མི་སོ་སོའི་ལྟ་བ་དང་བསམ་ཚུལ་མི་འདྲ་བས་བོད་ལ་སྲོང་བཙན་ཡར་སྔོན་དུ་ཡི་གེ་ཡོད་མེད་ཀྱི་དགོངས་འཆར་སྣ་ཚོགས་སུ་སྣང་རུང་དོན་ལ་བོད་མིའི་མཆེད་ཁུངས་དང་བོད་མི་གནས་ཡུལ་གང་དང་གང་ལ་དར་རྒྱས་དང་མངའ་དབང་བསྒྱུར་བ་སོགས་ལོ་རྒྱུས་དག་ལ་ཞིབ་འཇུག་མཛད་དགོས་ལ་ཕྱོགས་ལྷུང་དང་སྡང་ཞེན་ཙམ་གྱིས་བོད་ཀྱི་ཤེས་རིག་ཞིབ་འཇུག་ཡོང་མི་སྲིད།
མིའི་འགྲོ་བ་ཐུན་མོང་གི་ལོ་རྒྱུས་དང་མཐུན་པར་སྤྱི་ཚོགས་ཀྱི་འཚོ་བ་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན།ཀླད་པའི་ངལ་རྩོལ་བརྒྱུད་པ་ནས་དུས་རིམ་དང་པོ་ལ་མི་རྣམས་ཕན་ཚུན་བརྡ་ལ་བརྟེན་ནས་སྐད་ཆ་བཤད་ཤེས་པར་བྱུང་བ་དང་།འདྲ་གཟུགས་ཀྱི་ཡི་གེ་སྣ་ཚོགས་བཟོ་བསྐྲུན་བྱས་ནས་ཕན་ཚུན་ཐག་རིང་ན་གནས་པ་ལ་བརྡ་འཕྲིན་ཐུབ་པ་དང་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་བརྗེད་བྱང་བཀོད་པ་ཙམ་ལས་འཐུས་སྒོ་ཚང་བ་མེད་རུང་རིམ་གྱིས་མི་ལོ་ཁྲི་ཕྲག་དུ་མར་གསོག་འཇོག་བྱས་པ་དེས་སྐད་ཆ་འཐུས་སྒོ་ཇེ་ཚང་དུ་སོང་བ་ལད་ཟློས་ཀྱིས་གདོད་མའི་བོན་གྱི་ཤེས་རིག་གི་རྨང་གཞི་བྱུང་བའི་བདེན་དཔང་ཀོང་ཡུལ་དུ་བདུད་རྗེ་ཁྱབ་པ་ལག་རིང་གི་གཏོ་སྒྲོམ་དུ་ཡོད་པའི་ཡིག་འབྲུ་ཁྲི་དང་འབུམ་མཐར་མེར་བསྲེགས་པ་ལས་ད་ལྟའི་ཡི་གེའི་རྩ་བ་དཔའ་བོ་འབྲུ་ལྔ་བྱུང་བ་ལས་གསལ་ལོ།།
དུས་རིམ་གཉིས་པ་ཡི་གེའི་བྱེད་པོ་རྟག་ཞི་བ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་ལྐུགས་པ་ཁ་འབྱེད་ཀྱི་གདམས་པ་སྒྲ་སྦྱོར་གྱི་ཡི་གེ་འཕྲུལ་ཡིག་བཞི་བཅུ་དེ་ཉིད་སྟག་གཟིག་སྤུངས་ཡིག་གི་གཟུགས་སུ་བསྐྲུན་ནས་ཡིག་ལྷ་འཕྲུལ་བུ་ལྷ་དགའ་གཙོས་གུ་གེ་ཡི་གེའི་རྒྱལ་ཁམས་ཀྱི་ཀོང་ཙེའི་རྒྱལ་བློན་སོགས་ལ་འཕྲུལ་ཡིག་བཞི་བཅུའི་དབང་བསྐུར་པས་དབྱངས་དང་གསལ་བྱེད་གཉིས་སུ་བསྡུས་ཏེ་བོན་དང་རིག་གནས་ཆབ་སྲིད་སོགས་སྔར་ལས་འཕེལ་རྒྱས་ཕུན་སུམ་ཚོགས་པ་བྱུང་ཡོད་པ་དེང་དུས་ཚན་རིག་པ་དང་ས་རྒྱུས་རིག་པ་སོགས་ཀྱིས་ས་འོག་ནས་ཐོན་པའི་རྡོ་ཆས་དང་རུས་ཆས་འགྱུར་རྡོ་སོགས་ཀྱིས་ར་སྤྲོད་ཐུབ་པ་འདིས་རི་བོ་ཧི་མ་ལ་ཡའི་ནང་ངོས་བསིལ་ལྡན་གངས་རི་དཀར་པོའི་ལྗོངས་ལ་དར་རྒྱས་སུ་ཕྱིན་ནས་ལོ་ངོ་བཞི་སྟོང་ལ་ཉེ་བར་སླེབས་པའི་ལོ་རྒྱུས་གསལ་པོར་ཡོད།
དུས་རིམ་གསུམ་པ་ནི་བོད་ཆེན་པོའི་རྒྱལ་ཁབ་ཡོངས་ལ་བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་མཛངས་བློན་སམ་བྷོ་ཊའི་བཀའ་དྲིན་གྱིས་ད་ལྟའི་ཚན་རིག་དང་མཐུན་པར་མི་རིགས་རང་གི་སྐད་གདངས་ཀྱི་ཡི་གེ་དང་དབུ་མེད་དང་དབུ་ཅན་གྱི་རྩ་བའི་ཡིག་གཟུགས་འདི་དག་ལ་བརྟེན།སྐད་ཡིག་གཉིས་གཅིག་འགྱུར་བྱས་ནས་ཆོས་དང་རིག་གནས་ཆབ་སྲིད་དཔལ་འབྱོར་དམག་དོན་སོགས་ཕྱོགས་ཡོངས་ནས་དར་རྒྱས་འགྲན་ཟླ་དང་བྲལ་བ་བྱུང་བ་ནས་ཕྱིས་བྱོན་གྱི་མཁས་པ་བཻ་རོ་ཙ་ན།སྐ་ཅོག་ཞང་གསུམ།ལྡན་མ་རྩེ་མང་ཚོས་ཡིག་གཟུགས་དར་སྤེལ་བརྒྱ་ཕྲགེ་བྱུང་ཡོད་པ་མངོན་གསལ་ལྟར་རོ།།གངས་ཅན་པའི་ཡིག་གཟུགས་དངོས་སུ་མཐོང་བའི་གོ་རིམ།སྟག་གཟིག་སྤུངས་སོ་ཆེ་ཆུང་དང་།སྨར་ཆེན་སྨར་ཆུང་།ལྷ་བབ་ཡི་གེཀོང་ཙེའི་འཕྲུལ་ཡིགཞང་ཁྱུང་དྲག་ཡིག་བཅས་དང་།སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ།སོ་ཕག་གཤིབ་འདྲ།བྱ་ཕོ་འཇོལ་འདྲ།ནས་སྔོན་ཕྱིང་དཀར་བཀྲམ་འདྲ།མུ་ཏིག་སྟར་ལ་བརྒྱུས་འདྲ།སྦུ་ནག་དྲུད་འདྲ།ཉ་མོ་ཆུ་ལས་ཕྱུང་འདྲ།སེང་གེ་གནམ་དུ་འཕྱོངས་འདྲ་བཅས་ལས་ལྡན་ལུགས་དང་།ལི་ལུགས།སྐ་ལུགས།སྦལ་ལུགས། མང་ལུགས།མགོ་སྣོག་མ།ཁྲ་སྟ་རེ་མ།ཁྲ་ཆེ་ཆུང་།འབྲུ་ཚ་སྒོང་ཞབས་མ།གཏེར་ཡིག མཁའ་འགྲོའི་བརྡ་ཡིགགཏེར་ཡིགཨམ་བྲིས།ཁམས་བྲིས།དབུས་བྲིས།གཙང་བྲིས།སྡེབ་བྲིས།ཀརྨ་སྒར་བྲིས།ཧོར་ཡིགལཉྫ།ཝརྟུ།བློ་ལྡན་ཡིག་གསར་བཅས་ཀྱི་འཕེལ་རིམ་བྱུང་བ་ལས།རྫབ་ཆེ་ཆུང་ལ་ཤ་གཟུགས་དང་རུས་གཟུགས་གཉིས་ལས་པ་ཊ་དང་ནས་དུང་འདྲ་གསུམ་གྱི་ཁྱད་ཆོས་ལྡན་པ་དང་།དབུ་མེད་ལ་སུག་རིང་།སུག་ཐུང་གཉིས་ལས་ཚག་ཟླུམ་དཔེ་བྲིས་གསུམ་བྱུང་།འབྲུ་མ་ལ་བཤུར་མ་དང་དཀྱུས་ཡིག་བཅས་དྲུག་པོ་རྩ་བར་གསུངས་སོ།།
ཡིག་གཟུགས་གསར་བཏོད་པའི་གོ་རིམ།
བོད་བཙན་པོའི་ཡར་སྔོན་གཡུང་དྲུང་གི་སྟོན་པ་མི་བོ་ཆེ་ནས་བོད་རྒྱལ་གྲི་གུམ་བཙན་པོའི་བར་དུ་མདོར་བསྡུས་བརྗོད་ན།གཡུང་དྲུང་གི་སྟོན་པ་མི་བོ་ཆེས་སྟག་གཟིག་སྤུངས་སོ་ཆེ་ཆུང་དང་།ཡིག་མཁན་ལྷ་དགས་སྨར་ཆེ་ཆུང་།ཀོང་ཙེ་རྒྱལ་པོས་འཕྲུལ་ཡིགགྲི་གུམ་བཙན་པོའི་དུས་སུ་བྱུང་བ་གཤེན་ཀླུ་དགའ་སོགས་ཀྱིས་དྲག་ཡིགབོད་ཆེན་པོའི་རྒྱལ་རབས་ནས་བོད་རྒྱལ་མཇུག་མ་གླང་དར་བར་དུ་ཡིག་གཟུགས་ཀྱི་འགྱུར་བ་ཆེན་པོ་བརྒྱད་བྱུང་བ་འདི་ལྟར།སྲོང་བཙན་སྒམ་པོའི་དུས་སུ་བྱུང་བ་ཡིག་མཁན་ཐུ་མི་སམ་བྷོ་ཊ་བོད་ཀྱི་མཛངས་མི་བཞི་པ་ཡིན།མང་སྲོང་གི་དུས་སུ་བྱུང་བ་ཡིག་མཁན་ཆ་ངར་རིན་ཆེན་འབར།འདུས་སྲོང་མང་རྗེའི་དུས་སུ་བྱུང་བ་ཡིག་མཁན་ཆབ་དཀར་བེའུ་ཚེ།མེས་ཨག་ཆོ།མ་གྱི་དུས་སུ་བྱུང་བ་ཡིག་མཁན་དགེ་བསྙེན་དཀོན་མཆོག་དབང་།ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བ་ཡིག་མཁན་བྷེ་ཤོ་ཁྲམ་མམ་ཤཱཀྱ་དཀར་དང་།ལྡན་མ་རྩེ་མང་།གནུབས་སངས་རྒྱས་ཡེ་ཤེས།བཻ་རོ་ཙ་ན།མུ་ནེ་བཙན་པོའི་དུས་སུ་བྱུང་བ་ཡིག་མཁན་ཚེ་སྤོང་བྱང་ཆུབ།མུ་ཏིག་བཙན་པོའི་དུས་སུ་བྱུང་བ་ཡིག་མཁན་འབྲེ་བ་ཡོན་ཏན།ཁྲི་རལ་པ་ཅན་གྱི་དུས་སུ་བྱུང་བ་ཡིག་མཁན་གྲ་ཤོད་གཉིས་ཏེ་གྲྭ་བ་སྐ་བ་དཔལ་བརྩེགས།ཤོད་པ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་གསུང་རབ་བཟོ་ལ་མཁས་པ་རྣམས་སྙོམས་ལ་ཆ་འགྲིགས་པ།ངོས་གཙང་ཞིང་འབྲི་སྒྲོས་ལེགས་པ།སྐྱེན་གཙང་དག་མགྱོགས་ལྡན་པ་ཤ་སྟག་བྱུང་ངོ་།།རྒྱལ་བསྟན་ཕྱི་དར་ནས་ས་སྐྱའི་སྲིད་དབང་འཛིན་པའི་བར་དུ་བྱུང་བ་ཡིག་མཁན་སྒྲོ་ཉ་ཤ་རི་བ་དང་།མཐོང་བ་རྡོ་རྗེ་དཔོན་སློབ་གཉིས་དང་།ཡིག་མཁན་ཕྱག་རྡོར།ཡིག་མཁན་ཀ་ཁྱུང་།ས་སྐྱ་པཎ་ཊི་ཏ།འགྲོ་མགོན་ཆོས་རྒྱལ་འཕགས་པ།ཤངས་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་ཡིག་མཁན་ཁྱུང་པོ་གཡུ་ཁྲི།དེ་ཡི་སློབ་བརྒྱུད་ཡིག་མཁན་རོང་པོ་དང་།སུམ་པ་པཎ་ཊི་ཏ།དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ།རྒྱལ་དབང་ལྔ་པའི་དུས་སུ་ཡིག་མཁན་ཐུབ་བསྟན་བསྟན་འཛིན།ཆོས་རྒྱལ་རྒྱལ་མཁར་རྩེ་བ།ཡིག་མཁན་དཔལ་ལྡན་ཕུན་ཚོགས།སྡེ་སྲིད་སངས་རྒྱས་རྒྱ་མཚོ།བོད་པ་ཅི་ཅི།དབལ་མང་ངག་དབང་རྒྱ་མཚོ།ཀུན་མཁྱེན་འཇིགས་མེད་དབང་པོ།དཔལ་རིའི་བསྟན་འཛིན་འཕྲིན་ལས།ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ།སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་སྐུ་དུས་སུ་སི་ཏུ་ཆོས་ཀྱི་འབྱུང་གནས།ཞུ་ཆེན་ཚུལ་ཁྲིམས་རིན་ཆེན།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།ཀུ་སེའི་ཡིག་མཁན་ཀརྨ་ཚེ་དཔལ།དཔལ་སྤུངས་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ།ཀར་སྲས་མཁྱེན་བརྩེ་འོད་ཟེར།དྲུང་གཉིས་ཚེ་དབང་།ཕུན་ཚོགས་ཆོས་གྲགས།དགེ་སློང་ཨུ་རྒྱན་ཡེ་ཤེས།བཀྲ་ཤིས་དབང་ཕྱུགཡིག་མཁན་བཀྲ་ལུ།སྲུང་མ་བཀྲ་ཤིས།ཨུ་རྒྱན་མགོན།ཡིག་མཁན་ཡོན་ཏན་དཔལ་བཟང་།ཡིག་མཁན་ཐང་ལྷ་ཚེ་དབང་།ས་སྐྱ་བླ་མ་སྦྱིན་པ་ཆོས་འཕེལ།རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ།རྫོགས་ཆེན་མཁན་པོ་ལྷ་རྒྱལ།གཡག་ཟེ་མཁན་པོ་ཚེ་དབང་འགྱུར་མེད།ཡིད་ལྷུང་ལྷ་རྒྱལ་དགོན་ཨ་འཛི་བླ་མ་ནོར་བུ་དབང་རྒྱལ།ཀུ་སེའི་ཡིག་མཁན་ཚེ་རྣམ།ཨ་མདོའི་ཡིག་མཁན་སྨོན་ལམ་རྒྱ་མཚོ།ཡིག་མཁན་ཚེ་ཏན་ཞབས་དྲུང་།དམུ་དགེ་བསམ་གཏན།བླ་བྲང་དཀོན་མཆོག་རྒྱལ་མཚན།ལྷ་སའི་ཟླ་བ་ཚེ་རིང་།པཎ་ཆེན་ཆོས་ཀྱི་རྒྱལ་མཚན།ང་ཕོད་ངག་དབང་འཇིགས་མེད།མཁན་པོ་ཚེ་རྣམ་རིན་པོ་ཆེ།རྨུ་སངས་ཨོ་རྒྱན་བསྟན་འཛིན།ལྔ་རིག་སྨྲ་བ་མཁན་པདྨ་ཚེ་དབང་ལྷུན་གྲུབ།མཁན་པོ་བློ་ཆོས།བླ་མ་ཕན་བདེ།སཱཙྪ་སྒྲུབ་རྒན་ཀརྨ་སེང་གེ།སྐེ་སྲིབ་འུ་ལུ།པེ་ཝར་སྤྲུལ།སྐུ་འཆི་མེད་རྡོ་རྗེ།མཁན་པོ་ཚེ་རིང་ཉི་མ།མཚོ་ཕུ་རྡོ་ལོ་རིན་པོ་ཆེ་སོགས་སྨྱུག་འཛིན་གྱི་ཁྲི་འཕང་མཐོན་པོར་བཞུགས་པ་འདི་དག་གིས་སོར་མོའི་སྒྱུ་རྩལ་གྱི་ཉམས་དང་ཕྱི་རབས་རྣམས་ལ་དྲན་གསོའི་ཆེད་དུ་བཞག་གནང་ཡོད་པའི་རིན་བྲལ་གྱི་ཡིག་གཟུགས་པོ་ཏི་དང་བྲིས་དཔེ་སྣ་ཚོགས་དངོས་སུ་བཞུགས་པ་ལས་གསལ།མི་རིགས་འདི་ཤེས་རིག་གི་དུས་རབས་ཞིག་ལ་སླེབས་རྟགས་ཡིན་ཏེ།སྐད་ཆའི་ཚབ་ཡི་གེས་བྱེད་ཐུབ་པས་ན་མི་རིགས་ཀྱི་བླ་སྲོག་ནི་ནམ་ཡང་སྐད་ཆ་ཡིན།ཡིག་གཟུགས་ནི་མི་རིགས་དེའི་ཚེ་སྲོག་ལ་ངོས་འཛིན་དགོས་དོན་སྐད་ཆ་བྱུང་སྔ་ལ་ཡི་གེ་བྱུང་ཕྱི་རུང་ཡི་གེའི་སྟེང་འཁོད་པའི་སྐད་ཆ་ལོ་ངོ་སྟོང་གི་ཡར་སྔོན་ཡིན་རུང་མི་དེའི་སེམས་ཁམས་སོགས་གཟུགས་སུ་བསྐྲུན་ནུས་པ་ལྟར།མཚོན་བྱའི་སྐད་ཆ་དེ་མཚན་བྱེད་ཡི་གེའི་བརྡ་རིས་སུ་བཀོད་པ་གལ་ཆེ་བར་ཤེས་དགོས།སི་ཏཱ་ལིན་གྱིས།མི་རིགས་ཤིག་ཡུན་རིང་པོར་གནས་དགོས་ན་དེའི་སྐད་ཡིག་བེད་སྤྱོད་དང་འཕེལ་རྒྱས་གཏོང་དགོས།གལ་ཏེ་དེ་ལས་ལྡོག་ནས་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་འགྲོ་བར་བཤད་ཡོད་པ་རེད།ལེ་ཉིན་གྱིས།ཡིག་རྨོངས་ཀྱིས་ཁེངས་བའི་མི་རིགས་ཤིག་ཡིན་ན་དེ་ལ་འཕེལ་རྒྱས་ཀྱི་རེ་བ་མེད་ཅེས་བཤད་ཡོད་པ་དེ་ཆེས་རིན་ཐང་ཅན་གྱི་བསླབ་བྱ་ཞིག་ཡིན། དུ་དུང་ལེ་ཉིན་གྱིས་གཞོན་ནུ་ཚོགས་པའི་ལས་འགན་ལས། ཡིག་རྨོངས་ཀྱིས་རྒྱལ་ཁབ་ནང་གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་མི་ཐུབ། ཅེས་བསྟན་པ་དང་། ཀྲོའུ་ཨིན་ལེན་གྱིས། མི་རིགས་རང་སྐྱོང་ས་ཁུལ་དུ་མི་རིགས་དེའི་ཡིག་རིགས་གཙོ་བོར་འཇོག་དགོས་པར་བཤད་པ་དང་། མའོ་ཙེ་ཏུང་གིས། རིག་གནས་མེད་པའི་དམག་དཔུང་དེ་དམག་དཔུང་གླེན་པ་ཞིག་རེད། དམག་དཔུང་གླེན་པ་ཡིན་ན་དགྲ་བོ་ཕམ་པ་ནམ་ཡང་བཟོ་མི་ཐུབ་ཅེས་བཤད་པ་རེད། རང་རེ་སྨྱུག་འཛིན་པ་རྣམས་ཀྱིས་ཀྱང་འབྲི་ཀློག་གཉིས་ནི་ཡོན་ཏན་གྱི་གཞི་ཞེས་བསླབ་བྱ་མཛད་པ་དང་། ལག་ལེན་གསེར་གྱི་ཐུར་མ་བརྡར་བའི་གཟི་བྱིན་གྱི་འོད་ཟེར་ནམ་ཡང་སྲུབས་ཐབས་མེད་པར་ང་ཚོའི་མི་རབས་དང་མ་འོངས་བའི་མི་རབས་ལ་བྱས་རྗེས་རླབས་ཆེན་པོ་འདི་འདྲ་བཞག་གནས་ཡོད་པ་ལ་རྗེས་དྲན་དང་། རང་རེ་ཚོའི་ཕྲག་སྟེང་ན་ཆེས་ལྕི་བའི་ལས་འགན་མི་རིགས་ཀྱི་སྐད་ཡིག་གཉིས་མི་ཉམས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ། གསར་བར་འཕེལ་རྒྱས་གཏོང་བ་ལ་འབད་འབུངས་བྱེད་ཐུབ་དགོས། ང་ཚོའི་ཡི་གེའི་ངོ་བོ་འགྱུར་ལྡོག་མི་དགོས་རུང་། ཡིག་གཟུགས་རྣམ་པ་པ་ལ་གསར་རྩོམ་དང་། ཚོང་ལས་དང་འབྲེལ་བའི་དངོས་པོ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་སྨྱུག་འཛིན་དབང་པོ་རྣམས་ཀྱིི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད།