བོད་ཀྱི་རྩིས་འཕྲུལ་ཡིག་མཛོད་ཇུས་འགོད་པ་བྷོད་རྡོར་འཆང་ལགས་ཀྱི་བརྩམས་ཆོས་ཡིག་མཛོད་ཁག་འོས་སྦྱོར།

བོད་ཀྱི་ན་གཞོན་ཇུས་འགོད་པ་བྷོད་རྡོར་འཆང་ངོ་སྤྲོད་མདོར་བསྡུས།
ཁོའི་དངོས་མིང་ལ་དཔལ་འབྱོར་ཚེ་རིང་ཟེར་ཞིང་རྒྱུན་སྤྱོད་མིང་ལ་བྷོད་རྡོར་འཆང་འབོད། 1993ལོར་མཚོ་སྔོན་པོའི་བྱང་རྒྱུད་ཀྱི་དཔོན་ཚང་སྡེ་བར་སྐྱེས། སློབ་འབྲིང་མཐར་ཕྱིན་རྗེས། པེ་ཅིང་བཟོ་ལས་སློབ་ཆེན་དུ་སྙོམས་ངོས་ཇུས་འགོད་གཙོས་གློག་ཀླད་ཕྱོགས་ལ་ཆེད་སྦྱོང་བྱས། 2014ལོ་ནས་བཟུང་ཟོང་རྟགས་དང་ཕྱི་ཐུམ། རྩོམ་སྒྲིག་ཇུས་འགོད་སོགས་ཀྱི་ལས་ཀ་བྱས་ཤིང་། ད་ལྟའི་བར་དུ《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》-སྐྱབས་ཆེན་བདེ་གྲོལ།《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ》-ཡུལ་ཤུལ་བ་ཚེ་དབང་བཀྲ་ཤིས། 《བྱང་སྐར་སྨེ་བདུན་འཆར་བའི་བོད་ཡུལ།》 -བན་ཤུལ་དཔལ་མཁར་རྒྱལ། གངས་རྒྱན་མེ་ཏོག(སྤྱིའི་དེབ་གྲངས108、109、110、111) བོད་ཀྱི་དེང་རབས་ལྷུག་རྩོམ་དེབ་ཚོགས《ཚེ་རིང་རྣམ་དྲུག》སོགས་ཀྱིས་མཚོན་པའི་དཔེ་དེབ་ལྔ་བརྒྱ་ལྷག་ལ་རྩོམ་སྒྲིག་ཇུས་འགོད་བྱས་ཤིང་། 2016ལོར་བོད་ཀྱི་ན་གཞོན་ལོ་ཙཱ་བ་སྐོར་ཞིག་ལ་སྣེ་ཁྲིད་བྱས་ཏེ《ཡཱ་ཧུ་དཱ་པའི་བློ་གྲོས》《འཛམ་གླིང་ནུབ་ཕྱོགས་ཀྱི་ཤེས་རབ》སོགས་འཛམ་གླིང་གི་བརྩམས་ཆོས་གྲགས་ཅན་འགའ་བོད་ཡིག་ཏུ་བསྒྱུར། 2017ལོར་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཚང་ལ་དགོངས་ཞུས་ལྟར་ཁོང་གི་བརྩམས་ཆོས《ཡང་དག་པའི་ལྟ་བ》《ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན》སོགས་བོད་ཡིག་ཏུ་བསྒྱུར་ཅིང་རྩོམ་སྒྲིག་ཇུས་འགོད་བྱས་ཏེ་པར་དུ་བསྐྲུན། ཞོར་དུ་རྒྱལ་ཁབ་ཕྱི་ནང་དང་གཞུང་སྒེར་ལ་ཟོང་རྟགས་དྲུག་བརྒྱ་ལྷག་ཇུས་འགོད་བྱས་ཡོད། 2018ལོར་བོད་ལུགས་འཚམས་འདྲིའི་འགུལ་རྣམ་ཐོག་དང་པོར་སྐད་འཕྲིན་སྟེང་བཞག་ཅིང་ཕབ་ལེན་ཁ་གྲངས་ས་ཡ་གཅིག་ལྷག་བརྒལ།
2018ལོའི་སྔ་གཞུག་ཏུ་བོད་ཀྱི་ཡིག་གཟུགས་དང་བྲིས་རྒྱུན་མང་པོ་འཚོལ་བསྡུ་བྱས་ཏེ་བོད་ཡིག་གློག་རྡུལ་ཡིག་གཟུགས་བཟོ་རྒྱུའི་འཆར་འགོད་ཀྱི་བགྱི་བ་བྱས་ཤིང་། 2021ལོ་ནས་བཟུང(ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ལུགས་ཀྱི་རྫབ་ཆེན)དང(མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་བྲིས)(ཏུན་ཧོང་ཡིག་རྙིང་སུག་བྲིས་སྣ་བཞི)དང་ཁོ་རང་གིས་གསར་གཏོད་བྱས་པའི(སྒྱུ་རྩལ་ཡིག་གཟུགས་འགའ)བཅས་གློག་རྡུལ་ཡིག་གཟུགས་རིགས་བཅུ་ལྷག་དྲ་ལམ་ཁག་ཏུ་བཀྲམས་ཤིང་བོད་ཁུལ་དུ་དར་ཁྱབ་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་དེ། 2023ལོའི་ཟླ་དགུ་པར་ཐེམ་སྤངས་མ་ཡིག་གསར་དྲ་བ་ཞེས་པ་དངོས་སུ་གསར་འཛུགས་བྱས་ཤིང་བོད་ཀྱི་གློག་རྡུལ་ཡིག་གཟུགས་ཡོད་དོ་ཅོག་དཀྱིས་གཅིག་ལ་བསྡུ་རུབ་བྱས་ནས་ཕབ་ལེན་དང་སྒྲིག་འཇུག་བྱེད་པར་སྟབས་བདེ་བཟོས་ཡོད། 2025ལོར་བོད་ཀྱི་བྲིས་པ་གྲགས་ཅན་སྤྲུལ་མི་ཕམ་རྣམ་རྒྱལ་རིན་པོ་ཆེའི་ཡིག་གཟུགས་བཀའ་བརྒྱུད་དྲབ་བྲིས་ཞེས་པ་བཟོས་ཤིང་འགྲེམས་སྤེལ་བྱས།
དེའི་རྗེས་སུ་བྷོད་གཟུགས་བཀའ་བསྟན་མ་དང་བི་ཛ་ཧ་ར་སོགས་ཀྱི་མཚོན་པའི་གློག་རྡུལ་ཡིག་གཟུགས་རྩ་ཆེན་བསྐོར་ཞིག་ཐེམ་སྤངས་མ་ཡིག་གསར་དྲ་བའི་སྒང་ནས་འགྲེམ་སྤེལ་བྱས།
2026ལོར་བྷོད་གཟུགས་གསར་མའི་ཡིག་གཟུགས་ཀྱིས་བོད་ཀྱི་སྲོལ་རྒྱུན་བྲིས་རྒྱུན་འབྲི་སྟངས་ལ་ཁུངས་གཏུགས་ནས། ལྷ་སའི་ཞོལ་དཔར་ཁང་གི་ཡིག་གཟུགས་དང་། དུས་རབས་བཅོ་བརྒྱད་པར་པེ་ཅིང་དུ་བཞེངས་པའི་བཀའ་བསྟན་པེ་ཅིང་པར་མའི་ཡིག་གཟུགས། དུས་རབས་བཅུ་གསུམ་ནས་བཅུ་བཞི་པར་གྱི་ཤེར་ཕྱིན་གསེར་བྲིས་མ་མཐིང་ཤོག་ཏུ་བཞེངས་པ་ཞིག་དཔེར་བྱས་ནས་བཟོས་པའི་ཡིག་གཟུགས་སྣ་ཁ་གཉིས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ལྔ་བའི་ཕྱག་བྲིས་བཅས་སྲོལ་རྒྱུན་ཡིག་གཟུགས། དགའ་ལྡན་ཕོ་བྲང་སྐབས་སུ་བྱུང་བའི་གཞུང་ཡིག་སུག་སྐོར་མ་བཅས་ཁྱོན་ཡིག་གཟུགས་དྲུག་ལྷག་འགྲེམ་སྤེལ་བྱ་འཆར་ཡོད།























སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།རྟ་མགྲིན་འཚོ།