ཕན་བདེ་རྒྱ་མཚོའི་བརྩམས་ཆོས་འགྲེམ་སྟོན།

ཕྲན་ཕན་བདེ་རྒྱ་མཚོ་ནི་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་གྱིས་གནང་བའི་གྲྭ་མིང་ཡིན་ལ། རང་ཉིད་སྐྱེ་ས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་བྱེ་གཤོང་ཡུལ་ཚོ་ཡིན། ཆུང་དུས་ནས་སྤྱི་ཚོགས་ཀྱི་སློབ་གྲྭ་ཆུང་འབྲིང་ནས་གཞི་རྩའི་སློབ་གཉེར་གྱི་གོ་རིམ་ཚང་མ་མཐར་ཕྱིན་རྗེས། དོན་ལྡན་གྱི་མི་ཚེ་ཞིག་གི་དོན་དུ་ཆོས་སྒོར་ཞུགས་ཏེ་རབ་ཏུ་བྱུང་བསྒྲུབས། དགོན་པའི་ཕྱག་སྲོལ་བཟང་པོ་གཞིར་བཟུང་ནས་འདོན་ཆོག་ཆོས་སྤྱོད་གང་ཡོད་རྣམས་རིམ་གྱིས་བློ་རྒྱུགས་སུ་ཕུལ་ཏེ་མཐར་ཕྱིན་པར་བྱས། དེའི་ཞོར་ཏུ་ཐུན་མོང་རིག་གནས་དང་གཞུང་ཆེན་ཁག་ལ་སློབ་གཉེར་གྱི་འཇུག་སྒོ་ཡངས་པོར་ཕྱེ་སྟེ་ད་ལྟའང་བརྩོན་པས་གཞོལ་བཞིན་པའི་སྒང་ཡིན།
ཉེ་བའི་ལོ་འདི་དག་གི་རིང་ལ། དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་དང་། གནའ་དེང་གི་རིག་གཞུང་ཟབ་མོའི་ཤུགས་རྐྱེན་འོག་ནས་བོད་ཀྱི་ཡིག་གཟུགས་རིག་གནས་ལ་སྙིང་དབུས་ནས་དགའ་མོས་བླ་ལྷག་ཏུ་སྐྱེས་ཤིང་། ལྷག་པར་དུ་འབྲུ་ཚ་དང་སུག་རིང་། རྒྱུགས་བྲིས་ཀྱི་སྨྱུག་རྩལ་ལ་སྦྱངས་འདོད་ཀྱི་མོས་པ་ཆེན་པོ་བྱུང་། རང་སེམས་སུ་ཡི་གེ་འབྲི་བ་ནི་སྣག་ཚའི་ནང་གི་བསམ་གཏན་ཞིག་དང་། མི་རིགས་ཀྱི་བླ་སྲོག་ལ་རེག་པའི་བརྒྱུད་རིམ་ཞིག་ཏུ་མཐོང་ཡོད་པས། ལམ་བུ་འདིའི་ཕྱོགས་སུ་ནུས་པས་འབད་པ་བྱེད་མུས་སུ་མཆིས། ཐེངས་འདིར་རང་གི་སྦྱངས་འབྲས་དམན་པའི་བརྩམས་ཆོས་འགའ་དྲྭ་ཚིགས་འདིར་སྤེལ་ཏེ། མཁས་དབང་རྣམ་པ་དང་དྲྭ་གྲོགས་ཚོའི་སྤྱན་ལམ་དུ་བསྟར་ཡོད་ན། མ་འདང་ས་དང་ནོར་འཁྲུལ་གྱི་ཆ་གང་ཡོད་རྣམས་ལ་སྐྱོན་བརྗོད་དང་། མཛུབ་སྟོན་གྱི་བཀའ་སློབ་ཅི་ནས་ཀྱང་གནང་རོགས་ཞུ་ཞུ་ཞེས་དགེ་མིང་བ་ཕན་བདེ་རྒྱ་མཚོ་རུ་འབོད་པས་ཟླ་ཚེས་བཟང་པོར་སྦྱར་བའོ།།










སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།