ཡན་ཀྲིན་ཆིང་གིས་ཀྲང་ཀྲང་ཧྲི་ཡི་ཡིག་གཟུགས་ཀྱི་དགོངས་པ་བཅུ་གཉིས་བརྗོད་པ།

ཡན་ཀྲིན་ཆིང་།གཙོས་ཤེས་རབ་རྒྱ་མཚོས་བསྒྱུརཞ
2026-03-24

ཡན་ཀྲིན་ཆིང་གིས་ཀྲང་ཀྲང་ཧྲི་ཡི་ཡིག་གཟུགས་ཀྱི་

དགོངས་པ་བཅུ་གཉིས་བརྗོད་པ།

ཡན་ཀྲིན་ཆིང་(颜真卿709-784གིས་བརྩམས། ཐང་རྒྱལ་རབས།

གཙོས་ཤེས་རབ་རྒྱ་མཚོས་བསྒྱུར།

གསལ་བཤད།

         འདི་ནི་ཐང་རྒྱལ་རབས་ཀྱི་ཐེན་པའོ་སྲིད་ལོ་ལྔ་པ་༧༤༦ལ་ཡན་ཀྲིན་ཆིང་གིས་རྒྱུག་བྲིས་ཀྱི་མཁས་ཆེན་དུ་གྲགས་པའི་ཀྲང་ཤུས་ལ་སྨྱུག་རིམ་སྐོར་དྲིས་པའི་བྲིས་ཀྱི་གཞུང་ལུགས་སྐད་གྲགས་ཅན་ཞིག་ཡིན།   འདིས་དྲི་བ་དྲི་ལན་གྱི་ལམ་ནས་རྒྱའི་ཡིག་གཟུགས་ཀྱི་རྩ་བའི་ཁྱད་ཆོས་རྣམས་འགྲེལ་བཤད་བྱས་ཡོད།དེའི་བརྗོད་བྱའི་སྙིང་པོ་ནི་མཉམ་པ་དང་།དྲང་བ།སྙོམས་པ། དམ་པ།   རྩེ་མོ།ཤུགས།བསྐོར་བ།ཐག་གཅོད་པ།གསབ་པ།   ཟད་པ། ཁོག་འབུབ།འཚམ་པ་བཅས་དོན་ཚན་བཅུ་གཉིས་ཀྱིས་བཤད་ཡོད།འདི་ལ་གཞུང་ལུགས་དང་ལག་ལེན་གཉིས་ཀའི་རིན་ཐང་ལྡན་པས་རྒྱའི་ཡིག་མཁན་རྣམས་ཀྱིས་གཅེས་ནོར་དུ་བརྩིས་ཡོད།འདི་ལ་ཕྱི་མོའི་ཚིག་རིས་མི་འདྲ་བ་འགའ་འདུག་མོད་འདིར་ཡན་ཀྲིན་ཆིང་གི་ཕྱག་བྲིས་དངོས་ལ་གཞི་བཅོལ་ཏེ་བོད་རྒྱའི་ཡིག་གཟུགས་གཤིབ་བསྡུར་རིག་པ་ལ་ཕན་པར་རེ་ནས་གོ་སླ་བར་བོད་སྐད་དུ་བསྒྱུར་བ་ཡིན།                                ༢༠༢༦- ༣- ༢༠

    ༄༅། །བདག་གིས་ལི་ཆོན་གྱི་དཔོན་གནས་མཚམས་བཞག་སྟེ།ཆེད་དུ་ཤར་ཕྱོགས་ལོའོ་དབྱང་ཕོ་བྲང་京洛དུ་འོངས་ནས།ཅིན་ཝུའུ་དཔོན་པོ་ཀྲང་གུང་张公ལ་མཇལ་ཞིང་།ཡིག་གཟུགས་ཀྱི་ལག་ལེན་སློབ་པར་ཞུས།དེའི་ཚེ་ཅང་ཧྲི་长史ནི་ཕེ་ཅིང་裴儆གི་ཁྱིམ་དུ་བཞུགས་ནས་ལོ་འཁོར་གཅིག་འཁོར་ཡོད།ཀྲང་གུང་ལ་དགེ་རྒན་དུ་བསྟེན་ནས་ཡིག་གཟུགས་ཀྱི་སློབ་མཁན་ཡང་མང་པོ་ཡོད་ལ།ཕྱག་བྲིས་ཐོབ་པའང་ཡོད་པས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ངོ་མཚར་ཆེའོ་ཞེས་བསྔགས་སོ།བདག་སྔོན་ཆད་ཁྲང་ཨན་མཁར་དུ་ལོ་གཉིས་རིང་བསྡད་དེ། ཀྲང་གུང་ལ་བསྟེན་ནས་བསླབས་ཀྱང་།ཐབས་ཀྱི་གདམས་པ་ནི་གང་ཡང་མ་གནང་ངོ་།མི་འགའ་ཞིག་གིས་ཡིག་གཟུགས་ཀྱི་ལག་ལེན་དྲིས་ཚེ།ཀྲང་གུང་གིས་བཞད་མོ་མཛད་པ་ཙམ་ལས་ལན་ཅི་ཡང་མི་གསུང་། རེ་འགར་རྒྱུག་བྲིས་ཤོག་བུ་གསུམ་མམ་ལྔ་ཙམ་བྲིས་ཏེ།སྤྲོ་བ་དང་བཅས་ཕྱིར་ལོག་པར་བྱེད་པ་ལས།མཐར་ཁོང་གི་མན་ངག་ཐོབ་མཁན་ནི་གཅིག་ཀྱང་མ་བྱུང་ངོ་།བདག་སླར་ཡང་ལོའོ་དབྱང་དུ་འོངས་ནས་ཁོང་དང་མཇལ་ཚེ།བརྩེ་ཞེན་གྱི་རྣམ་པ་ནི་སྔར་བཞིན་འགྱུར་བ་མེད་པར་མཛད།   བདག་གིས་ཕེ་ཅིང་ལ་དྲིས་པ།   ཁྱེད་ཀྱིས་ཅང་ཧྲི་བསྟེན་པ་ལས་ཅི་ཞིག་ཐོབ་པར་གྱུར་ཏམ།   ལན་དུ་སྨྲས་པ།   དར་རས་དང་ཡོལ་བ་དང་རས་དཀར་པོ་བཅས་ལ་བྲིས་པའི་ཡིག་གཟུགས་དྲིལ་བྱང་བཅུ་ཕྲག་འགའ་ལས་གཞན་གང་ཡང་མ་ཐོབ།ཡིག་གཟུགས་ཀྱི་ལག་ལེན་སྐོར་ཡང་ཞུས་མོད་ཀྱང་། བྲིས་ལ་ནན་ཏུར་བསྐྱེད་དེ་བསླབ་དགོས་པ་དང་།དཔེ་བྲིས་བྱས་ན་ཡིག་གཟུགས་ཀྱི་གནད་ནི་རང་ཉིད་ཀྱིས་རྟོགས་པར་འགྱུར་ཞེས་གསུངས་སོ།བདག་ཕེ་ཅིང་གི་ཁྱིམ་དུ་ཟླ་བ་གཅིག་ལྷག་བསྡད་ཅིང་།ཉིན་གཅིག་ཕེ་ཅིང་དང་ལྷན་དུ་ཅང་ཧྲི་དང་གླེང་མོ་བྱས་ཏེ་གྱེས་ཁར།སླར་འཁོར་ནས་ཅང་ཧྲི་ལ་ཞུས་པ།   བདག་གིས་ཁྱེད་ཀྱི་བཀའ་དྲིན་ཐོབ་ནས་དུས་ཡུན་རིང་པོ་སོང་ཞིང་།ཉིན་མཚན་ཀུན་ཏུ་བརྩོན་པས་ཡིག་གཟུགས་ལ་འཐིམ་པ་ཙམ་བྱས་པས་བདག་གི་གྲགས་པ་ནི་རྒྱང་རིང་དུ་ཁྱབ་ཀྱང་།རང་གི་ལག་ལེན་ནི་ད་དུང་བརྟན་ཞིང་འགྲིག་པ་ཞིག་མ་བྱུང་།བརྒྱ་ལ་ཡིག་གཟུགས་ཀྱི་མན་ངག་གནང་བར་གྱུར་ན།ཇི་སྲིད་འཚོའི་བར་དུ་དགེ་རྒན་དུ་བསྟེན་ནས་བྲིས་པའི་ཕུལ་དུ་ཕྱིན་པར་སྨོན་པས།བདག་གི་གུས་སེམས་འདི་དགོངས་ལགས་སམ། ཅང་ཧྲིས་ཡུན་རིང་ལ་ཅི་ཡང་མི་གསུང་ཞིང་།གཡས་གཡོན་ལ་གཟིགས་བཞིན་གོས་ཀྱི་ཐུ་བ་སྤྲུགས་ཏེ་ཧར་གྱིས་བཞེངས་ནས་ཕེབས་སོ།བདག་ཀྱང་ཁོང་གི་རྗེས་སུ་འབྲངས་ནས། སྨྱུག་ཚལ་གྱི་ཁང་ཆུང་ཞིག་ཏུ་སླེབས།ཀྲང་གུང་ཁང་པའི་དབུས་ཀྱི་ཁྲི་ལ་བཞུགས་ཤིང་།བདག་ལ་ཁྲིའུ་ཞིག་གི་སྟེང་དུ་སྡོད་པར་གནང་སྟེ།འདི་སྐད་ཅེས་གསུངས་སོ།ཡིག་གཟུགས་ཀྱི་གནད་ནི་ཤིན་ཏུ་ཕྲ་ཞིང་གསང་བ་ཞིག་སྟེ།གང་བྱུང་དུ་བསྟན་པར་དཀའ་འོ།བློ་དང་ལྡན་པའི་སྐྱེས་བུ་མཆོག་མ་གཏོགས།ཇི་ལྟར་དེའི་གནད་དོན་ཟབ་མོ་བརྗོད་པར་ནུས་སམ།ཡིག་གཟུགས་ཀྱི་རྩལ་འཚོལ་བར་འདོད་ན།གཟབ་བྲིས་དང་རྒྱུག་ཡིག་གཉིས་ལ་འབད་དགོས་ཤིང་།ད་ལྟ་ཁྱོད་ལ་བསྟན་པར་བྱ་ཡི།ཁྱོད་ཀྱིས་དེའི་གནད་ལ་ལེགས་པར་བསམ་པར་གྱིས་ཤིག།ཡང་འདི་སྐད་ཅེས་གསུངས་སོ༎

མཉམ་པ་ནི་འཕྲེད་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།བདག་གིས་བསམས་ཏེ་ལན་བཏབ་པ།སྔོན་ཆད་ཀྲང་ཅང་ཧྲི་སྐུ་ཞབས་ལས་ཐོས་པ་ལྟར་ན།རི་མོ་མཉམ་པ་རེ་བྲིས་པ་ཐམས་ཅད་ལ།འཕྲེད་དང་གཞུང་གི་རྣམ་པ་རྫོགས་དགོས་ཞེས་གསུངས་པ་དེ་ལ་ཟེར་བ་མིན་ལགས་གྲང་།ཅང་ཧྲིས་བཞད་མོ་བཞད་དེ་གསུངས་པ།དེ་དེ་བཞིན་ནོ༎   

ཡང་གསུངས་པ།   དྲང་པོ་ནི་གཞུང་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།ཞུས་པ།དྲང་པོ་ནི་ངེས་པར་གཞུང་དུ་བསྲང་དགོས་ཤིང་།ཡོ་ཞིང་འཁྱོག་ཏུ་མི་འཇུག་པ་དེ་ལ་ཟེར་བ་མིན་ལགས་གྲང་།   ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎ཡང་གསུངས་པ།

སྙོམས་པ་ནི་བར་གསེང་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།ཞུས་པ།   བར་གསེང་ལ་འོད་ཀྱང་མི་ཐར་བ་ཞེས་པའི་གདམས་ངག་བསྟན་པ་དེ་ལ་ཟེར་བ་མིན་ལགས་གྲང་།   ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎

ཡང་གསུངས་པ། དམ་པ་ནི་འབྲེལ་མཚམས་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།   ཞུས་པ།སྨྱུག་རྩེ་བཙུགས་ནས་ཡིག་རིས་འབྲི་བ་ན།ཐམས་ཅད་ཕུན་སུམ་ཚོགས་པར་བྱེད་ཅིང་།ལྷོད་པོར་མི་གཏོང་བ་དེ་ལ་ཟེར་བ་མིན་ལགས་གྲང་།   ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎   

ཡང་གསུངས་པ།རྩེ་མོ་ནི་མཇུག་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།   ཞུས་པ།རྩེ་མོས་རི་མོ་གྲུབ་པར་བྱས་ཏེ།དེའི་རྩེ་མོ་རྣོ་ཞིང་སྟོབས་དང་ལྡན་པར་བྱེད་པ་ལ་ཟེར་བ་མིན་ལགས་གྲང་།   ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎

ཡང་གསུངས་པ།   ཤུགས་ནི་རུས་པའི་ལུས་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།   ཞུས་པ།   སྨྱུག་ཁ་འདེགས་པ་ན།ཐིག་དང་རི་མོ་ཐམས་ཅད་ལ་ཆུ་རྒྱུས་དང་རུས་པ་ཡོད་པས།ཡིག་གཟུགས་རང་བཞིན་གྱིས་བརྗིད་ཅིང་མཛེས་པ་དེ་ལ་ཟེར་བ་མིན་ལགས་གྲང་།ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎

ཡང་གསུངས་པ།བསྐོར་བ་ནི་འཁྱོག་པོར་བསྐོར་བ་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།   ཞུས་པ།   ལྕགས་ཀྱུའི་འགྲོས་ཀྱིས་ཟུར་ནས་བསྐོར་ཏེ།རྩེ་མོ་བཅག་ནས་ཡང་པོར་འདས་པ་དང་།ཟུར་བསྐོར་བ་ལ་ལྐོག་འགྲོས་ཞེས་ཀྱང་ཟེར་བ་དེ་མིན་ལགས་གྲང་།   གསུངས་པ།   དེ་དེ་བཞིན་ནོ༎   

ཡང་གསུངས་པ།   ཐག་གཅོད་པ་ནི་འཐེན་འགོག་ལ་ཟེར་བ་ཡིན་པས།ཁྱོད་ཀྱིས་དེ་ཤེས་སམ།   ཞུས་པ།   འཐེན་པ་ནི་གཡོན་དུ་འཕྲེད་ལ་འབྲི་བ་དང་།སེམས་ཐག་བཅད་དེ་སྨྱུག་རྩེ་གཅུན་ནས།མི་ཞུམ་ཞིང་མི་ཐོགས་པར།གཟར་ཞིང་བརྗིད་པར་གྲུབ་པ་ལ་ཐག་བཅད་པ་ཞེས་ཟེར་བ་དེ་མིན་ལགས་གྲང་།   ཅང་ཧྲིས་གསུངས་པ།དེ་དེ་བཞིན་ནོ༎

ཡང་སྨྲས་པ་།   གསབ་ཅེས་པ་ནི་མ་ཚང་བ་ལ་བྱ་བ་ཡིན་ན།ཁྱོད་ཀྱིས་དེའི་དོན་ཤེས་སམ་།   གསོལ་པ།   བདག་གིས་སྔོན་ཆད་ཅང་ཧྲི་ལས་ཐོས་པ་ལྟར་ན།ཡི་གེའི་བཀོད་པ་དང་ཚེག་ཤད་ཀྱི་རིམ་པ་ལ་ཉམས་འགྱུར་ཅུང་ཟད་ཉམས་པ་བྱུང་ཚེ། ཚེག་ཤད་གཞན་གྱིས་ཟུར་ནས་སྐྱོབ་པར་བྱེད་པ་དེ་ལ་ཟེར་བ་མ་ལགས་སམ་།ཞེས་གསོལ་བ་དང་།ཅང་ཧྲི་ཡིས་དེ་དེ་བཞིན་ནོ། །ཞེས་གསུངས་སོ།།

ཡང་གསུངས་པ།   ཟད་པ་ནི་ལྷག་མ་ཡོད་པ་ལ་བྱ་བ་ཡིན་ན།ཁྱོད་ཀྱིས་དེའི་དོན་ཤེས་སམ།   ཞེས་དྲིས་པ་དང་།གསོལ་པ།སྔོན་ཆད་ཁྱེད་ཀྱིས་སྩལ་པའི་གདམས་ངག་ལྟར་ན།ཉམས་འགྱུར་རིང་ལ་པིར་གྱི་རྗེས་ཐུང་བ་དང་།   ཚེག་ཤད་ཀྱི་རིས་མ་ཚང་བ་དང་། རྟག་ཏུ་བསམ་པའི་ཤུགས་ལ་ལྷག་མར་ལུས་པ་དེ་ལ་ཟེར་བ་མ་ལགས་སམ།   ཞེས་གསོལ་བ་དང་།དེ་དེ་བཞིན་ནོ། །ཞེས་གསུངས་སོ། །

ཡང་གསུངས་པ། ཁོག་འབུབ་ལ་མཁས་པ་ཞེས་བྱ་བ་དེའི་དོན་ཁྱོད་ཀྱིས་ཤེས་སམ།   ཞེས་དྲིས་པ་དང་།ལན་དུ། ཡི་གེ་མ་བྲིས་པའི་སྔོན་དུ་ཡི་གེའི་གཟུགས་དང་བཀོད་པ་ལ་བསམ་སྟེ།   དེ་ཉིད་བརྟན་ཞིང་མཉམ་པ་དང་།ཡང་ན་བློ་ཡུལ་ལས་འདས་པའི་ཡི་གེའི་གཟུགས་ཀྱིས་ཁྱད་པར་བའི་ཉམས་ཤིག་འདོན་པ་ལ་མཁས་པ་ཞེས་པ་དེ་ལ་མི་བྱའམ།   ཞེས་གསོལ་བ་དང་།དེ་དེ་བཞིན་ནོ། །ཞེས་གསུངས་སོ།།

ཡང་སྨྲས་པ།ཆེ་ཆུང་འཚམ་པ་ཞེས་བྱ་བ་དེའི་དོན་ཁྱོད་ཀྱིས་ཤེས་སམ།   ཞེས་དྲིས་པ་དང་།   བདག་གིས་སློབ་དཔོན་གྱི་ཞལ་ལས་ཐོས་པ་ལྟར་ན།ཡི་གེ་ཆེ་བ་ནི་བསྡུས་ཏེ་ཆུང་དུ་གཏོང་བ་དང་།ཡི་གེ་ཆུང་བ་ནི་བརྐྱངས་ཏེ་ཆེ་རུ་གཏོང་བ།དེ་དག་ཐམས་ཅད་ཚགས་དམ་ཞིང་མཛེས་པར་བྱེད་པ་ལ་འཚམ་པོར་སྦྱོར་བ་ཞེས་མི་བྱའམ།   ཞེས་ཞུས་པ་དང་།ཅང་ཧྲི་ཡིས་གསུངས་པ།དེ་དེ་བཞིན་ནོ། །ཁྱོད་ཀྱི་སྨྲས་པ་རྣམས་དོན་ལ་ཤིན་ཏུ་ཉེའོ༎ཡི་གེའི་ལམ་གྱི་ཟབ་མོའི་གནད་འདི་ནི།འོད་གསལ་ཞིང་དོན་དང་ལྡན་པ་ཞིག་ཡིན་ལ།ཡི་གེའི་གཟུགས་ལས་འདས་པའི་ཡོན་ཏན་ནི་ཚིག་གིས་བརྗོད་དུ་མ་མཆིས་སོ༎དེང་གི་དུས་ཀྱི་སློབ་གཉེར་བ་རྣམས་ནི་ཝང་རྣམ་གཉིས་(二王)དང་ཡོན་ཁྲང་(元常)གི་ལུགས་ལ་གཙོ་བོར་འཛིན་ཅིང་།དེ་དག་གི་བྲིས་ཀྱི་ཤུལ་བཞག་ཅུང་ཟད་རེ་ལ་བརྟེན་པ་ལས། ཡིག་གཟུགས་ཀྱི་ཆོས་བརྒྱད་པའི་ཁྱད་པར་ལ་ཅུང་ཟད་ཀྱང་ལྟ་བར་མི་བྱེད་པས་དེ་དག་དང་མཐུན་པ་ཙམ་མོ། །ཞན་ཀྲི་(献之)ཡིས་དེ་ལ་གནའ་བོའི་ཚོན་པོ་ཞེས་སྨྲས་ལ །ཀྲང་ཞོ་(张旭)ཡིས་དེ་ལ་དེང་གི་སྐམ་པོ་ཞེས་སྨྲས་སོ༎གནའ་དང་དེང་ལ་ཁྱད་པར་ཡོད་པས།ཚོན་པོ་དང་སྐམ་པོའི་འདོད་ཚུལ་ཡང་ཕན་ཚུན་འགལ་བ་ལྟར་སྣང་ནའང་།རང་གིས་ཞིབ་ཏུ་བརྟག་ན་གཞན་གྱི་སྨྲས་པ་དང་མི་འདྲ་བའི་ཁྱད་པར་ཡོད་དོ༎ཀྲང་ཀྲི་(张芝) དང་ཀྲུང་ཡའོ་(钟繇) གཉིས་ཀྱི་རྩལ་དང་ཉམས་ནི་ཤིན་ཏུ་ཕྲ་ཞིང་ཞིབ་ལ།ལྷའི་བཟོ་བཀོད་དང་གཉིས་སུ་མ་མཆིས་སོ༎ཚོན་པོ་དང་སྐམ་པོ།གནའ་དང་དེང་གི་བར་བསམ་པ་ལ་བྱེ་བྲག་ཅི་ཞིག་མཆིས་ཏེ་མེད་དོ༎ཁོ་ཚོའི་ཕྱག་བྲིས་དངོས་ནི་དཀོན་མོད་ཀྱང་།དཔེ་ལ་བརྟེན་ནས་དཔག་པར་བྱ་བ་ཡོད་དོ༎དཔེར་ན།ཡི་ཧྲའོ་(逸少)ཡིས་ཀྲུང་ཡའོ་(钟繇)ལ་སློབ་པའི་ཚེ།དབྱིབས་དང་ཉམས་ནི་མཁས་ཤིང་ཚགས་དམ་པ་ཞིག་ཡིན་ནའང་།རང་དབང་དུ་བྲིས་པའི་ཚེ་བསམ་པ་ལྷོད་ཅིང་ཡི་གེ་དལ་བར་གྱུར་ཏོ༎འདི་ནི་དཔེར་ན་ལྷོ་པ་ཁྲུའུ་() ཡུལ་གྱི་མིས་རྒྱ་() སྐད་བསླབས་ཀྱང་།རང་གི་ཡུལ་སྐད་ཀྱི་ཉམས་མི་འདོར་བ་དང་འདྲའོ༎ཚིག་འདི་ལ་ཐལ་ཆ་ཆེ་བ་ཡོད་སྲིད་ནའང་།གལ་ཏེ་སེམས་ལ་ཞེན་འཛིན་མེད་ན།ཕྱོགས་ལྷུང་གི་ལྟ་བ་ཡིན་པར་མ་ངེས་སོ།།

   ཡང་ཙི་ཅིང་གིས་ཡི་ཧྲའོ་ལ་མི་དོ་བ་ནི།ཡི་ཧྲའོ་ཉིད་ཡོན་ཁྲང་ལ་མི་དོ་བ་དང་འདྲའོ༎ཙི་ཅིང་ལ་སློབ་པ་ནི་སྟག་བྲིས་པ་དང་འདྲ་ལ།ཡོན་ཁྲང་ལ་སློབ་པ་ནི་འབྲུག་བྲིས་པ་དང་འདྲའོ༎བདག་ནི་སློབ་གཉེར་ཆེན་པོ་མེད་མོད་ཀྱང་།ཡུན་རིང་བོར་དེའི་ལམ་གྱི་གནད་རྙེད་དོ༎གལ་ཏེ་ཐབས་མཁས་པའི་བློ་དང་ལྡན་པར་གྱུར་ན།དེའི་གནད་ཀྱིས་ཕྱེད་ལས་ལྷག་པ་རྟོགས་པར་འགྱུར་རོ༎བརྩོན་པ་དྲག་པོས་ནན་ཏན་དུ་བསྒྲུབས་ན།རང་བཞིན་གྱིས་ཕྱག་བྲིས་ཕུན་སུམ་ཚོགས་པར་འགྱུར་རོ༎ཞེས་གསུངས་སོ།།

   ཞུས་པ།ཅང་ཧྲི་ལགས་ཀྱིས་པིར་གྱི་ལག་ལེན་སྩལ་བར་བཀའ་དྲིན་ཆེ་ནའང་།ཇི་ལྟར་ཡི་གེའི་རྩལ་རྨད་དུ་བྱུང་བར་གྱུར་ཏེ་གནའ་བོའི་མཁས་པ་རྣམས་དང་མཉམ་པར་འགྱུར་རམ། གསུངས་པ།   དེ་ཡི་གནད་ནི་པིར་འཛིན་ཚུལ་ལ་རག་ལས་ཏེ།འཁོར་ཞིང་བསྒྱུར་བ་བདེ་བ་དང་། འཁུམ་ཞིང་ཐོགས་པ་མེད་པར་བྱའོ།།མཐར་ཐུག་པའི་གནད་ནི་ལག་བྲིས་འཛིན་སྟངས་ལ་ཐུག་པ་ཡིན་ཏེ།འཁོར་བསྐྱོད་འཇམ་ཞིང་རིལ་དུ་གཏང་དགོས།རེངས་ཤིང་འཁུམས་པར་མ་གྱུར་ཅིགདེའི་འོག་མ་ནི་ཡིག་གཟུགས་ཀྱི་ཆོས་ཤེས་པ་སྟེ།ཞལ་ནས་བརྒྱུད་པའི་མན་ངག་ཡིན་པས་ཚད་ལས་བརྒལ་བར་མ་བྱེད་ཅིགའདི་ལ་ཡིག་གཟུགས་ཀྱི་ཆོས་ཉིད་ཅེས་བྱའོ།།དེའི་འོག་མ་ནི་བཀོད་པ་དང་བཤམ་སྒྲིག་སྟེ།ལྷོད་པ་དང་བརྒལ་བ་མ་ཡིན་པར།ཐབས་མཁས་ཤིང་འཚམ་པར་བྱའོ།དེའི་འོག་ཏུ་ནི་སྨྱུག་ཁ་གསལ་ཞིང་སྣག་ལམ་གཙང་བ་དགོས། དེའི་འོག་ཏུ་ནི་བློ་དང་འཚམ་པར་འགྱུར་བ་སྤེལ་བ་སྟེ།བཏང་བ་དང་བཟུང་བ་དང་འཐེན་པ་དང་འཕྲོག་པ་ཐམས་ཅད་ལ།ཆོ་ག་དང་ཚད་བཞིན་ཡོད་དགོས་པ་ཡིན།ཆོས་ལྔ་པོ་འདི་དག་ཚང་བར་གྱུར་ན།དེས་གནའ་བོའི་མཁས་པ་རྣམས་དང་མཉམ་པར་འགྱུར་རོ།

ཞུས་པ།སྨྱུ་གུ་འཛིན་པའི་ལམ་དེ་བདག་གིས་ཐོས་པར་རུང་ལགས་སམ།ཅང་ཧྲིས་གསུངས་པ།ངས་ནི་སྨྱུག་འཛིན་གྱི་ཆོས་ཉིད་འདི་ཞང་པོ་རྒན་པོ་ལུའུ་ཡན་ཡོན་(陆彦远)ལས་ཐོབ་པ་ཡིན་ནོ།། ཁོང་གི་ཞལ་ནས།ངས་སྔོན་ཆད་ཡི་གེ་སློབ་དུས།བརྩོན་འགྲུས་ཟབ་མོ་བྱས་མོད་ཀྱང་།   བྲིས་པའི་རྗེས་རྣམས་ཁྱད་པར་དུ་འཕགས་པར་མ་གྱུར་ཏོ།།ཕྱིས་སུ་ཁྲུ་ཧོ་ནན་褚河南)ལས་ཐོས་པ་ལ།པིར་སྤྱོད་པ་ན་གསོར་གྱིས་བྱེ་མ་ལ་བྲིས་པ་བཞིན་དང་། འཇི་བ་ལ་རྒྱ་ཡིས་བཏབས་པ་བཞིན་དགོས་གསུངས་པ་ལ།ཐོག་མར་མ་འཚལ་མོད། ཕྱིས་སུ་ཆུ་བོའི་གླིང་ཕྲན་ཞིག་ཏུ་བྱེ་མའི་ས་གཞི་གཙང་བ་ཞིག་མཐོང་བས། དགའ་བ་སྐྱེས་ཏེ་ཡི་གེ་འབྲི་འདོད་པ་ན། དེ་ནས་སྨྱུག་རྩེ་རྣོན་པོས་བྱེ་མའི་སྟེང་དུ་རི་མོ་བྲིས་པས། རྣམ་པ་རྩུབ་ཅིང་བརྟན་པ་དང་།གསལ་ཞིང་མཛེས་པ་བྱུང་བས།    དེ་ནས་གཞི་ནས་པིར་སྤྱོད་པ་ནི་གསོར་གྱིས་བྱེ་མ་ལ་བྲིས་པ་ལྟ་བུ་དང་།པིར་རྩེ་ནང་དུ་སྦས་ནས་བྲིས་ན་གཟུགས་རིས་བརྟན་པོ་འབྱུང་བར་རྟོགས་སོ༎སྨྱུག་རྩེ་སྤྱོད་པའི་ཚེ་ན།ཤོག་བུའི་རྒྱབ་ཏུ་འབིགས་པ་ལྟ་བུའི་ནུས་པ་འདོན་དགོས་ཤིང་།གཟབ་བྲིས་དང་རྒྱུག་ཡིག་གི་སྨྱུག་འགྲོས་ཐམས་ཅད་ནི།བྱེ་མ་ལ་བྲིས་པ་དང་འདམ་ལ་ཐེལ་ཚེ་བརྒྱབ་པ་ལྟ་བུ་ཞིག་བྱུང་ན།དེ་ནི་ཡི་གེ་འབྲི་བའི་ལམ་གྱི་རྩེ་མོར་སོན་པ་ལགས་སོ། འདི་ལྟར་བྱས་ན་རྗེས་དེ་ཡུན་རིང་དུ་གནས་ཐུབ་ཅིང་།རང་བཞིན་གྱིས་གནའ་བོའི་མཁས་པ་རྣམས་དང་མཉམ་པར་འགྱུར་རོ།རིགས་པ་འདི་ལ་བསམ་པ་གཅིག་ཏུ་བསྒྲིམས་ཏེ་གོ་བ་ལོངས་ཤིགདེའི་ཕྱིར་ཚེག་དང་རི་མོ་རྣམས་བག་མེད་དུ་བྲི་བར་མི་བྱའོ།ཁྱོད་ཀྱིས་འདི་ཉིད་རང་གི་སྐ་རགས་ལ་ཕྱི་མོར་བྲིས་ཤིགཅེས་གསུངས་སོ།ངས་ཀྱང་དེར་བཀའ་དྲིན་ཞུས་ཤིང་།   སླར་ཡང་ཕྱག་ཕུལ་ཏེ་ཕྱིར་ལོག་པ་ཡིན།དེ་ནས་བཟུང་སྟེ་ཡི་གེའི་གཙུག་ལག་ལ་བརྩོན་པས་ཟབ་གནད་རྟོགས།ལོ་ངོ་བདུན་འགོར་བའི་ཚེ། དབུ་ཅན་དང་འཁྱུག་བྲིས་གཉིས་ཀ་ལེགས་པར་བྱང་བར་རང་གིས་ཤེས་སོ།མཉམ་ཞིང་དྲང་ལ་ཚགས་དམ་པ། སྨྱུག་རྩེའི་ཤུགས་དང་། གསབ་པ་དང་ཟད་པ་དང་ཁོག་འབུབ་ལ་མཁས་པ་སོགས་ལ་མན་ངག་བཅུ་གཉིས་ཞེས་བརྗོད་དོ།།

ཞེས་ཐེན་པོའོ་སྲིད་ལོ་ལྔ་པ་མེ་ཁྱི་ལོའི་༧༤༦ཟླ་དགུ་བར་ཡན་ཀྲིན་ཆིང་གིས་བྲིས་སོ།།


སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།





阅读363
分享
写下您的评论吧