ལོ་ངོ་ཆིག་སྟོང་བརྒྱད་བརྒྱའི་གོང་གི་རྒྱ་ནག་ཡིག་གཟུགས་གཞུང་ལུགས་གསར་བསྒྱུར།

ཚེ་ཡུང་གིས་བརྩམས།གཙོས་ཤེས་རབ་རྒྱ་མཚོས་བསྒྱུར།
2026-03-10

ནུས་པ་དགུ་དང་ཡི་གེ་བརྒྱད་ཀྱི་གདམས་པ།

ཚེ་ཡུང་གིས་བརྩམས།   ཧན་ཤར་མ། སྤྱི་ལོ་༡༣༣---༡༩༢

གཙོས་ཤེས་རབ་རྒྱ་མཚོས་བསྒྱུར།


          ཀྱེ་ཧོ། ཡིག་གཟུགས་ནི་རང་བྱུང་ལས་བྱུང་བ་སྟེ། རང་བྱུང་ཉིད་ནི་གྲུབ་པ་ན། སྣང་སྲིད་ཉི་ཟླ་དེ་ལས་འབྱུང་། སྣང་སྲིད་གཉིས་པོ་བྱུང་བ་ལས། དབྱིབས་དང་ནུས་མཐུ་འབྱུང་བར་འགྱུར། མགོ་བོ་སྦེད་ཅིང་མཇུག་མ་བསྐྱང་། ནུས་ཤུགས་ཡི་གེའི་དཀྱིལ་ན་གནས། སྨྱུག་ཁ་ཕབ་སྟེ་ཤུགས་བསྐྱེད་ན། ཤ་རུས་དག་གི་མཛེས་པ་འཆར། དེས་ན་འདི་སྐད་སྨྲ་སྟེ།   ནུས་ཤུགས་སླེབས་པ་འགོག་མི་ཐུབ། ནུས་ཤུགས་འགྲོ་བའང་བཟློག་མི་ནུས། སྨྱུག་རྩེ་མཉེན་པ་ཁོ་ན་ལས། ཡ་མཚན་ཁྱད་ཆོས་དུ་མ་འབྱུང་། སྨྱུག་ཁ་ཕབ་སྟེ་ཡི་གེ་སྦྱོར་བའི་ཚེ། གོང་མས་འོག་ནི་དཔྱངས་ཀྱིས་ཁེབས། འོག་མས་གོང་མ་བཏེགས་ཏེ་འཆང་། དབྱིབས་དང་ནུས་པ་ཕན་ཚུན་འབྲེལ། ནུས་པའི་རྒྱབ་གཟུགས་མ་ཤོར་ཅིགསྨྱུག་ཁ་བསྒྱུར་བ་ནི། གཡས་དང་གཡོན་ལ་ལྟ་ཞིང་འཁོར་བར་བྱ། ཚིགས་དང་མཚམས་གཅེར་བུར་མངོན་དུ་མ་ཆུག་ཅིགརྩེ་མོ་སྦེད་པ་ནི། ཐིག་དང་རི་མོའི་འབྱུང་འཇུག་སྟེ། གཡོན་དུ་འགྲོ་འདོད་ཐོག་མར་གཡས་སུ་བསྐྱོད། གཡོན་དུ་ལོག་པའི་ཚེ་ཡང་དེ་བཞིན་ནོ།། མགོ་བོ་སྦེད་པ་ནི། སྨྱུག་རྩེ་ཟླུམ་པོས་ཤོག་བུར་རེག་པ་ན། སྨྱུག་རྩེ་རྟག་ཏུ་ཐིག་རིས་དཀྱིལ་ནས་བགྲོད། མཇུག་མ་བསྐྱང་བ་ནི། རིས་དང་ཐིག་གི་ནུས་པ་རྫོགས་པ་ན། ནུས་ཤུགས་ནང་དུ་བསྡུས་ཏེ་མཚམས་གཅད་དོ།། མྱུར་བའི་ཤུགས་ནི། བྱ་ཡི་མཆུ་དང་བརྡེག་པའི་དབྱིབས་ལས་འབྱུང་། ཡང་ན་གྱེན་དུ་འཕེན་པའི་ནང་དུའང་གནས། སྨྱུག་ཁ་འཕྲེད་ལ་འདྲུད་པ་ནི། རྩེ་མོ་བསྡུས་ཏེ་དྲག་ཏུ་འཕེན་པ་ལ་སྤྱོད། འགྱངས་པའི་ནུས་པ་ནི། དམ་ཞིང་མྱུར་ལ་འདར་བཞིན་བགྲོད་པའི་ཐབས་ལ་གནས་ཏེ། འཕྲེད་དུ་ཉ་ཡི་ཁྲབ་ལྟ་བུ།   གཞུང་དུ་རྟ་ཡི་སྲབ་ལྟ་བུའི་ཆོ་གའོ།། འདི་ནི་ནུས་པ་དགུ་ཞེས་བྱ་བ་སྟེ། འདི་དག་རྟོགས་ན་བླ་མས་མ་བསྟན་ཀྱང་། གནའ་བོའི་མཁས་པ་དག་དང་མཐུན་པར་འགྱུར། སྨྱུ་གུ་དང་སྣག་ཚའི་རྩོལ་བ་ཆེར་བརྟེན་ན། ཕུལ་དུ་བྱུང་བའི་མཚམས་སུ་སླེབས་པར་འགྱུར་རོ།།

རྩོམ་པ་བོ་ངོ་སྤྲོད།

          ཚེ་ཡུང་ (ཕྱི་ལོ་ ༡༣༣-༡༩༢)། མཚན་གཞན་ལ་པོ་ཅེ། ཁྲེན་ལིའུ་ཅུན་གྱི་ཡུས་རྫོང་ (དེང་ཧོ་ནན་ཞིང་ཆེན་གྱི་ཝུའེ་ཧྲི་རྫོང་དང་། ཆི་རྫོང་གཉིས་ཀྱི་བཤད་སྲོལ་གཉིས་ཡོད) ནས་ཡིན་པའི་མི་ཞིག རྒྱ་ནག་ཤར་ཧན་མའི་སྐད་གྲགས་ཅན་གྱི་བློན་པོ་དང་། རྩོམ་རིག་མཁས་པ། ཡིག་གཟུགས་མཁས་པ་ཞིག་ཡིན་ལ། མཁས་དབང་མ་ཚྭ་ཝུན་ཅི་ཡི་ཡབ་ཀྱང་ཡིན། ཚེ་ཡུང་ནི་བསླབ་པ་རྒྱ་ཆེར་ཐོས་ཤིང་། གཞོན་ནུའི་དུས་སུ་ཐའེ་ཕུའུ་ཧུའུ་ཀོང་ལ་བསྟེན་ནས་སློབ་གཉེར་གནང་། ཅན་ཉིང་ལོ་བཞི་པར་ (༡༧༡) སི་ཐུའུ་ཆའོ་ཤོན་གྱི་ལས་རོགས་སུ་བསྐོས། དེ་ནས་རིམ་བཞིན་ཕིང་ཨ་རྫོང་གི་རྫོང་དཔོན་དང་། ལང་ཀྲུང་། དཔྱད་ཞིབ་པ་སོགས་ཀྱི་ལས་འགན་བཞེས། ཤར་ཕྱོགས་ཀྱི་ཧན་རྒྱལ་རབས་ལོ་རྒྱུས་རྩོམ་སྒྲིག་དང་ ཞི་ཕིང་རྡོ་བརྐོས་གསུང་རབ་བཞེངས་སྐྲུན་ལ་མཉམ་ཞུགས་གནང་། ཕྱིས་སུ་གནད་དོན་ལ་དྲང་གཏམ་མང་དུ་ཞུས་པ་དང་། སྐབས་དེའི་ཆབ་སྲིད་ཀྱི་སྐྱོན་ཆ་ཐེར་འདོན་བྱས་པས་དབང་ཆ་ཅན་ལ་ཕོག་ཐུག་སོང་ནས་ཧྲུའོ་ཧྥང་ཅུན་དུ་རྒྱང་ཕུད་ལ་བཏང་། དཀའ་ངལ་མང་དུ་བརྒྱུད་མཐར་ཅང་ནན་དུ་ལོ་བཅུ་གཉིས་རིང་བཙན་བྱོལ་དུ་བཞུགས། ཏུང་ཀྲོ་ཡིས་དབང་ཆ་བཟུང་སྐབས། སི་ཁུང་ཅི་ཅིའུ་ཡི་ལས་གནས་སུ་བསྐོས་པ་དང་། རིམ་བཞིན་ཧྲི་ཡུས་ཧྲི་དང་། ཀྲི་ཧྲུ་ཧྲི་ཡུས་ཧྲི། ཧྲང་ཧྲུའུ་། ཧྲི་ཀྲུང་། ཙུའོ་ཀྲུང་ལང་ཅང་སོགས་ཀྱི་ལས་འགན་བཞེས། ཀའོ་དབྱང་ཞང་ཧོའུ་ཡི་མཚན་གནས་སྩལ། འཇིག་རྟེན་ན་ ཚེ་ཀྲུང་ལང་ཞེས་གྲགས། ཏུང་ཀྲོ་བསད་རྗེས། སི་ཐུའུ་ཝང་ཡུན་གྱི་གསོལ་སྟོན་སྟེང་དུ་མྱ་ངན་གྱི་རྣམ་འགྱུར་བསྟན་པས་ཉེས་ཆད་ཕོག་སྟེ་བཙོན་དུ་བཅུག །མཐར་བཙོན་ཁང་དུ་ཚེ་ལས་འདས། དགུང་གྲངས་དྲུག་ཅུར་སོན།

   ཚེ་ཡུང་ནི་རོལ་མོའི་རིག་པ་ལ་བྱང་ཞིང་། དཔེ་ཆ་དང་ལོ་རྒྱུས་ཀུན་ལ་མཁྱེན་རྒྱ་ཆེ་བ་མ་ཟད། ཚིག་རྒྱན་གྱི་རྩོམ་རིག་ལ་ཤིན་ཏུ་མཁས་པ་ཞིག་ཡིན། ཁོང་གི་སྙན་རྩོམ་གྱི་ཚིག་སྦྱོར་ནི་མཛེས་ཤིང་སྡེབ་ལེགས་པ། དངོས་པོའི་གནས་ལུགས་དང་འབྲེལ་ནས་སེམས་ཀྱི་མྱོང་བ་མཚོན་པ། རང་གི་ཤེས་རབ་དང་ཡོན་ཏན་ངོམ་པ་ཞིག་ཡིན། དེའི་ནང་ནས་ ཤར་བསྐྱོད་ཀྱི་སྙན་རྩོམ་ནི་སྐད་གྲགས་ཆེ་ཤོས་ཡིན་ལ། ཧན་ཤར་མའི་མྱོང་བ་མཚོན་པའི་སྙན་རྩོམ་ཐུང་ངུའི་མཚོན་བྱེད་ཅིག་ཀྱང་ཡིན། ཁོང་གིས་བརྩམས་པའི་ལྷུག་རྩོམ་གྱི་ཚིག་འབྲུ་དག་ནི་བརྗིད་ཆགས་ཤིང་། སྒྲ་གདངས་མཚམས་སྦྱོར་ལེགས་པ། སྡེབ་སྦྱོར་མཚུངས་པའི་ཚིག་མང་དུ་སྤྱད་པ་སོགས་ཀྱིས་ཧན་རྒྱལ་རབས་མཇུག་གི་རྩོམ་རིག་གི་ཉམས་འགྱུར་ལ་འགྱུར་ལྡོག་བྱུང་བ་མཚོན་ཡོད། གཞན་ཡང་། ཚེ་ཡུང་གི་ཡིག་གཟུགས་ནི་ཤིན་ཏུ་ཞིབ་ཅིང་དག་ལ། ལྷག་པར་དུ་ཀྲོན་ཡིག་དང་ལི་ཡིག་ལ་མཁས་པས་ལི་ཡིག་གི་རྩལ་ནི་ཟབ་ཤོས་ཡིན། རུས་པའི་སྟོབས་ཤུགས་ནང་ནས་ཐོན་པ། ལྷོད་ཤ་དོད་ལ་ལྷ་ཡི་ནུས་པ་དང་ལྡན་པ་ཞེས་པའི་བསྔགས་བརྗོད་ཐོབ། ཁོང་གིས་གསར་གཏོད་གནང་བའི་ ཧྥེ་པའེ་(སྐྲ་དཀར་ལྟ་བུའི་ཡིག་གཟུགས་) ཡིག་གཟུགས་ཀྱིས་ཕྱི་རབས་པ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ངོ་མཚར་ལ་འགྲན་ཟླ་བྲལ་བ། ལྷ་ཡི་ལས་དང་མཚུངས་པ་ཞེས་པའི་མཚན་སྙན་ཡོད། ཁོང་གི་སྐུ་ཚེ་གང་པོར་ཕྱག་དཔེ་གསོག་ཉར་གནང་བ་དག་པོད་ཁྲི་ལྷག་ཡོད་པ་དང་། སྐུ་ཚེའི་སྨད་ལའང་བཞི་སྟོང་ལྷག་བཞུགས་པར་བཤད། གསུང་འབུམ་པོད་ཉི་ཤུ་བརྩམས་ཡོད་ཀྱང་། སྔ་མོ་ནས་ཁྱབ་བརྡལ་དུ་མ་སོང་བར་བརླག་སོང་ངོ་། །

གསལ་བཤད། ངོ་སྤྲོད་འདི་བརྒྱ་བཤེར་དུ་བཀོད་པའི་ལོ་རྒྱུས་ལྟར་བསྒྱུར།

                          ༢༠༢༦--༩ གཙོས་སུ།


སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།རྟ་མགྲིན་འཚོ།





阅读6436
分享
写下您的评论吧