡང་དེ་ལྟར་བཟོས་པ་ཞིག་ཡིན་པ་ལས་ཐོག་མ་ནས་ཁྱད་ཆོས་དེ་འདྲ་ཡོད་པ་ཞིག་གཏན་ནས་མིན་སྙམ།
མདོར་ན། གཤེན་རབ་མི་བོ་ཆེས་གསར་གཏོད་མཛད་པའི་བོད་ཀྱི་ཐོག་མའི་ཡི་གེ་དེར་སྨར་ཆེན་དང་། སྨར་ཆུང་། དྲག་ཡིག ལྷ་བབས་སོགས་གཟུགས་འགྱུར་འདྲ་མིན་གྱི་ཡིག་གཟུགས་འགའ་ཤས་བྱུང་ཡོད་པ་དང་། སྤྱིར་ན་འདིར་བཀོད་པའི་ཡིག་གཟུགས་དེ་རྣམས་ཀྱི་ཡིག་དཔེ་མང་ཆེ་བ་ཕྱིས་སུ་བྲིས་པ་ཡིན་གཤིས་གནའ་བོའི་སྐབས་ཀྱི་འབྲི་རྒྱུན་དང་ཡོངས་སུ་མཐུན་པ་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་ཅེས་བརྗོད་པར་དཀའ་ཡང་རྩ་བའི་རྣམ་པ་དེ་ལྟ་བུ་ཞིག་ཡིན་པ་ནི་ཡིད་རྟོན་བྱས་ཆོག་པ་ཞིག་ཡིན། ལྷག་པར་དུ་ཡིག་གཟུགས་ཀྱི་འཕེལ་རིམ་ལ་ཞིབ་པར་དཔྱད་ན་ཅུང་ཟད་ཕྱི་དུས་སུ་དར་བའི་སྨར་ཆུང་དང་། དྲག་ཡིག ལྷ་བབས་སོགས་ཀྱི་ཡིག་གཟུགས་ནི་ད་ལྟའི་བོད་ཡིག་གི་ཡིག་གཟུགས་དང་འདྲ་བའི་ཕྱོགས་ཇེ་མང་དུ་སོང་བའི་ཚུལ་འདིའི་ཐོག་ནས་བོད་ཀྱི་ཡིག་སྲོལ་སྔ་ཕྱི་གཉིས་ཀྱི་ཡིག་རུས་ཀྱི་འབྲེལ་བ་དང་། ཐོན་མིས་ད་ལྟའི་བོད་ཡིག་འདི་གསར་གཏོད་མཛད་སྐབས་བོད་ཀྱི་ཡིག་སྲོལ་དང་པོ་དེ་རྨང་གཞིར་མཛད་ཡོད་པ་ཡང་གསལ་པོར་མངོན་ཐུབ་པ་ཞིག་ཡིན་ནོ།།