རྡོ་བྲིས་འབྲུ་སྐུ་མའི་རྒྱུད་འཛིན་པ་ཨ་མཆོད་སྲི་ཐར།
རྡོ་བྲིས་འབྲུ་སྐུ་མའི་རྒྱུད་འཛིན་པ་ཨ་མཆོད་སྲི་ཐར་ནི་༡༩༧༩་ལོར་སྐྱེས་ཤིང་། ཆུང་ནས་ཡི་གེ་བསླབ་པ་དང་། ཡིག་གཟུགས་རྒྱུ་རྩལ་ལ་དགའ་ཞེན་ཆེ་བའི་དབང་གིས་རྡོ་བྲིས་འབྲུ་སྐུ་མའི་རྒྱུད་འཛིན་པ་ཚེ་དཔག་རྡོ་རྗེ་མདོ་སྡེ་གཉིས་ལས་ཡིག་གཟུགས་དབུ་ཅན་དང་དབུ་མེད། ཚུགས་ཆེན། བར་བྲིས། ཡིག་ཆུང་སོགས་བྲིས་གཟུགས་སྣ་ཚོགས་བསླབ་པ་དང་།གཞན་ཡང་དགེ་རྒན་གཞན་དག་ལས་གཞུང་བྲིས་སོགས་ལའང་བསླབ། རིམ་གྱིས་ཡིག་གཟུགས་རྒྱུ་རྩལ་ལ་མཁས་པར་གྱུར་པ་དང་། ཁོང་གི་ཡིག་གཟུགས་རྩམ་ཆོས་ལ་རྗེ་བཙུན་མི་ལའི་གསེར་འབུམ། ཡོངས་དགེའི་པོད་གསུམ་ལས་གྲོ་ལོད་པོད་གཅིག །གཤིན་རྗེ་ཚེ་བདག་པོད་གཅིག །འཇམ་དཔལ་ཕ་རོལ་རྒོལ་འཇོམ་པོད་གཅིག །འཁོར་ལོ་བདེ་མཆོག་པོད་གཅིག །ཕག་མོ་པོད་གཅིག །བསྐང་གསོལ་པོད་གཅིག །ཚོགས་ལས་ཡོན་ཏན་ཀུན་འབྱུང་པོད་ལྔ། སྙན་རྒྱུད་འདོན་ཆ་པོད་དྲུག །ཐར་མདོ་པོད་གཅིག །ཞལ་འདོན་པོད་གསུམ། སྐར་མཛོད་བཻ་དཀར་བུམ་བཟང་སོགས་ཡོད་པ་དང་། ད་ལྟ་རྡོ་བྲིས་འབྲུ་སྐུ་མའི་རྒྱུད་འཛིན་པ་ཡིན།
རྡོ་བྲིས་འབྲུ་སྐུ་མའི་ལོ་རྒྱུས།
རྡོ་བྲིས་འབྲུ་སྐུ་མའི་ཐོག་མའི་འབྱུང་ཁུང་ཀརྨ་སྒར་བྲིས་ཀྱི་ཡིག་གཟུགས་ཡིན་ཞིང་། ཁམས་ཕྱོགས་སུ་དར་ཁྱབ་ཆེ་བའི་ཀརྨ་སྒར་བྲིས་ཞེས་གྲགས་པའི་བྲིས་རྒྱུན་ནི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་དུས་སུ་གསར་གཏོད་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་དེ་ལྟར་བརྗོད། ཡིག་གཟུགས་འདི་ཕལ་ཆེར་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོ་མཆོག་གིས་འབྲུ་མའི་རྣམ་བཤད་ཅེས་པའི་ཡིག་གཟུགས་ཀྱི་གཞུང་མཛད་པ་ལས་བྱུང་ཞིང་། དུས་དེ་ཙམ་ནས་ཀརྨའི་སྒར་ཆེན་དུ་དར། །དེ་བཞིན་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་སྐུ་དུས་སུ་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་བྲིས་མཁན་བྱུང་ཞིང་། ཟུར་མཁར་བློ་གྲོས་རྒྱལ་པོས་བྲིས་འབྲི་ཐབས་ཀྱི་གཞུང་ཡང་མཛད་ཡོད། རིམ་གྱིས་བྲིས་འབུར་ཐམས་ཅད་གྱི་བཟོ་ལ་ཁྱད་དུ་འཕགས་པ་ནི་ཀརྨ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་དུས་སུ་སོག་པོ་རས་ཆུང་ཀརྨ་ཚོགས་གཉིས་དཔལ་འབྱོར་སྐུ་དུས་སུ་སུ་ཀརྨ་སྒར་བྲིས་ཀྱི་ཡིག་གཟུགས་ཀྱི་བྲིས་ཁའི་རྒྱུན་དེ་ཟུར་མང་སྡེ་དགོན་དང་། འབྲོང་པ། རྡོ་དགོན་ཕྱོགས་སུ་དར་ཞིང་རྒྱས་ཡོད། བླ་མ་དེ་ལས་དེའི་སློབ་མ་འབེ་འཇམ་དབྱངས། དེའི་སློབ་མ་འབེ་ལོ་ཚེ་དབང་ཀུན་ཁྱབ། བྲིས་པ་ཀརྨ་རིན་ཆེན་སོགས་བྱུང་བ་དང་། དེ་དག་གི་སློབ་མར་རྗེ་བཙུན་བསྟན་འཛིན་རྣམ་དག་དང་། རས་ཆུང་ཤེས་རབ་རྒྱ་མཚོ་དང་། འཇམ་མགོན་ཀརྨ་བསྟན་འཕེལ་སོགས་བྱུང་། འཇམ་མགོན་ཀརྨ་བསྟན་འཕེལ་ལས་ཀརྨ་ཆོས་རྒྱལ་གྱིས་བསླབས། འདི་པའི་སློབ་མར་ཨ་ཉི་བསྟན་འཛིན། སྔགས་རྒྱུད་རང་བྱུང་སྤུན་གཉིས་སོགས་བྱུང་ཞིང་རྡོ་དགོན་པའི་བྲིས་པ་སྔགས་རྒྱུད་རང་བྱུང་ལགས་ཀྱིས་བྲིས་པའི་མགོན་པོའི་བསྐང་ཆེན་གྱི་ཡི་གེའི་དབུ་ཡིག་རྣམས་ལ་ཀརྨ་པ་བཅུ་བཞི་པ་ཐེགས་མཆོག་རྡོ་རྗེས་ཕྱག་ཐམ་རེ་གནང་སྟེ་ཡིག་འབྲུ་རེར་གསེར་སྐུ་རེ་རི་བ་འདུག་གསུངས་པས་དེ་ནས་བཟུང་སྟེ་སྔགས་རྒྱུད་འབྲུ་སྐུ་མ་ཟེར་ཞིང་དེའི་ཡིག་གཟུགས་བྲིས་རྒྱུན་ལ་བྲིས་མཁན་མིང་ཟུར་ཆགས་ལ་སྔགས་རྒྱུད་འབྲུ་སྐུ་མ་དང་དགོན་པའི་མིང་ཟུར་ཆགས་ལ་རྡོ་བྲིས་འབྲུ་སྐུ་མར་གྲགས་པ་ཡིན། དེ་ནས་རིམ་གྱིས་འབྲོང་པ་རྡོ་དགོན་པ་ལས་མདོ་དབུས་ཁམས་གསུམ་དང་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་རྒྱུད་དང་། དེ་ནས་ཟུར་མང་རྣམ་རྒྱལ་རྩེ་དང་བདུད་རྩི་འཁྱིལ། དགའ་ལྡན་དགོན། གཏེར་སྟོན་དགོན་པའི་ཕྱོགས་དང་ནང་ཆེན་ཕྱོགས་སུའང་དར་ཁྱབ་ཅུང་ཙམ་བྱུང་ཡོད་པ་འདྲ། གཞན་ཡང་ཡི་གེའི་སྐོར་ནས་དབུ་ཅན་དང་དབུ་མེད། ཚུགས་ཆེན། བར་བྲིས། ཡིག་ཆུང་སོགས་བྲིས་གཟུགས་འབུར་དུ་ཐོན་པའི་དར་ཁྱབ་བྱུང་ཡོད། ཀརྨ་ཆོས་རྒྱལ་ལས་རས་ཆུང་ཀརྨ་མཁྱེན་རབ་ཕུན་ཚོགས་གྱིས་བསླབ་པ་དང་། དེ་ལས་བྱ་བཏང་བྱབ་རྒན་མ་དང་། དྲི་མེད། འཕྲིན་ལས་དཔལ་བཟང་། ཨ་གོན་ཆོས་སྐྱོང་དང་དབུ་མཛད་བསྟན་འཛིན་རྣམ་དག་སོགས་ཀྱིས་བསླབ། དེ་ལས་ཚེ་དཔག་རྡོ་རྗེ་མདོ་སྡེ་གཉིས་ཀྱིས་བསླབ་པ་དང་། དེ་གཉིས་ཀྱི་མདུན་ནས་ཨ་མཆོད་སྲི་ཐར་གྱིས་བསླབ་པ་ཡིན་ནོ། །

















