ཁྱུང་བོ་གཡུ་ཁྲིའི་ཡི་གེ་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བའི་དོན་འགྲེལ་ཕན་བདེའི་བདུད་རྩི་ཞེས་བྱ་བ་བཞུགས་སོ།།
དོན་འགྲེལ་ཕན་བདེའི་བདུད་རྩིའི་རྩོམ་པ་པོ།
འདིར་བཀོད་པའི་༼ ཁྱུང་བོ་གཡུ་ཁྲིའི་ཡི་གེ་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བའི་དོན་འགྲེལ་ཕན་བདེའི་བདུད་རྩི་ ༽ ཞེས་བྱ་བ་འདི་ནི་ཀན་ལྷོ་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་རྟ་མགྲིན་ཚེ་རིང་ལགས་ཀྱིས་དེ་སྔ་༧དྲུང་ཡིག་སྨོན་ལམ་རྒྱ་མཚོ་ལགས་སྐུ་འཚོ་བཞུགས་ཀྱི་སྐབས་སུ་བོད་ཡིག་དགེ་རྒན་རྣམས་ལ་ཡིག་གཟུགས་ཀྱི་བསྟན་བཅོས་འདི་ཆེད་དུ་སློབ་ཁྲིད་གནང་སྐབས་ཟིན་བྲིས་གནང་བ་གཞིར་བྱས་བརྩམས་གནང་མཛད་པ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཡང་ཡང་ཞུས་ནས་ལག་སོན་བྱུང་བ་དེ་ཡིན། དོན་འགྲེལ་འདི་དྲ་ལམ་བརྒྱུད་དེ་བོད་ཀྱི་ཡིག་གཟུགས་པ་རྣམས་ཀྱི་སྤྱན་སྔར་འབུལ་རྒྱུ་བྱུང་བ་རྒན་རྣམ་པར་བཀའ་དྲིན་ཤིན་ཏུ་ཆེ་ཞུའོ།།
རྩོམ་པ་པོ་ངོ་སྤྲོད།
རྟ་མགྲིན་ཚེ་རིང་། ཕོ། བོད་རིགས། ༡༩༥༡ལོར་འཁྲུངས། ཕ་ཡུལ་བསང་ཆུ། ཀྲུང་གུང་ཏང་ཡོན། བོད་སྐད་ཡིག་ཆེད་ལས་ཀྱི་མཐོ་རིམ་དགེ་རྒན། ༡༩༧༦ལོར་ཀན་ལྷོ་མི་རིགས་སློབ་གྲྭ་ནས་མཐར་ཕྱིན་ཁར་སློབ་གྲྭ་དེ་ག་ནས་དགེ་རྒན་གྱི་བྱ་བ་གཉེར། ༡༩༩༩ལོར་ཀན་ལྷོ་དགེ་ཐོན་སློབ་གྲྭ་རུ་ལས་གནས་སྤར་སྟེ་ད་བར་དུ་སློབ་གསོའི་བྱ་བ་གཉེར། ༡༩༨༢ལོར་ཁུལ་ཡོངས་ཀྱི་སློབ་གསོའི་སྡེ་ཁག་གི་སྔོན་ཐོན་དགེ་རྒན་དང་། ༡༩༨༧དང་༡༩༨༩གཉིས་ལ་བསྟུད་མར་ཀན་ལྷོ་ཁུལ་གྱི་དཔེ་བཟང་དགེ་རྒན། ༡༩༨༩ལོའི་ཟླ་༡༢པར་ཞིང་ཆེན་རིམ་པའི་དཔེ་བཟང་དགེ་རྒན་གྱི་མཚན་སྙན་ཐོབ། ད་སྔ་ལོ་བཞིའི་ལུགས་ཀྱི་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་སྐད་ཡིག་སློབ་དེབ་ཀྱི་གཙོ་སྒྲིག་པ་གཞོན་པའི་འགན་འཁུར་སྟེ། དེ་འབྲེལ་གྱི་སློབ་དེབ་དང་ཁྲིད་ཐོ་ལྡེབ་༡༦དང་། ལྗོངས་ཞིང་ལྔའི་འབྲིང་རིམ་དགེ་རྒན་གྱི་བོད་ཡིག་སློབ་དེབ་ལྡེབ་༡༡སྒྲིག་རྩོམ་གནང་ཡོད་ལ། རྒྱལ་ཡོངས་བོད་ཡིག་སློབ་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཀན་སུའུ་ཞིང་ཆེན་ལྗོངས་ཞིང་ལྔའི་མཉམ་སྒྲིག་བོད་ཡིག་སློབ་དེབ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།