༄༅།།ཐོན་མིས་བོད་ཀྱི་ཡིག་སྲོལ་གཉིས་པ་ད་ལྟའི་བོད་ཡིག་འདི་གསར་གཏོད་མཛད་པའི་སྐོར་གླེང་བ།

གྲོང་ཁང་ཚེ་རིང་ཆོས་རྒྱལ།
2015-05-28

འདིར་ཐོག་མར་བོད་ཀྱི་ཡིག་སྲོལ་གཉིས་པ་ད་ལྟའི་བོད་ཡིག་འདི་གསར་དུགཏོད་དགོས་དོན་དང་། སྐབས་དེའི་སྤྱི་ཚོགས་ཀྱི་ཆ་རྐྱེན་སོགས་ཀྱི་སྐོར་ཅུང་ཟད་བརྗོད་པ་ལ། དེ་ཡང་གངས་ཅན་ཡུལ་འདིའི་ལོ་རྒྱུས་ཀྱི་གོམ་སྟབས་ཉི་ཟླའི་བགྲོད་པ་དང་སྦྲགས་ཏེ་མདུན་ནས་མདུན་དུ་བསྐྱོད་ཅིང་།  སྤུར་རྒྱལ་དུས་རབས་དབུ་བརྙེས་པའི་རྗེས་བོད་མིའི་སྤྱིཆོགས་ཀྱི་འཕེལ་རིམ་དེ་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་གི་ཐོག་ཏུ་སླེབས་པ་དང་། དེ་ནས་རྒྱལ་རབས་རིམ་པ་བརྒྱུད་པའི་མི་ལོ་བརྒྱ་ཕྲག་མང་པོའི་ནང་གངས་ཅན་ཡུལ་འདིའི་ཆབ་དཔལ་རིག་གསུམ་ཕྱོགས་གང་ཐད་ཀྱི་རྣམ་པར་འཕེལ་རྒྱས་ཟམ་མི་ཆད་པ་བྱུང་ཞིང་།  སྤུར་རྒྱལ་དུས་རབས་ཀྱི་དུས་སྨད་དུ་སླེབས་སྐབས་བོད་ཡུལ་ཁྱོན་དུ་ཆབ་སྲིད་གོང་བུ་གཅིག་ཏུ་བསྒྲིལ་བ་དང་།  དཔལ་འབྱོར་སྔར་བས་མངའ་ཐང་རྒྱས་པར་བྱེད་པའི་རྨང་གཞི་རིམ་གྱིས་ཚུགས་ཐུབ་པ་བྱུང་ཡོད།

དེ་རྗེས་དཔའ་མཛངས་མཁྱེན་སྤྱན་ཡངས་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་སྲིད་ཁྲིར་མངའ་གསོལ་བའི་རྗེས་ཁོང་གིས་ཡབ་མེས་གོང་མ་རྣམས་ཚོའི་མཛད་འཕྲིན་གྱི་རྒྱུན་ལེགས་པར་བསྐྱངས་ཤིང་།  ཞི་དྲག་གང་འགབ་ཀྱི་མཛད་ཐབས་ལ་བརྟེན་ནས་བོད་ཡུལ་ཁོངས་སུ་ད་དུང་ཁྲིམས་འགོ་རང་བཙན་གྱི་ཚུལ་དུ་གནས་པའི་རྒྱལ་ཕྲན་དང་ཚོ་པ་འགའ་ཞིག་ཡོད་པ་རྣམས་མངའ་ཞབས་སུ་བསྡུས་ཏེ་སྟོབས་འབྱོར་ལྡན་པའི་གཅིག་གྱུར་གྱི་སྲིད་དབང་བཙུགས་ནས་ཡུལ་གྱི་དབང་རིས་གསར་དུ་བཅད།  དཔོན་གནས་ཀྱི་འགན་དབང་གཏན་ལ་ཕབ། རྒྱལ་ས་ཡང་བོད་ཡུལ་ཀུན་གྱི་ལྟེ་བར་གནས་པའི་ལྷ་སར་སྤོས། ཡུལ་མི་བདེ་བར་སྐྱོང་བའི་ཁྲིམས་སྲོལ་བཙུགས། ཕུ་འབྲོག་མདའ་ཞིང་གི་ཐོན་ལས་གོང་དུ་སྤེལ། མཐའ་བཞིའི་མི་རིགས་དང་མཛའ་མཐུན་གྱི་འབྲེལ་བ་བཙུགས།  ནང་པ་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་སོགས་ཞི་རྒྱས་དབང་དྲག་གི་མཛད་པའི་རླབས་ཕྲེང་རིམ་པ་མཁའ་དབྱིངས་སུ་འཕྱུར་བར་མཛད་དེ་བོད་ཀྱི་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ལེ་ཚན་གསར་དུ་ཕྱེ་བས་ཡི་གེའི་སྤྱོད་མཁོ་ཡང་ཤིན་ཏུ་ཆེ་བར་གྱུར། འོན་ཀྱང་སྔར་ཡོད་ཞང་ཞུང་གི་ཡི་གེ་དེར་བརྡ་སྤྲོད་ཀྱི་ནུས་པ་འཐུས་ཚང་མེད་པ་སོགས་ཀྱི་ཞན་ཆ་ཅུང་མང་བས་སྐྱེས་ལན་སྟབས་བདེ་ཙམ་གྱི་གོ་དོན་ཡང་ཇི་བཞིན་བརྡ་སྤྲོད་མ་ཐུབ་པར་རིམ་པས་སྤྱོད་གོ་མ་ཆོད་པར་གྱུར། དེ་འདྲའི་གནས་ཚུལ་འོག་ཆོས་རྒྱལ་སྲོང་བཙན་སྒམ་པོས་གངས་ཅན་སྐྱེས་འགྲོའི་ཕན་བདེའི་བྱ་གཞག་མུ་མཐུད་རྒྱ་ཆེར་སྤེལ་ཆེད་ཆོས་སྲིད་འཇིག་རྟེན་གང་སར་སྤྱོད་སྟབས་

བདེ་ལ་གོ་དོན་ཅི་ཡང་ཐོགས་མེད་དུ་མཚོན་པར་ནུས་པའི་ཡིག་སྲོལ་གསར་པ་ཞིག་ཅིས་ནས་་་

ཀྱང་དགོས་གལ་ཆེ་བར་གཟིགས་ནས་གཞུང་དྲང་ཤེས་རིག་བཀྲ་བའི་བློན་ཆེན་ཐོན་མི་སཾ་བྷོ་ཊ་འཁོར་དང་བཅས་པ་རྒྱ་གར་ལ་སློབ་སྦྱོང་དུ་མངགས་ཤིང་།  བོད་མིའི་བློ་གྲོས་ཀྱི་པད་མོ་

ལེགས་པར་འཛུམ་པའི་ཉི་ཟེར་གསར་པ་འདྲེན་ཕྱིར་ད་ལྟའི་བོད་ཡིག་གི་སྲོལ་འདི་གསར་གཏོད་གནང་རྒྱུའི་འཆར་འགོད་བཀོད་སྒྲིག་གི་ལས་གཞི་དངོས་སུ་འགོ་ཚུགས་པར་མཛད།

        དེ་ལྟར་ཐོན་མིས་རྒྱ་གར་ཡུལ་དུ་ལོ་བདུན་ཙམ་གྱི་རིང་གུས་བརྩོན་ལྷུར་ལེན་གྱིས་ཡིག་རིགས་ཁག་དང་། སྒྲ་རིག་པའི་གཞུང་ལུགས་སོགས་གསན་སྦྱོང་དཔྱིས་ཕྱིན་པ་གནང་ནས་མཁས་པའི་གོ་འཕང་བརྙེས་ཏེ་སྤྱིལོ639ལོར་བོད་དུ་ཕྱིར་ལོག་ཕེབས།   ཆོས་རྒྱལ་སྲོང་བཙན་སྒམ་པོས་ས་དཔྱད་བཟང་པོས་རྣམ་པར་མཛེས་པའི་ལྷ་སའི་བྱང་ངོས་ཉང་བྲན་དབུ་གདུགས་རི་ཡི་ཕང་པར་ཡིག་སྲོལ་གསར་གཏོད་བྱ་ཡུལ་དུ་བཞེངས་གནང་མཛད་པའི་སྐུ་མཁར་མ་རུར་(དེང་སྐབས་ཕ་བོང་ཁའི་དགོན་པ་ཡོད་ས་དེར་ཡིན)ཐོན་མི་སཾ་བྷོ་ཊར་དགའ་སྟོན་གྱི་བསུ་བ་གཟབ་རྒྱས་མཛད། ཐོན་མིས་ཀྱང་རྒྱ་གར་ཡུལ་དུ་དཀའ་སྤྱད་འབད་འབུངས་ཀྱིས་སློབ་སྦྱོང་གནང་ནས་གྲུབ་འབྲས་ཕུན་སུམ་ཚོགས་པ་བྱུང་ཚུལ་ཞིབ་ཅིང་གསལ་བ་སྙན་དུ་གསོལ། བཙན་པོ་ཐུགས་ཤིན་ཏུ་དགྱེས་ནས་ཐོན་མིར་བསྔགས་བརྗོད་དང་བཀུར་བཟོས་བློས་མི་ཤོང་བ་མཛད་ཐོག"བོད་ཀྱི་ཕལ་སྐད་ལ་འགྲེས་ཏེ་ཆོས་སྐད་དུ་འགྱུར་ངེས་པའི་ཡི་གེ་སྟེ་ཆོས་སྲིད་གང་སར་སྤྱོད་ཐུབ་པ་ཞིག་ཅིས་ཀྱང་བརྩམ་"དགོས་ཞེས་བཀའ་ཕབ།

    དེ་ནས་ཐོན་མིས་བཙན་པོའི་བཀའ་སྤྱི་བོས་བླངས་ཏེ་ཡིག་སྲོལ་གསར་གཏོད་ཀྱི་བྱེད་སྒོ་དངོས་སུ་འགོ་བརྩམས།  དེ་ཡང་ཐོག་མར་ཕྱོགས་གཅིག་ནས་རྒྱ་གར་གྱི་ཡི་གེའི་འཇུག་སྲོལ་དཔྱད་གཞིར་མཛད་ཐོག་སྒྲ་རིག་པའི་གཞུང་ལུགས་ཕྱོགས་སྟོན་དུ་བྱས་ཏེ་སྔར་ཡོད་ཡིག་སྲོལ་དེའི་དགེ་སྐྱོན་དང་།  ལྷག་པར་དུ་ཡིག་སྲོལ་དེ་བཞིན་མཐར་ཐུག་སྤྱོད་གོ་མ་ཆོད་པར་གྱུར་པའི་ཉམས་མྱོང་བསླབ་བྱ་རྣམས་ཕྱོགས་སྡོམ་མཛད། ཕྱོགས་གཅིག་ནས་བོད་དབུས་ཀྱི་སྐད་རྨང་གཞིར་བཟུང་བའི་ཡུལ་ཕྱོགས་སོ་སོའི་སྐད་ལུགས་ལ་ཞིབ་པར་བརྟགས་ནས་བོད་སྐད་སྒྲ་གདངས་འདོན་ཕྱོགས་ཀྱི་རྩ་བའི་ཆོས་ཉིད་ཇི་ཡིན་རྟོག་པར་མཛད་ཐོག   སྔོན་མའི་ཞང་ཞུང་གི་ཡི་གེ་དང་རྒྱ་གར་གྱི་ཡི་གེ་སོ་སོའི་ཁྱད་ཆོས་ལ་བསྡུར་ཞིབ་ཀྱིས་ཡིག་སྲོལ་གསར་པ་ཅི་འདྲ་ཞིག་བཟོ་བ་དང་། ཡིག་སྲོལ་དེ་འགྲུབ་པར་གྲུབ་ཆ་ཇི་ཙམ་འདུ་དགོས་པ་སོགས་ཀྱི་ཐད་ཞིབ་འཇུག་ནན་གཟབ་མཛད། ཐོན་མིས་སྒྲ་སྦྱོར་གྱི་ཡིག་སྲོལ་ནི་སྒྲ་གདངས་སྣ་ཚོགས་ཀྱི་རྣམ་པ་གསལ་ཞིང་དག་པ་ཐོན་པའི་ཐོག་ནས་བརྗོད་དོན་གང་ཡིན་གོ་བ་མ་འཁྲུལ་བར་བརྡ་སྤྲོད་ཐུབ་པ་དང་། ཡི་གེའི་ཕྱི་མོ་ཉུང་ལ་འབྲི་སྦྱོང་ངེས་སྤྱོད་བདེ་བ་སོགས་ཀྱི་ཁྱད་ཆོས་དུ་མ་ལྡན་པ་ཞིག་ཡིན་པར་བརྟེན་གསར་དུ་བཟོ་རྒྱུའི་ཡི་གེ་དེ་ཡང་སྒྲ་སྦྱོར་གྱི་ཡིག་སྲོལ་བཟོ་རྒྱུ་རང་དུ་ངེས་པར་མཛད་པ་མ་ཟད། ཡིག་སྲོལ་དེ་དག་འགྲུབ་པར་བྱེད་པའི་ཡན་ལག་གི་གྲུབ་ཆའམ་ཡི་གེའི་རྣམ་གཞག་ཁག་ཀྱང་གཏན་ལ་ཕབ། དེ་ཡང་གསལ་བྱེད་ཀྱི་ཡི་གེའི་རྣམ་གཞག་དང་། འདོགས་ཅན་གྱི་ཡི་གེའི་རྣམ་གཞག  མགོ་ཅན་གྱི་ཡི་གེའི་རྣམ་གཞག  འཕུལ་ཅན་གྱི་ཡི་གེའི་རྣམ་གཞག མཐའ་རྟེན་གྱི་ཡི་གེའི་རྣམ་གཞག སྲོག་རྐྱེན་གྱི་ཡི་གེའི་རྣམ་གཞག་བཅས་གཙོ་བོའི་གྲུབ་ཆ་དྲུག་ཏུ་དབྱེ་བ་མཛད་པ་དང་འབྲེལ་རྣམ་གཞག་སོ་སོའི་ནང་དོན་དང་ནང་གསེས་ཀྱི་ཡན་ལག་རྣམས་ཀྱང་ཞིབ་པར་གཏན་ལ་ཕབ་པར་མཛད། དེ་འདྲའི་འཆར་འགོད་གཞིར་བཟུང་ཡིག་སྲོལ་གསར་པ་འབྱེད་པའི་རྒྱུད་རིམ་ནང་ཐོན་མིས་བོད་སྐད་ཀྱིའགྲོ་སྟངས་དང་བསྟུན་ནས་རྒྱུན་འཛིན་དང་དཔེ་ལེན།  ལྷག་པར་དུ་གསར་གཏོད་ཀྱི་ཕྱག་ལེན་རིམ་པ་མཛད་ཡོད་པ་ནི་བརྗོད་མི་དགོས་པ་ཡིན།

    གཤམ་དུ་ཡི་གེའི་རྣམ་གཞག་སོ་སོའི་ཞིབ་ཕྲའི་ནང་དོན་ཇི་ལྟར་གཏན་ལ་ཕབ་ཚུལ་མདོ་ཙམ་བཀོད་པ་ལ།

   ༡ གསལ་བྱེད་རྐྱང་པའི་རྣམ་གཞག  གསལ་བྱེད་རྐྱང་པའི་ཁོངས་སུ་གཏོགས་པ་ཡི་གེ་ཕྱི་མོ་སུམ་ཅུར་ངེས་པ་སྟེ།

ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བཅས་སོ།།

    གསལ་བྱེད་རྐྱང་པ་རྣམས་ནི་རྩ་བའི་ཆར་སྔོན་མའི་ཡིག་སྲོལ་དུ་ཡོད་པ་ཇི་བཞིན་དེ་ལྟར་རང་སོར་ངེས་པ་ཡིན་ཡང་། གསལ་བྱེད་རྣམས་སྡེ་པ་སྒྲིག་སྟངས་ཐད་རྒྱ་གར་གྱི་ཡི་གེའི་ལུགས་ལྟར་བསྒྱུར་བཅོས་

ཆེ་ཙམ་མཛད་པར་མངོན། གང་ལགས་ཤེ་ན། ཡིག་སྲོལ་དང་པོའི་སྐབས་ཀྱི་གསལ་བྱེད་ཀྱི་གོ་རིམ་སྒྲིག་སྟངས་དེ་འབྱུང་བ་ལྔ་ཡི་མཚོན་རྟགས། ཨོཾ་རཾ་སྲུཾ་ཁཾ་ཡཾ་བཅས་ལྔ་ཡི་ཁོངས་སུ་སྡེ་ཚན་དུ་བསྒྲིགས་པ་ཞིག་ཡིན་པ་ལས་སྒྲ་ཡི་སྐྱེ་གནས་གཞིར་བཟུང་བསྒྲིགས་པ་ཞིག་མ་ཡིན།  རྒྱ་གར་ཡི་གེའི་གསལ་བྱེད་རྣམས་གཙོབོ་སྐྱེ་གནས་གཞིར་བཟུང་སྡེ་ཚན་ཁག་ལ་དབྱེ་བ་གསལ་པོར་མངོན་གཤིས་དེ་གཉིས་དབར་ཁྱད་པར་ཆེ་ཙམ་ཡོད། སྒྲ་རིག་པའི་ལམ་ནས་དབྱེ་ཞིབ་བྱས་ན་རྒྱ་གར་གྱི་གསལ་བྱེད་སྒྲིག་སྟངས་དེ་ཚན་རིག་དང་མཐུན་ཆེ་བ་མ་ཟད། ཐོན་མིས་གསལ་བྱེད་ཀྱི་ཡི་གེ་སོ་སོ་སྒྲ་གདངས་འདོན་པའི་སྐབས་བྱེད་རྩོལ་མི་འདྲ་བའི་གནད་ཀྱིས་ཕོ་མོ་མ་ནིང་སོགས་སུ་དབྱེ་བའི་སྡེ་ཚན་གྱིརིམ་པ་འབྱེད་བདེ་བ་ཡོད་སྟབས་གསལ་བྱེད་སུམ་ཅུ་སྡེ་པ་ཕྱེད་དང་བརྒྱད་དུ་དྲིལ་སྲོལ་དེ་རྒྱ་གར་གྱི་ཡི་གེའི་ལུགས་ལྟར་མཛད་པ་རང་ཡིན་སྙམ། གསལ་བྱེད་སུམ་ཅུར་ཕོ་མོ་མ་ནིང་སོགས་རྟགས་ཀྱི་དབྱེ་བ་ཇི་ལྟར་མཛད་ཚུལ་ནི་རྣམ་པ་གཉིས་ལས། གཅིག་ནི་ཕོ་དང་། མོ་དང་། མ་ནིང་དང་། ཤིན་ཏུ་མོ་དང་། མོ་གཤམ་བཅས་སྡེ་ཚན་ལྔ་ལ་དབྱེ་བ་སྟེ། ཀ་ཅ་ཏ་པ་ཙ་རྣམས་ཕོ་དང་། ཁ་ཆ་ཐ་ཕ་ཚ་རྣམས་མ་ནིང་། ག་ཇ་ད་བ་ཛ་ཝ་ཞ་ཟ་ཡ་འ་ཤ་ས་རྣམས་མོ། ང་ཉ་ན་མ་ཤིན་ཏུ་མོ།ར་ལ་ཧ་ཨ་རྣམས་མོ་གཤམ་བཅས་དང་། རྣམ་པ་གཅིག་ཏུ་ནི་ཕོ་དང་མ་ནིང་གཉིས་ཀྱི་དབྱེ་བ་རང་འཇགས་ཐོག   ཤིན་ཏུ་མོ་དང་། མོ་གཤམ་གྱི་ཡི་གེ་རྣམས་མོ་ཡི་ཁོངས་སུ་བཞག་ནས་གསལ་བྱེད་སུམ་ཅུ་ཐམ་པ་དེ་ཕོ་དང་། མོ་དང་། མ་ནིང་བཅས་སྡེ་ཚན་གསུམ་དུ་དྲིལ་སྲོལ་གཅིག་ཀྱང་མཛད། དེ་ལྟར་མཛད་དོན་ནི་གསལ་བྱེད་ཀྱི་ཕོ་ཡིག་དང་། མ་ནིང་གི་ཡི་གེ་རྣམས་མིང་གཞིར་འཇུག་པའི་སྐབས་འཕུལ་རྟེན་མགོ་འདོགས་ཇི་ལྟར་ཞུགས་ཀྱང་རང་སྒྲར་འགྱུར་བ་མི་འགྲོ་བ་དང་། གསལ་བྱེད་ཀྱི་མོ་ཡིག་དང་། ཤིན་ཏུ་མོ་དང་། མོ་གཤམ་གྱི་ཡི་གེ་རྣམས་མིང་གཞིར་འཇུག་པའི་སྐབས་ཕྲད་སྟོབས་དབང་གིས་རང་སྒྲར་འགྱུར་བ་འགྲོ་བའི་ཁྱད་པར་ཡོད་གཤིས། བོད་སྐད་ཀྱི་སྒྲ་གདངས་སྣ་ཚོགས་གསལ་བར་ཉེ་བར་མཁོ་བའི་རྗེས་འཇུག་གི་ཡི་གེ་རྣམས་མོ་ཡི་ཁོངས་ནས་དབྱུངས་བའི་དགོས་པ་ལ་བརྟེན་ནས་སྡེ་ཚན་གསུམ་དུ་དྲིལ་སྲོལ་དེ་མཛད་པ་ཡིན།

   ༢ མགོ་ཅན་གྱི་རྣམ་གཞག  བོད་སྐད་ཀྱི་སྒྲ་དོན་དབྱེ་བ་བསལ་ཕྱིར་མིང་གཞིའི་སྟེང་དུ་སྦྱོར་བྱེད་དུ་གཏན་ལ་ཕབ་པའི་ཡི་གེ་གསུམ་ནི་ར་ལ་ས་གསུམ་ཡིན་པ་དང་། དེ་ལ་ར་མགོ  ལ་མགོ  ས་མགོ་ཞེས་བརྗོད། དེ་གསུམ་སྦྱར་བའི་ཡི་གེར་མགོ་ཅན་གྱི་ཡི་གེ་འམ་མགོ་ཅན་ཉིས་བརྩེགས་ཅན་གྱི་ཡི་གེ་ཞེས་བརྗོད།  མགོ་ཅན་ཉིས་བརྩེགས་ཅན་གྱི་ཡི་གེ་རྣམ་གྲངས་སུམ་ཅུ་སོ་གསུམ་དུ་ངེས་པ་ལས།

ར་མགོ་ཅན་བཅུ་གཉིས། རྐ། རྒ རྔ། རྗ། རྙ། རྡ། རྟ། རྣ། རྦ། རྨ། རྩ། རྫ།

ལ་མགོ་ཅན་བཅུ། ལྐ། ལྒ ལྔ། ལྕ། ལྗ། ལྟ། ལྡ། ལྤ། ལྦ། ལྷ།

ས་མགོ་ཅན་བཅུ་གཅིག  སྐ། སྒ སྔ། སྙ། སྟ། སྡ། སྣ། སྤ། སྦ། སྨ། སྩ

   ༣ འདོགས་ཅན་གྱི་རྣམ་གཞག  བོད་སྐད་ཀྱི་སྒྲ་དོན་དབྱེ་བ་བསལ་ཕྱིར་མིང་གཞིའི་སྨད་དུ་སྦྱོར་བྱེད་དུ་གཏན་ལ་ཕབ་པའི་ཡི་གེ་ནི་ཡ། ར། ལ། ཝ་བཅས་བཞི་ཡིན། དེའི་ཁོངས་ནས་ཡ་དང་།  ར་གཉིས་སྔོན་མའི་ཡིག་སྲོལ་དུ་ཡོད་པ་རང་སོར་བཞག་པའི་ཐོག   ལ་དང་ཝ་གཉིས་གསར་དུ་བསྣན་པ་དང་།  དེ་བཞི་པོར་ཡ་བཏགས། ར་བཏགས། ལ་བཏགས། ཝ་བཏགས་སམ་སྨད་འདོགས་ཞེས་བརྗོད། སྨད་འདོགས་སྦྱར་བའི་ཡི་གེ་རྣམས་ལ་འདོགས་ཅན་གྱི་ཡི་གེའམ་སྨད་འདོགས་ཉིས་བརྩེགས་ཅན་གྱི་ཡི་གེ་ཞེས་བརྗོད། དེའི་ནང་ནས་ཡང་ཝ་བཏགས་སྦྱར་ཡུལ་ཀྭ། ཁཱ། གྭ ཉཱ། དྭ། ཙཱ། ཚྭ། ལྭ། ཟྭ། རྭ། ལྭ། ཤྭ། སྭ། ཧྭ། རྩྭ། ཕྱྭ། གྲྭ་བཅས་ཡོད་པ་རྣམས་ནི་མིང་གཞི་དང་སྔོན་འཇུག་ཕན་ཚུན་མ་འཁྲུལ་བ་དང་། ཡང་ན་སྒྲ་གཟུགས་མཚུངས་པའི་ཡི་གེས་མིང་གཅིག་དོན་གྱི་རྣམ་གྲངས་འབྱེད་ཕྱིར་སྦྱར་བ་ཡིན་ཞིང་། སྦྱར་ཡུལ་ཡི་གེ་སོ་སོའི་སྒྲ་གདངས་གང་ཡིན་པ་དེའི་ངོ་བོ་རྩ་བའི་ཆར་འགྱུར་བ་མེད་ལ་དྭ་ཡིག་མ་གཏོགས་གཞན་རྣམས་རེ་རེ་བར་ཟད་པས། རྒྱུན་སྲོལ་དུ་འདོགས་ཅན་གྱི་ཁོངས་སུ་བགྲང་བ་ལས་ཉིས་བརྩེགས་ཅན་གྱི་ལུས་ཀྱི་ཡི་གེའི་ཁོངས་སུ་འཇོག་པར་མ་མཛད་དོ། ཝ་བཏགས་ཕུད་པའི་ཡ། ར། ལ་གསུམ་གྱི་འཇུག་ཡུལ་ཡི་གེ་ཉི་ཤུ་རྩ་བདུན་དུ་ངེས་པ་ལས།

ཡ་བཏགས་ཅན་བདུན།     ཀྱ། ཁྱ། གྱ། པྱ། ཕྱ། བྱ། མྱ།

ར་བཏགས་ཅན་བཅུ་བཞི།  ཀྲ། ཁྲ། གྲ། ཏྲ། ཐྲ། དྲ། ན། པྲ། ཕྲ། བྲ། མྲ། སྲ། ཧྲ།

ལ་བཏགས་ཅན་དྲུག        ཀླ། གླ། གླ། ཟླ། སླ། སླ་བཅས་སོ།།

   ༤ མགོ་འདོགས་གཉིས་ཀ་སྦྱར་བའི་སུམ་བརྩེགས་ཅན་བཅུ་གཉིས།

རྐྱ། རྒྱ། སྐྱ། སྒྱ། སྤྱ། སྦྱ། སྨྱ། སྐྲ། སྒྲ། སྤྲ། སྦྲ། སྨྲ་བཅས་སོ།།

   ༥ སྔོན་འཇུག་གི་རྣམ་གཞག  བོད་སྐད་ཀྱི་སྒྲ་དོན་དབྱེ་བ་བསལ་བར་མཁོ་བའི་མིང་གཞིའི་ཡི་གེའི་སྔོན་དུ་འཇུག་བྱེད་དུ་གཏན་ལ་ཕབ་པའི་སྔོན་འཇུག་ལྔ་ནི་ག་ད་བ་མ་འ་བཅས་སོ།། སྔོན་འཇུག་ལྔ་ཡིས་མིང་གཞིའི་ཡི་གེ་འཕུལ་བའི་སྐབས་སྒྲ་གདངས་དྲག་ཞན་གྱི་དབྱེ་བ་འབྱུང་བར་གཞིགས་ནས་སྔོན་འཇུག་བ་ལ་ཕོ་དང་། ག་དང་ད་ལ་མ་ནིང་། འ་ལ་མོ།  མ་ལ་ཤིན་ཏུ་མོ་བཅས་རྟགས་བཞིར་དབྱེ་བར་མཛད་པ་དང་། དེ་བཞིན་སྔོན་འཇུག་རྣམས་གང་ལ་འཇུག་དང་། གང་གིས་འཇུག་པའི་དབྱེ་བ་དང་རྣམ་གྲངས་གསལ་བར་གཏན་ལ་ཕབ་པ་ལས།

   () རྐྱང་འཕུལ་བཞི་བཅུ་ཞེ་བརྒྱད་ལས།

གས་འཕུལ་གསལ་བྱེད་རྐྱང་པ་བཅུ་གཅིག   ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས།

དས་འཕུལ་གསལ་བྱེད་རྐྱང་པ་དྲུག           ཀ་ག་ང་པ་བ་མ།

བས་འཕུལ་གསལ་བྱེད་རྐྱང་པ་བཅུ།         ཀ་ག་ཅ་ཏ་ད་ཙ་ཞ་ཟ་ཤ་ས།

མས་འཕུལ་གསལ་བྱེད་རྐྱང་པ་བཅུ་གཅིག  ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ།

འས་འཕུལ་གསལ་བྱེད་རྐྱང་པ་བཅུ།          ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་བཅས་སོ།།

   () སྔོན་འཇུག་ད་བ་མ་འ་བཞི་ཡིས་མགོ་ཅན་འདོགས་ཅན་འཕུལ་བ་ཉིས་བརྩེགས་

ཅན་གྱི་ཡི་གེ་ལྔ་བཅུ་ང་གཅིག་ལས།

དས་འཕུལ་ཡ་རའི་འདོགས་ཅན་དགུ   ཀྱ་གྱ་པྱ་བྱ་མྱ།  ཀྲ་གྲ་པྲ་བྲ།

བས་འཕུལ་ར་མགོ་ཅན་བཅུ།             རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྩ་རྫ།

བས་འཕུལ་ལ་མགོ་ཅན་གཉིས།         ལྟ་ལྡ།

བས་འཕུལ་ས་མགོ་ཅན་བརྒྱད།          སྐ་སྒ་སྔ་སྙ་སྟ་སྡ་སྣ་སྩ

བས་འཕུལ་ཡ་བཏགས་ཅན་གཉིས།     ཀྱ་གྱ

བས་འཕུལ་ར་བཏགས་ཅན་གསུམ།     ཀྲ་གྲ་སྲ།

བས་འཕུལ་ལ་བཏགས་ཅན་བཞི།      ཀླ་ཟླ་རླ་སླ།

མས་འཕུལ་ཡ་རའི་འདོགས་ཅན་བཞི།  ཁྱ་གྱ  ཁྲ་གྲ།

འས་འཕུལ་ཡ་རའི་འདོགས་ཅན་དགུ  ཁྱ་གྱ་ཕྱ་བྱ།  ཁྲ་གྲ་དྲ་ཕྲ་བྲ།

   ()བས་འཕུལ་སུམ་བརྩེགས་ཅན་གྱི་ཡི་གེ་དྲུག  རྐྱ་རྒྱ། སྐྱ་སྒྱ སྐྲ་སྒྲ།

གོང་དུ་དྲངས་པའི་གསལ་བྱེད་རྐྱང་པ་དང་། མགོ་ཅན་ཉིས་བརྩེགས་ཅན། འདོགས་ཅན་ཉིས་བརྩེགས་ཅན། མགོ་འདོགས་གཉིས་ཀ་སྦྱར་བའི་སུམ་བརྩེགས་ཅན།  འཕུལ་ཅན་གྱི་ཡི་གེ་བཅས་ཐམས་ཅད་བསྡོམས་ཉིས་བརྒྱ་བཅུ་མེད་དྲུག་ཡོད་པ་ལ་སྤྱི་མིང་དུ་ལུས་ཀྱི་ཡི་གེ་ཞེས་བརྗོད་དོ།

   སྐབས་འདིར་དམིགས་བསལ་དུ་བརྗོད་དགོས་པ་ཞིག་ལ་གོང་དུ་མགོ་ཅན་དང་སྔོན་འཇུག་རྣམས་འཇུག་ཡུལ་ཡི་གེ་གང་དང་གང་ཡིན་ཐད་འདིར་ད་ལྟའི་སུམ་རྟགས་ཀྱི་གཞུང་ལུགས་ནང་གསལ་བ་བཞིན་བཀོད་ཡོད་རུང་།  ཐོན་མིས་ཡི་གེའི་རྣམ་གཞག་གཏན་ལ་ཕབ་པའི་སྐབས་མགོ་ཅན་དང་སྔོན་འཇུག་འཇུག་ཡུལ་ཡི་གེའི་ཁ་གྲངས་དེ་ལྟར་ཡིན་མིན་ཐད་མུ་མཐུད་དཔྱད་ཞིབ་དོགས་གཅོད་བྱེད་དགོས་པའི་གནས་སུ་མཆིས། གང་ཡིན་ཞེ་ན།  ཐོན་མིའི་རྗེས་སུ་ཡི་གེའི་སྡེབ་སྦྱོར་བྱེད་ཚུལ་དང་། བརྡ་གསར་རྙིང་ལ་བཀས་བཅད་དམ་སྐད་གསར་བཅད་བྱེད་པའི་ནང་དོན་ཁོངས་སུ་མགོ་ཅན་གྱི་ཡི་གེར་སྔོན་འཇུག་བ་རང་ལས་འསྩལ་གརྩང་ལྟ་བུ་སྔོན་འཇུག་གཞན་སྦྱར་མི་རུང་བ་བཟོས་པ་དང་།  དེ་བཞིན་མ་ནིང་གི་ཡི་གེར་རྪ་སྪལྟ་བུ་མགོ་ཅན་སྦྱར་བའི་སྲོལ་མེད་པ་བཟོས་པ་སོགས་ཡོད་ལུགས་ལ་བསམས་ན་མགོ་ཅན་དང་སྔོན་འཇུག་འཇུག་ཡུལ་གྱི་ཁ་གྲངས་ད་ལྟའི་སུམ་རྟགས་ནང་གསལ་བ་ལྟ་བུ་ཨེ་ཡིན་སྙམ་པའི་དོགས་ཚོམ་རང་བཞིན་དུ་འཆར།  ཡང་སྐབས་དེའི་སྐད་གསར་བཅད་ཀྱི་ནང་དོན་ཁོངས་མྱེད་མྱིང་ལྟ་བུ་ཡུལ་སྐད་ཤོར་ནས་མ་དག་པ་བྱུང་བ་ཡོ་བསྲང་ལེགས་བཅོས་བྱས་པ་ཡང་ཡོད་པས་དེར་བསམས་ན་ཡིག་སྲོལ་གསར་པ་བཟོས་མ་ཐག་པའི་དུས་སྐབས་སུ།  མི་རྣམས་ཀྱིས་ཡི་གེ་རྣམ་གཞག་སོ་སོའི་འཇུག་ཚུལ་ཇི་བཞིན་མ་རྟོགས་པར་རང་ཁར་གང་འཇགས་ཀྱི་སྒྲ་བཞིན་སྡེབ་སྦྱོར་བྱས་པ་ལས་བྱུང་བའི་ཡིག་སྐྱོན་གྱི་རིགས་ཀྱང་ཡིན་ཤས་ཆེ་སྙམ་པ་བཅས་གང་ལྟར་དེ་གཉིས་ཇི་ཡིན་དབྱེ་བ་ངེས་གཏན་འབྱེད་པའི་ཁུངས་ལྡན་གྱི་དཔྱད་ཡིག་ལག་ཏུ་མ་སོན་སྟབས། འདིར་རེ་ཞིག་སུམ་རྟགས་ཀྱི་རྩ་བའི་ནང་འཁོད་པ་ཇི་བཞིན་དྲངས་པའོ།།

༦ རྗེས་འཇུག་དང་ཡང་འཇུག་གི་རྣམ་གཞག   མིང་གཞིའི་རྗེས་སུ་འཇུག་པའི་ཡི་གེ་བཅུ་རུ་ངེས་པ་སྟེ། ག་ང་ད་ན་བ་མ་འ་ར་ལ་ས་བཅས་བཅུ་དང་། རྗེས་འཇུག་བཅུ་ཡི་ཁོངས་ནས་ཡང་འཇུག་གི་ཡི་གེ་གཉིས་དབྱུངས་བར་མཛད་པ་སྟེ། རྗེས་འཇུག་ག་ང་བ་མ་བཞི་ཡི་རྗེས་སུ་འཇུག་པ་ས་དང་།  རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་འཇུག་པ་ད་གཉིས་སོ།།  རྗེས་འཇུག་གི་ཡི་གེ་རྣམས་མིང་གཞིར་སྦྱར་བའི་ཚེ་ཕྲད་སྟོབས་དབང་གིས་སྒྲ་གདངས་འགྱུར་ཚུལ་ལ་གཞིགས་ནས་རྟགས་ཀྱི་དབྱེ་བ་མཛད།  འོན་ཀྱང་རྟགས་ཀྱི་དབྱེ་བ་ཇི་ལྟར་མཛད་ཚུལ་སྐོར་བཞེད་པ་མི་འདྲ་བ་མང་དུ་བྱུང་བ་ལས་སྤྱིར་བཏང་དུ་སི་ཏུའི་བཞེད་པ་དེ་དག་པར་འཛིན་པ་བཞིན་བཀོད་པ་ལ།  རྗེས་འཇུག་བཅུ་ཡི་ནང་ནས་ག་ད་བ་ས་བཞི་ལ་ཕོ་དང་།  ང་མ་འ་གསུམ་ལ་མོ།  ན་ར་ལ་གསུམ་ལ་མ་ནིང་བཅས་རྟགས་གསུམ་དུ་དབྱེ་བར་མཛད་དོ།། རྗེས་འཇུག་ནི་བོད་སྐད་སྒྲ་སྦྱོར་གྱི་གྲུབ་ཆ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།  རྗེས་འཇུག་གི་འཇུག་ཡུལ་ལ་མགོ་ཅན་དང་། འདོགས་ཅན། འཕུལ་ཅན་གྱི་ཡི་གེ་ལྟ་བུར་གྲངས་ཚད་ཀྱི་གཏན་འབེབས་མཛད་མེད།  རྗེས་འཇུག་སྦྱར་བའི་རྗེས་ཡི་གེ་དེ་དག་སྤྱོད་མཁོ་ཡོད་མེད་ཀྱི་དབྱེ་བ་མ་གཏོགས་འཇུག་པ་དང་། མི་འཇུག་པའི་དབྱེ་བ་མེད་པར་ལུས་ཀྱི་ཡི་གེ་མཐའ་དག་གི་རྗེས་སུ་སྦྱར་ཆོག་པ་དེས་བོད་སྐད་ཀྱི་གོ་དོན་སྣ་ཚོགས་ཀྱི་ཁྱད་པར་གསལ་བར་འབྱེད་པའི་ཚེག་ཁྱིམ་ཇི་ཙམ་དགོས་པ་ཐམས་ཅད་འགྲུབ་ཐུབ་པ་བྱུང་བ་ཡིན།

སྤྱིར་བཏང་དུ་བྱས་ན། བོད་སྐད་ཀྱི་གོ་དོན་ཡིག་ལམ་ནས་བརྡ་སྤྲོད་བྱེད་པར་རྒྱུན་སྤྱོད་དུ་མཁོ་བའི་ཡི་གེའམ་ཚེག་ཁྱིམ་གྱི་འབྲུ་གྲངས་བརྒྱད་སྟོང་ཙམ་དགོས་པ་དང་།  རྒྱུན་སྤྱོད་དང་དམིགས་བསལ་ཡོད་དོ་ཅོག་ཡིག་ལམ་ནས་བརྡ་སྤྲོད་པར་ཡི་གེ་འབྲུ་གྲངས་ཆིག་ཁྲི་བརྒྱད་སྟོང་ཙམ་དགོས་ཞེས་གསུངས་པ་དེ་ནི་ཐོན་མིས་ཡིག་སྲོལ་གསར་གཏོད་མཛད་པའི་སྐབས་མིང་དུ་གྲུབ་པའི་ཡི་གེ་ཇི་ཙམ་དགོས་མིན་ལ་བརྟག་ཞིབ་རགས་རྩིས་མཛད་པའི་གྲངས་ཚད་ཞིག་ཡིན་པ་གདོན་མི་ཟ་ཞིང་། རྗེས་འཇུག་གི་རྣམ་གཞག་མེད་ན་ལུས་ཀྱི་ཡི་གེ་གཅིག་པུས་ཀློག་ཏུ་རུང་ཞིང་དོན་གྱི་ཁྱད་པར་སྟོན་ནུས་པའི་ཡི་གེ་འབྲུ་གྲངས་ཆིག་སྟོང་ལྷག་ཙམ་ལས་མ་གྲུབ་པས། དེ་འདྲ་ཞིག་གིས་སྐད་ཀྱི་གོ་དོན་ཡིག་ལམ་ནས་བརྡ་སྤྲོད་པའི་དགོས་མཁོ་དང་འཚམས་པ་ཡོང་ཐབས་མེད་པ་མངོན་སུམ་ཡིན།  རྗེས་འཇུག་གི་རྣམ་གཞག་ཡོད་པ་དེས་སྐབས་དེར་སྐད་ཀྱི་གོ་དོན་སྟོན་པར་མཁོ་བའི་མིང་ཐམས་ཅད་ཡིག་ལམ་ནས་གྲུབ་ཐུབ་པ་མ་ཟད། སྤྱི་ཚོགས་གོང་འཕེལ་འགྲོ་བ་དང་བསྟུན་ནས་མིང་ཚིག་གསར་པ་དགོས་གལ་ཇི་ཙམ་བྱུང་ཡང་དེ་དག་ཚེགས་མེད་དུ་གྲུབ་ཐུབ་པ་བྱུང་བ་ཡིན།  དེས་ན་ང་ཚོས་ཚད་མར་འཛིན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ནང་བོད་སྐད་ཀྱི་ཐ་སྙད་ཅི་རིགས་ཡིག་ལམ་ཐོག་མིང་དུ་གྲུབ་མི་གྲུབ་སྟོན་པ་ནི་རྗེས་འཇུག་ཁོ་ནར་རག་ལུས་པ་ཡིན་ཞེས་གསལ་བ་དེ་དོན་དུ་གནས་པའི་གསུང་གཏམ་ཡིན་པ་མ་ཟད། ད་ལྟའི་ཡིག་སྲོལ་འདིས་ཚན་རིག་དང་མཐུན་པའི་སྒོ་ནས་བརྡ་སྤྲོད་ཀྱི་དགོས་མཁོ་ཇི་སྙེད་ལེགས་པར་སྐོང་ཐུབ་པའི་གཙོ་བོའི་རྒྱུ་རྐྱེན་ཞིག་ཀྱང་ཡིན་ནོ།།

   ༧ སྲོག་རྐྱེན་གྱི་ཡི་གེའི་རྣམ་གཞག  སྲོག་རྐྱེན་གྱི་ཡི་གེ་ནི་སྲོག་གི་ཡི་གེ་དང་།  རྐྱེན་གྱི་ཡི་གེ་རྣམ་པ་གཉིས་ལས། སྲོག་གི་ཡི་གེ་ནི་བར་ཚེག་དང་དབྱངས་རྣམས་ཡིན།  རྐྱེན་གྱི་ཡི་གེ་ནི་དབུ་དང་ཤད་གཉིས་ཡིན། དབྱངས་དང་ཚེག་ལ་སྲོག་གི་ཡི་གེའི་ཐ་སྙད་མཛད་དོན་ནི་གསལ་བྱེད་ཀྱི་ཡི་གེ་ཐམས་ཅད་ཀློག་པའི་སྐབས་དབྱངས་དང་མ་འབྲེལ་ན་རླུང་གི་རྩོལ་བ་ཞན་པས་སྒྲ་གདངས་གསལ་བར་ཐོན་མ་ཐུབ་པའི་དབང་གིས་ཡིན་པ་དང་།  ཡི་གེར་བར་ཚེག་མེད་ན་ཀློག་ཏུ་རུང་བའི་ཚེག་ཁྱིམ་དུ་གྲུབ་མ་ཐུབ་པར་གོ་དོན་གྱི་ངོ་བོ་ཅི་ཡང་སྟོན་མ་ཐུབ་པས་ཡིན། རྐྱེན་གྱི་ཡི་གེའི་ཐ་སྙད་མཛད་དོན་ནི་དབུ་དང་ཤད་ཀྱིས་རྐྱེན་བྱས་ཏེ་གཞུང་ཡིག་འབྲི་བ་དང་། ལེའུ་འབྱེད་དགོས་པས་ཡིན།

   () སྲོག་གི་ཡི་གེ་དབྱངས་ཡིག་རྣམས་ཇི་ལྟར་གཏན་ལ་ཕབ་པའི་སྐོར། ཐོན་མིས་བོད་སྐད་ཀྱི་སྒྲ་གདངས་འདོན་ཚུལ་གྱི་ཁྱད་ཆོས་དང་། སྔོན་མའི་ཡིག་སྲོལ་གྱི་དབྱངས། དེ་བཞིན་རྒྱ་གར་གྱི་ཡི་གེའི་དབྱངས་འཇུག་སྲོལ་སོགས་ལ་ཕྱོགས་ཀུན་ནས་བསྡུར་ཞིབ་མཛད་དེ་སྔར་ཡོད་ཀྱི་གི་གུ་དང་། ཞབས་ཀྱུ འགྲེང་བུ།  ན་རོ་བཅས་བཞི་པོ་དེ་བོད་སྐད་ཀྱི་སྒྲ་གདངས་སྣ་ཚོགས་གསལ་བར་བྱེད་པར་མཁོ་བ་དང་། བརྗོད་དོན་གྱི་ཁྱད་པར་འབྱེད་ནུས་པས་དེ་རྣམས་རང་འཇགས་སུ་ངེས་པའི་ཐོག   གི་གུ་སོགས་དབྱངས་བཞི་པོ་སོ་སོའི་ང་རོའི་རྣམ་པ་དངོས་སུ་གསལ་ཕྱིར་རྒྱ་གར་གྱི་ཡི་གེའི་དབྱངས་འདྲེན་ཚུལ་དང་འདྲ་བར། ཨི་ཨུ་ཨེ་ཨོ་ཞེས་འབྲི་སྲོལ་བཟོས་ཏེ་གསལ་བྱེད་ཡི་གེ་རྣམས་ཀྱི་མདུན་དུ་བཀོད།  ཨ་ཡིག་ནི་གསལ་བྱེད་རྐྱང་པ་སོ་སོའི་གདངས་ཀྱི་རྣམ་པ་ཐོན་པའི་སྲོག་ལྟ་བུ་ཡིན་པ་དང་། དེ་ནི་དབྱངས་ཡིན་ལ་གསལ་བྱེད་ཀྱང་ཡིན་པའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དབང་གིས་གསལ་བྱེད་རྐྱང་པ་རྣམས་ཀྱི་མཇུག་ཏུ་བཀོད་པ་བཅས་བོད་སྐད་ཀྱི་སྒྲ་སྦྱོར་དུ་མཁོ་བ་དབྱངས་ཨ་ཨི་ཨུ་ཨེ་ཨོ་བཅས་ལྔ་ལ་ངེས་པར་མཛད་དོ།། ཚེག་ནི་ཚིག་ཁྱིམ་སོ་སོའི་བར་གྱི་མཚམས་འབྱེད་པའི་རྟགས་ཏེ།  དབུ་ཅན་གྱི་ཡི་གེར་ཚེག་རྟགས།  ()འདི་འདྲ་གྲུ་གསུམ་ཅན་ཞིག་དང་།  དབུ་མེད་ཀྱི་ཡི་གེར་ཚེག་རྟགས།  ( )འདི་འདྲ་ཅུང་གུག་པའི་གཟུགས་ཅན་ཞིག་ཡོད་པ་དེ་ཡིན།

   () རྐྱེན་གྱི་ཡི་གེ་ལ་དབུ་དང་ཤད་གཉིས་ལས། དབུ་ལ་དབུ་ཁྱུད་དང་། དང་ཀྱོག   ཡིག་མགོ་སོགས་ཟེར་སྲོལ་མི་འདྲ་བ་ཡོད་པ་ནི་དོན་གཅིག་མིང་གི་རྣམ་གྲངས་དང་། དབུ་ཡི་གཟུགས་རིས་ནི་དབུ་ཅན་གྱི་ཡི་གེ་དང་དབུ་མེད་ཀྱི་ཡི་གེ་སོ་སོར་མི་འདྲ་བ་སྟེ། དབུ་ཅན་ལ་(༄༅ ) འདི་དང་དབུ་མེད་ལ་( ) འདིའོ། ཤད་ནི་གཙོ་བོ་དབུ་ཅན་གྱི་ཡི་གེར་སྤྱོད་པའི་རྟགས་ཡིན་པ་སྟེ། དེའི་གཟུགས་རིས་ནི་ཕུར་པའི་དབྱིབས་ཅན   (  ། )  འདི་འདྲ་ཞིག་ཡོད་པ་ལ་ཕུར་ཤད་དམ་ཆིག་ཤད་ཟེར་བ་དང་། ཕུར་ཤད་ཉིས་གཤིབ་ཏུ་ཡོད་ན་ཉིས་ཤས་དང་། ཉིས་གཤིབ་ཅན་གཉིས་མཉམ་དུ་ཡོད་ན་བཞི་ཤད་ཟེར་བའི་ཐ་སྙད་མཛད།  ཤད་ཀྱི་ཁོངས་སུ་གཏོགས་པ་ད་དུང་སྦྲུལ་ཤད་དང་། རིན་ཆེན་སྤུངས་ཤད་ཟེར་བ་ཡོད་པ་འདི་རྣམས་གནའ་བོའི་དཔེ་རྙིང་ནང་དུ་མ་མཐོང་བས་ཕྱིས་སུ་བྱུང་བ་ཡིན་ཚོད་ལས་ཐོན་མིས་ཡི་གེ་གསར་བཟོ་མཛད་སྐབས་རྐྱེན་གྱི་ཡི་གེའི་ཁོངས་སུ་ཕལ་ཆེར་མེད་པར་མངོན་ནོ།།  གོང་དུ་བརྗོད་པའི་ཡི་གེའི་རྣམ་གཞག་དྲུག་པོ་འདི་ཡིག་སྲོལ་གསར་པ་གྲུབ་པར་བྱེད་པའི་གཙོ་བོའི་གྲུབ་ཆ་རྣམས་ཡིན།

   གཞན་ཡང་ཐོན་མིས་ད་དུང་གསལ་བྱེད་ཀྱི་ཡི་གེ་སོ་སོའི་སྒྲ་གདངས་དང་ཡིག་གཟུགས། ནུས་སྤྱོད་ཆེ་ཆུང་སོགས་ཀྱི་ཁྱད་པར་ལ་གཞིགས་ནས་ཐ་སྙད་རྣམ་གཞག་འདྲ་མིན་མཛད་ཡོད།  འོན་ཀྱང་ཞིབ་ཕྲའི་ནང་དོན་གྱི་དབྱེ་བ་ཇི་འདྲ་ཡོད་མིན་ཐད་གསུང་ཚུལ་མི་འདྲ་བ་མང་བས་འདིར་མཁས་དབང་ཆེན་པོ་ཚེཏན་ཞབས་དྲུང་གིས་མཛད་པའིཐོན་མིའི་ཞལ་ལུང(ཤོག་གྲངས16) ནང་གསལ་བ་བཞིན་དྲངས་པ་ལ"ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་སྟེ་ཡི་གེ་གཙོ་བོ་ཉི་ཤུ།  ག་ད་བ་མ་འ་སྟེ་ཤིན་ཏུ་གཅེས་པའི་ཡི་གེ་ལྔ། ཀ་ག་ཉ་ཏ་ད་ན་ཞ་ཤ་ཧ་སྟེ་རྐང་པ་ཅན་གྱི་ཡི་གེ་དགུ། ཀ་ག་བ་ཟ་ར་ལ་ས་སྟེ་མའི་ཡི་གེ་བདུན། ར་ལ་ས་སྟེ་ཡི་གེ་ཀུན་གྱི་མ་གསུམ། ཀ་ག་བ་ཟ་སྟེ་ལ་ཡིག་སྒོས་ཀྱི་མ་བཞི།  ཅ་ཧ་ལ་ཡིག་སྒོས་ཀྱི་བུ་གཉིས། ཙ་ཛ་སྟེ་ར་ཡིག་སྒོས་ཀྱི་བུ་གཉིས།  ཁ་ཆ་ཐ་ཕ་ཚ་ཝ་ཞ་ཡ་ཤ་ཨ་སྟེ་འཕུལ་རྟེན་དང་མ་བུ་གང་ཡང་མི་བྱེད་ཅིང་རང་ས་འཛིན་པའི་ཡི་གེ་བཅུ།  ག་བ་སྟེ་འཕུལ་རྟེན་མ་བུ་གང་ཡང་བྱེད་ཅིང་ཀུན་ཏུ་རྒྱུ་བའི་ཡི་གེ་གཉིས།  གི་གུ། འགྲེང་པོ།  རྣ་རུ་སྟེ་སྟེང་ན་ཞྭ་ལྟར་ལྡིང་བ་གསུམ། ཞབས་ཀྱུ། ཡ་བཏགས། ར་བཏགས་ཏེ་འོག་ན་གདན་ལྟར་མཛེས་པ་གསུམ། ཝ་ནི་མེད་ཀྱང་རུང་བའི་ཡི་གེ་གཅིག  ཨ་ནི་མ་དང་གསལ་བྱེད་ལྷག་མ་ཉེར་དགུ་ནི་ཕ་དང་།   ཞྭ་དང་གདན་གྱི་དཔེའི་ཡི་གེ་དྲུག་ནི་བུ་ཚའི་ཡི་གེ་དང་།  མགོ་འདོགས་མ་སྦྱར་བ་ལ་རྐྱང་པའི་ཡི་གེ་དང་། སྔོན་འཇུག་རྗེས་འཇུག་ཅན་ལ་འཕུལ་རྟེན་གྱི་ཡི་གེ    སྐྲ་སྒྲ་སྨྱུ་ལྟ་བུ་ལ་བརྩེགས་འདོགས་ཀྱི་ཡི་གེ་ལ་སོགས་པའི་ཐ་སྙད་ཀྱི་རྣམ་གཞག་ཆ་ཚང་བ་ཞིབ་པར་བཟོས་པར་གྲགས་སོ"ཞེས་པ་ལྟར་རོ།།

   དེ་ལྟར་ཐོན་མིས་དུས་ཡུན་ལོ་ངོ་གསུམ་ལྷག་ཙམ་གྱི་རིང་རྣམ་དཔྱོད་ཀྱི་རྩལ་སྒོ་ཡངས་བར་ཕྱེ་ཞིང་།  དཀའ་སྤྱད་འབད་འབུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་དང་།  འགོད་ལེགས་པར་མཛད་པའི་རྨང་གཞིའི་ཐོག་བོད་སྐད་ཀྱི་འགྲོ་སྟངས་ཇི་བཞིན་དབྱངས་དང་། གསལ་བྱེད། མགོ་འདོགས། འཕུལ་རྟེན། སྲོག་རྐྱེན་སོགས་ཀྱི་ཡི་གེའི་རྣམ་གཞག་ཆ་ཚང་བ་གཏན་ལ་ཕབ་ཏེ་མཐར་སྤྱི་ལོ༦༤༣ལོར་ཆོས་སྲིད་འཇིག་རྟེན་གང་སར་སྤྱོད་སྟབས་བདེ་བ་དང་། མིང་ཚིག་བརྗོད་པ་གསུམ་ག་གསལ་བར་མཚོན་ཞིང་བརྡ་སྤྲོད་ཀྱི་ནུས་པ་ཆེས་ཆེར་ལྡན་པའི་ད་ལྟའི་ཡིག་སྲོལ་འདི་གསར་དུ་བཟོ་བའི་གཟི་བརྗིད་ཀྱི་ལས་འགན་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་སྟེ་གངས་ཅན་ཡུལ་འདིར་ཤེས་རིག་དཔལ་ཡོན་གྱི་འོད་སྣང་སྔར་བས་བཀྲ་བའི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་ཞལ་ཕྱེ་བར་མཛད་དོ།།

阅读379
分享
写下您的评论吧