རྒྱལ་སྤྱིའི་ཡིག་གཟུགས་ཇུས་འགོད་ཚོགས་འདུའི་སྟེང་གི་བོད་ཡིག་ཡིག་གཟུགས་ཀྱི་གནས་ཚུལ་མདོར་བསྡུས།

རྒྱུས་ལོན་བྱུང་པ་ལྟར་ན། ཕྱི་ལོ་ ༢༠༢༦ ལོའི་ཟླ་༡༠ཚེས་༢༨ནས་ཚེས་༣༡ཉིན་བར། རྒྱལ་སྤྱིའི་ཡིག་གཟུགས་ཇུས་འགོད་ཚོགས་པའི་ཚོགས་ཆེན་དེ་ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ཤཱར་ཇཱ་གྲོང་ཁྱེར་ཤཱར་ཇཱ་སློབ་ཆེན་ནས་འཚོགས།

ཚོགས་འདུའི་སྟེང་དུ་བོད་ཀྱི་ཡིག་གཟུགས་ཞིབ་འཇུག་པ་རྩང་ཕུན་དབང་ལགས་ཀྱིས་བོད་ཡིག་གི་རྩིས་འཕྲུལ་ཡིག་གཟུགས་ཁག་ཅིག་འགྲེམ་སྟོན་བྱས།


ལྟ་མཁན་གྱིས་ཞིབ་མཇལ་བྱེད་ཀྱིན་པའི་རྣམ་པ།

བོད་ཡིག་གི་ཡིག་གཟུགས་འགྲེམ་སྟོན་གྱི་ཟུར།
འགྲེམ་སྟོན་བྱུང་པའི་ཡིག་གཟུགས་ལས་གཟབ་མ་ལ། ཨེ་བྲིས་དང་ཁྱུང་བྲིས། སྙེ་བྲིས། ཁམས་བྲིས་སོགས་བྲིས་རྒྱུན་ཁུངས་དག་རྣམས་དང་དེང་སྐབས་ཁྱད་ལྡན་དབུ་ཅན་བཅས་ཡོད། བཤར་མ་ལ། ཟླུམ་རིས་(ཞང་ཞུང་སྒོ་བ་ཁྲ་བྲིས་) དང་དཔེ་རིས། འབྲུ་མ་དང་འབྲུ་ཚ། དེ་མིན། ཡིག་རིགས་གཞན་དང་བསྡུར་ན་བོད་ཡིག་གི་ཁྱད་ཆོས་དམིགས་བསལ་བ་ལྡན་པའི་འབྲུ་མ་ཞབས་རིང་(ས་སྐྱ་རྐང་གུག་མ་) དང་འབྲུ་ཚ་ཞབས་འབྲིང་( ས་བྲིས་འབྲུ་ཚ) ། སུག་བསྐོར་འཁྱུག་དང་བཅས་པ་ཡོད་ལ། གཞན། བོད་པས་ཇུས་འགོད་བྱས་པའི་ལཉྫ་དང་ཝརྟུའི་ཡིག་གཟུགས་གཉིས་བཅས་འདུ།




ཡིག་གཟུགས་སྒྲོག་བྱང་གི་རྣམ་པ།
འགྲེམ་སྟོན་མཁན་རྩང་ཕུན་དབང་ལགས་ཀྱིས་བཤད་རྒྱུར། ཐེངས་འདིའི་འགྲེམ་སྟོན་ཁྲོད་རྒྱལ་སྤྱིའི་ཆབ་སྲིད་གནས་སྟངས་སོགས་ཀྱི་དབང་གིས་ཁོང་ཉིད་དངོས་སུ་ཞུགས་མ་ཐུབ་པ་དང་སྒྲོག་བྱང་དཔར་བ་ཅུང་ཆུང་བའི་བགག་རྐྱེན་འགའ་རེའི་དབང་གིས་ཡིད་ཚིམ་པ་ཞིག་མ་བྱུང་ཡང་། ཚོགས་ཆེན་འདིའི་སྟེང་དུ་གླིང་དང་རྒྱལ་ཁབ་མི་འདྲ་བ་མང་པོ་ནས་ཕེབས་པའི་ཇུས་འགོད་པ་དང་། ཞིབ་འཇུག་པ། སློབ་གསོ་བ། ཡིག་མཁན། ལག་རྩལ་པ། པར་སྐྲུན་མཁན། རིག་གནས་མགོ་ཁྲིད་སོགས་མི་སྣ་གང་མང་འདུས་པ་རྣམས་ཀྱི་སྤྱན་སྔར་བརྩམས་ཆོས་འདི་དག་འགྲེམ་སྟོན་བྱ་ཐུབ་པར་དགའ་བོ་བྱུང་ཡོད་གསུངས།



གོང་གི་ནང་དོན་ཇུས་འགོད་པ། ཤེ་རིའམ་མུ་ཡཱན་ཧི་དང་རྩང་ཕུན་དབང་།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
གསར་འགྱུར་འདོན་སྤྲོད།རྩང་ཕུན་དབང་།
རྩོམ་སྒྲིག་པ།མགོན་པོ་དོན་གྲུབ།