༄༅།།བོད་ཀྱི་སྨྱུ་གུའི་བསྟན་བཅོས།

འཚམས་ཕྲུག
2015-05-10

རྨད་བྱུང་སྒྱུ་འཕྲུལ་གར་གྱི་སྟངས་སྟབས་ཀྱིས།།
གནས་ཆེན་གཞལ་བའི་བློ་གྲོས་རབ་བཏེགས་ཏེ།།
གནག་འཐིབས་ཀློང་ཆེན་དཀྲུག་པའི་འོད་སྣང་གིས།།
གངས་ལྗོངས་གསལ་མཛད་ཐུ་མི་བླ་ན་འཕགས།།

རབ་སྨིན་ལང་ཚོའི་ལག་པ་ཤེད་རྒྱས་པས།།
རབ་མཛེས་ཡིག་རིས་གཟུགས་སུ་བསྐྲུན་པ་ལ།།
རབ་འཇམ་ཤོག་གུ་ཁོད་ཡངས་སྙོམས་པའི་གཞིར།།
རབ་མྱུར་གར་མཁན་སྨྱུ་གུ་ཅུང་ཟད་བཤད།།

ཚ་བ་རྒྱས་པའི་ཡུལ་གྱི་ས་གཞི་ལ།།
ལེགས་པར་སྐྱེས་པའི་སྨྱུག་མ་མདོག་སེར་ཞིང་།།
སྦུབ་མེད་མ་འཆུས་དྲང་ལ་པགས་མཐུག་པ།།
རང་བྱུང་སྨྱུ་གུའི་རྒྱུ་ཆ་བཟང་བོར་འཇོག།

ཕྲ་ལ་ཚིགས་མང་སྦུབ་ལྡན་སྲབ་པ་དང་།།
ཡང་ན་གསོབ་ཅིང་མདོག་ནག་པགས་པ་མཉེན།།
མི་དྲང་ཡ་ཡོ་བལྟས་ན་ངན་པ་དེ།།
རང་བྱུང་སྨྱུག་མའི་རྒྱུ་ཆ་ངན་པར་བགྲང་།།

སྨྱུག་མ་བཟང་བོ་ལེགས་པར་བཅོས་པ་དེར།།
མཆོག་ཏུ་བ་ཡི་རྐང་མར་རྙིང་བ་དང་།།
མ་རྙེད་རྐང་མར་རྙིང་བ་གང་བྱུང་བྱུག།
དུད་པར་བཏགས་ནས་རུས་འདྲ་མཁྲེགས་པ་དགོས།།

རབ་ཏུ་མདོག་བཟང་ལེགས་པར་གྱུར་པ་དེ།།
ནས་སོགས་ཡོས་ཚན་ནང་དུ་བཅུག་པ་ཡིས།།
མི་ཚིག་འཇམ་ཕྱིད་ལེགས་པར་བྱུང་བ་ན།།
དེ་ནི་བཅོས་པའི་སྨྱུག་རྒྱུ་བཟང་བོར་འཇོག།

ལྕགས་བཟང་བརྡར་ལེགས་གྲི་ཁ་རྣོན་པོ་ཡིས།།
སྨྱུ་གུ་རིང་བ་མཐོ་གང་ཙམ་ཞིག་དང་།།
ཐུང་བ་མཛུབ་གང་ལས་ནི་མི་ཐུང་བ།།
སྦོམ་ཕྲ་རན་པ་ལེགས་པར་གཞོག་དགོས་ཡོད།།

སྨྱུ་གུ་ཕྲ་ན་སྨྱུག་མཆུ་མི་རིང་སྟེ།།
བྱང་ཆ་མེད་ན་ཆག་པ་ཤིན་ཏུ་སླ།།
སྨྱུ་གུ་སྦོམ་ཚེ་སྨྱུག་མཆུ་རིང་ན་ཡང་།།
ཆག་དང་གུག་པའི་སྐྱོན་རྣམས་འབྱུང་མི་འགྱུར།།

སྨྱུག་རྫིང་མཐུག་ལ་རྫིང་མཆུ་ཅུང་ཟད་སྲབ།།
རྫིང་མཆུ་ཤིན་ཏུ་མི་སྲབ་རན་པ་ལ།།
གས་ཆུང་བཏོད་ན་སྣག་ཆུ་བྲིན་པ་དང་།།
དེ་མ་ཐག་ཏུ་འཛད་པའི་སྐྱོན་མི་འབྱུང་།།

དེ་ལྟར་བཟོས་པའི་སྨྱུ་གུ་ལེགས་པ་དེས།།
རིན་ཆེན་ཁམས་ལས་བྱུང་བའི་གསེར་དངུལ་དང་།།
མཚལ་དང་སྣག་ཚ་ལ་སོགས་སྣ་ཚོགས་ཀྱི།།
ཡི་གེའི་རི་མོ་བདེ་བར་འབྲི་བར་ནུས།།

སྨྱུག་མ་གསོབ་ན་ཆག་དང་གྲུམ་པའི་སྐྱོན།།
སྨྱུག་མ་མཉེན་ན་གུག་དང་འཁྱོར་བའི་སྐྱོན།།
གྲི་མ་རྣོ་ན་སྨྱུག་ཁ་འཆོལ་བའི་སྐྱོན།།
འདི་དག་རེ་རེ་སྐྱོན་དུ་ལྟ་བར་བྱ།།

ལྕགས་སྨྱུག་དཀྱུས་ཆེན་འབྲི་ལ་བསྔགས་པ་དང་།
ལེབ་སྨྱུག་མགྱོགས་པར་འབྲི་ལ་བདེ་བ་དང་།།
སྤུ་སྨྱུག་འཁྱུགས་བྲིས་རྩལ་ལ་ལེགས་པ་སོགས།།
རྒྱུ་ཆ་ཁྱད་ཆོས་རང་རང་ས་ནས་འཚོལ།།

འབྲི་གཞི་ཤོག་གུ་ཁོད་སྙོམས་རབ་ཏུ་གཙང་།།
སྣག་ཚ་ནག་ཅིང་སྣུམ་ལ་འོད་ལྡན་པ།།
སྨྱུ་གུ་ཁྱད་ཆོས་ཀུན་ཚང་རབ་འཛོམས་ན།།
ཡི་གེ་ལེགས་པའི་རྒྱུ་ལ་རབ་ཏུ་བསྔགས།།

སྡུག་གིས་མ་མནར་སེམས་པ་རྣལ་དུ་གནས།།
ནད་ཀྱིས་མ་བཏབ་ལུས་པོ་བདེ་ལ་གནས།།
ལོ་ཡིས་མ་གཟུར་དར་མའི་གནས་ལ་གནས།།
འདི་དག་འཛོམས་པ་ཡི་གེའི་ཕྱེད་པོར་བསྔགས།།

དེ་ལྟར་སྨྱུ་གུའི་བསྟན་བཅོས་མདོར་བསྡུས་ཤིག།
བྲིས་ནས་གྲུབ་པར་དགེ་མཚན་ཅུང་མཆིས་ན།།
བོད་ཀྱི་ཡི་གེའི་གཟུགས་རིས་གོང་འཕེལ་དང་།།
མི་ཉམས་ཡུན་དུ་གནས་པའི་རྐྱེན་དུ་འབུལ།།

2015/3/5/ བོད/༡/༡༥/ཆོ་འཕྲུལ་དུས་ཆེན་ལ་བྲིས།


阅读2071
分享
写下您的评论吧