ཡིག་གཟུགས་དང་འབྲེལ་བའི་འཚོ་བའི་གྲུ་ཟུར།

རོང་སྐྱེས་དོན་གྲུབ་ཚེ་རིང་གིས
2025-08-12

ཡིག་གཟུགས་དང་འབྲེལ་བའི་འཚོ་བའི་གྲུ་ཟུར།


རྩོམ་པ་པོ། རོང་སྐྱེས་དོན་གྲུབ་ཚེ་རིང་གིས


     འདས་པའི་ལོ་ཁོར་མོ་གཅིག་གི་སྔོན་ལ་ངས་ཡིག་གཟུགས་སྦྱངས་པ་ཡིན། དེ་ནི་བུ་མོའི་ཆེད་དུ་ཡིནམ་གཏོགས་རང་སྟེང་ལ་མཚོན་ན་མཐའ་དག་aiདང་རྩིས་འཁོར་གྱིས་མིའི་རིགས་ཀྱི་འཚོ་བ་དང་རིག་གནས་ལ་གསར་བརྗེས་བྱེད་བཞིན་པའི་དུས་རབས་འདིའི་ནང་ལ་རླངས་འཁོར་དང་མེ་འཁོར། གནམ་གྲུ་སོགས་བཟོ་ཤེས་ཀྱང་ཚན་རིག་ལ་མི་སྣང་བའི་སྐལ་བ་འདི་འདྲ་ཞིག་ལ་ཡིག་གཟུགས་ཤིག་ཆེད་དུ་སྦྱངས་དགོས་པའི་བློ་ཁ་ཞིག་མེད།

     ཡིན་ཡང་མི་རབས་གོང་འོག་གི་འབྲེལ་མཐུད་ལ་དམིགས་ནས་ལོ་ཁོར་མོ་གཅིག་ལ ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བོད་ཡིག་སུག་རིང་ལ་འབད་པ་བྱས།   ལག་རྒོད་ཡིན་ལ་ཆེ་བཏུལ་ཡིན་པའི་ཆ་ནས་དཀའ་ལས་རབ་དང་རིམ་པ་ཞིག་གིས་ཚུར་ལ་གདོང་གཏད་ནས་ཡོང་བ་ལྟ་བུའི་ཚོར་བ་ཞིག་ཉིན་མཚན་མེད་པར་སྐྱེས་ནའང་།   རྒན་པ་བསམ་ཤེས་ཡིན་པའི་ཆ་ནས་འབད་འབུངས་ཀྱི་སེམས་ཁར་འགྱུར་པ་ཅི་ཡང་མ་བྱུང་།   བོད་སྐད་ཀྱི་བསྐལ་བ་ས་ལ་ཚུགས་པ་ནས་དུས་ད་ལྟ་བར་དུ་གཤེགས་ཟིན་པའི་མེས་པོ་མཐའ་དག་གིས་རང་གི་བློ་གཤོག་ལ་བརྟེན་ནས་ཡི་གེ་བཟོས།   བརྡ་སྤྲོད་བརྩམས།   བྲིས་གཟུགས་སྣ་ཚོགས་མཛད།   བྲིས་ལའང་གཞུང་ལུགས་དང་བཅས་བོད་ཕྱི་རབས་དྲན་པའི་ངོས་ལ་གསལ་གསལ་དུ་བཞག་ཅིང་།   བྲིས་དེ་དག་ལའང་བྲིས་རྒྱུན་དང་ལུང་རྒྱུན་ཞེས་རྡོ་ལག་བརྒྱུད་དུ་གཙུག་ལག་རིག་པའི་གཞུང་ལ་སིམ་པར་བྱས་ཡོད།   དེ་བས་ཤེས་བྱ་དེ་དག་ལ་ཆེད་དམིགས་ཀྱིས་ཞིབ་འཇུག་ནི་མེད་ཀྱང་   རང་གི་བློ་དང་དཔྱད་པར་འགྲོགས་པའི་སྣང་བ་ཕྲ་ལ་ཕྲ་འབུ་རེ་དྲན་པའི་ངོས་ནས་འབོར་མེད་དུ་ཡོད་རྐྱེན   བོད་ཀྱི་ཡིག་གཟུགས་ལ་འབྲེལ་བའི་ཤེས་བྱ་སྣ་ཚོགས་ཤིག་ཀྱང་ཉི་མ་རེ་རེ་བཞིན་སེམས་ངོས་ལ་བབ་ནས་ཡོང་ལ།   དེ་དང་ཞོར་དུ་ང་ལའང་ཨ་འདྲོགས་མ་སྐྱ་འདྲོགས་ཟེར་བ་ལྟར་ཡིག་གཟུགས་ཀྱི་སྟེང་ལ་ཧམ་པ་ཞིག་དང་སྤྲོ་བ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འཕེལ་བས་མུ་མཐུད་དུ་འབད་པ་བྱས་པ་ཡིན།

     ད་ལྟ་ཕྱིར་འདང་རེ་རྒྱབ་ན་ངས་ནི་མི་ལོ་གཉིས་ཀྱི་ཡར་སྔོན་ལ་ཡིག་འབྲུ་ཨ་ཙམ་ཡང་འབྲི་མི་ཤེས་པའི་དུས་དེར་སྣག་དང་མྱུ་གུ   འཇལ་ཁྲི་དང་ཞ་སྨྱུག   ཤོག་དཀར་དང་དེ་སྔའི་བཀྲས་དགོན་རྩེ་སློབ་གྲྭའི་ཡིག་གཟུགས་འབྲི་རྒྱུན་མིག་གི་བདུད་རྩི་ཞེས་པའི་ཀ་དཔེ་བཅས་རང་གི་དཔེ་ཤག་ནས་ཅོག་སྒང་ལ་བཤམས།   གུས་དང་མཆོད་པ་ཕུལ།   ཕྱག་དང་བསྐོར་བ་བླངས།   ཨ་ར་པ་ཙ་ཟློས་སུ་བསྐྱེད་དེ་ཡིག་གཟུགས་ལ་དབུ་བརྩམས།   དེ་ནི་དུས་རབས་གསར་བའི་བོད་པའི་ཕྲུ་གུ་དག་ལ་མཚོན་ན་ཡི་གེ་མ་བྲིས་སྔོན་གྱི་དཀའ་ལས་དོན་མེད་ཀྱི་བྱ་སྤྱོད་ཅིག་རེད་བསམ་ཡང་སྲིད་མོད།   དེ་ནི་ང་ལ་མཚོན་ན་རང་ཁྱིམ་གྱི་ཆོ་ག་གཞན་དང་མ་མཚུངས་པ་ཞིག་ཡིན་ལ།   མེས་པོའི་ཕྱག་རྒྱུན་ལ་འབྲེལ་ནས་བྲིས་གཟུགས་ཤེས་བྱའི་སྒོ་མོ་ལ་སྨོན་ལམ་གྱིས་འཇུག་པའི་ལས་ཀ་ཞིག་ཀྱང་ཡིན།

     དུས་དེ་རིང་ངས་བུ་མོ་ལ་གཙང་བྲིས་ཀྱི་ཕྱོགས་ཙམ་སྟོན་མུས་ཡོད།   བུ་མོས་ཀྱང་ང་ནང་བཞིན་ངས་བརྒྱུད་པའི་ཡིག་གཟུགས་ཀྱི་མཛད་རིམ་ཆ་ཚང་དེ་མ་ལུས་པ་བྱས།   ཡི་གེ་ཐོག་མར་འབྲི་དུས་ཀྱང་སླའོ་ནས་འགོ་བརྩམས་ཏེ་བྲིས་ཞེས་པ་ནི་སླ་མོ་སླ་མོ་ཞིག་ཡིན་པའི་སྐུལ་མའི་ལྕག་གིས་ཡང་ཡང་བྲབས།   ད་དུང་བྲིས་མཚམས་འཇོག་པའི་དུས་ལའང་ཡི་གེ་སྡུག་དང་བསྔལ།   སྐྱོ་དང་སྨྲེང་།   ཆག་དང་བཅག   ན་སོགས་ལ་འཛེམས་བྱ་ཡོད་པར་བྱས་པ་མ་ཟད།   ཤིས་དང་བཟང་དང་སྐྱིད།   འཕེལ་སོགས་ཀྱི་སྟེང་ལ་བབ་ནས་བྲིས་མཚམས་བཞག་ཆོག་པའི་མི་རབས་གོང་མའི་གོམས་འདྲིས་ཀྱི་བག་ཆགས་ཀྱང་མོའི་རྒྱུད་ལ་བགོ་ཅི་ཐུབ་བྱས་པ་པ་ཡིན།

     ལར་ཡིག་གཟུགས་སྦྱངས་པའི་འཚོ་བ་ཞིག་རོལ་འགོ་བརྩམས་པ་དང་བྲིས་མཁན་མང་པོ་ལའང་འབྲེལ་བ་བྱུང་།   དཔེར་ན་ཨ་མདོའི་བྲིས་པ་མཚོ་སྐྱེས་དོན་གྲུབ་ཚེ་རིང་ལྟ་བུ་ནི་མི་ལོ་སུམ་ཅུ་ཙམ་ལ་བྲིས་མ་བཏང་བའི་བྲིས་པ་ཞིག་དང་གཙོ་བོ་གཞུང་བྲིས་འབྲི་མཁན་ཞིག་ཡིན།   ཟུར་ཚང་གཡང་འབུམ་ཡང་དེ་བཞིན་རེད།   ཁམས་ཀྱི་བྲིས་པ་བཀྲ་དགའ་ལགས་ཀྱང་ལོ་ངོ་སུམ་ཅུ་ཙམ་ལ་བྲིས་གནང་མཛད་མཁན་གྱི་བྲིས་པ་ཡིན་ལ་གཙོ་བོ་ཁམས་བྲིས་ཡིན།   གྲྭ་བཙུན་བསྟན་འཛིན་རྒྱ་མཚོ་དང་འབར་ཚེར་རྟ་མགྲིན་རྡོ་རྗེ།   ཐར་ཤུལ་སྒྲོལ་དོན་སོགས་ནི་མི་ལོ་བཅོ་ལྔ་ཉི་ཤུའི་རིང་ལ་འབད་པས་འབྲི་མཁན་གྱི་རིགས་རེད།   ད་དུང་འབྲི་མཁན་ལ་ལར་འབྱུང་བཞིས་དགོངས་ཡངས་མ་གནང་པར་ལུས་ཁམས་འཁྲུགས་ཏེ་སྨན་ཁང་དུ་བསྡད་དགོས་བྱུང་ཡང་ཤོག་བུ་དང་སྣག་སྨྱུག་མ་བཏང་བར་བྲིས་གནང་མཛད་མཁན་སོགས་སྙིང་གི་བྲིས་པ་མང་པོར་མཇལ་ཁ་རག   ཁོ་ཚོས་བྲིས་ཀྱི་མྱོངས་པ་ཁ་རླངས་ཐོལ་ལེ་དག་འཛེམ་མེད་དུ་སྨྲས་ཤིང་ཁོ་ཚོར་བརྟེན་ནས་ངས་བོད་ཡིག་གི་བྲིས་གཟུགས་སྒྱུ་རྩལ་གྱི་དག་སྙོམས་མཛེས་གསུམ་ལས་མ་དག་སྐྱེས་བུ་ཡི་ཁམས། མི་སྙོམས་རྐང་ལག་གི་འཁྱོར། མི་མཛེས་གོས་ངན་གྱི་མདོག་སོགས་རེ་རེ་བཞིན་ཆ་ཤས་ཙམ་ལོན་ཐུབ་པ་བྱུང་ལ།   ཡིག་གཟུགས་རང་ངོས་ཀྱི་རུས་པ་སྲ་ལ་ཤ་ཁ་འཇམ་ཞེས་པའི་དཔེ་མང་པོ་ཞིག་ཀྱང་མཐོང་ཐུབ་པ་བྱུང་།   དེ་བས་བྲིས་གཟུགས་སྦྱོངས་པའི་གོ་རིམ་ཁྲོད་རང་གིས་རང་ལའང་མཁས་པའི་གདམས་ངག་སྙིང་བཅངས་ལག་བཅངས་ཀྱིས་དག་སྙོམས་མཛེས་གསུམ་ལ་བསྟུན་ཏེ་གསུམ་ག་འཛོམས་ན་བཞིན་མཛེས་པའི།།དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས།   ལུས་དང་ཡན་ལག་ལྟ་ན་སྡུག   ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ།།   ཡི་གེ་སྦྱོངས་འདོད་ཐོག་མ་རུ།། འདི་འདྲའི་ཚུལ་གྱིས་ལམ་ལ་དཀྲི་ཞེས་ཡང་ཡང་ཟློས་སུ་བསྐྱེད།

     བུ་མོས་ཡིག་གཟུགས་སྦྱོངས་པའི་སྐབས་རྟག་ཏུ་ང་ལ་དྲི་བ་འདྲ་ཞིག་བཏོན་ཡོང་། ཨ་ཕ།   ཡིག་གཟུགས་ཅིའི་ཕྱིར་སྦྱང་དགོས་པ་རེད།   འདི་ལ་དཀའ་ལས་ཆེ་ཟེར། ངས་ནི་མོ་ལ་འདི་ལྟར་དྲིས་ལན་བྱས། ལར་ཡིག་གཟུགས་འབྲི་བའི་སྐབས་རང་སེམས་ལ་ཡག་པོ་ཞིག་ཕྲིས་ན་སྙམ་པའི་ཀུན་སློང་གིས་འབྲི་བ། ལག་པའི་ནང་ནས་ཀྱང་ཡག་པོ་ཞིག་ཕྲིས་ན་སྙམ་པའི་སྒོ་ནས་སྦྱོངས་པ། ཡག་པོ་ཕྲིས་པའི་རྟིང་མར་ཚོགས་སུ་བསྟན་ནའང་ཀུན་ལ་དགའ་མགུ་སྐྱེས་ཐུབ་པ་ཞིག་ཡིན།   དེ་མ་གཏོགས་བློ་ངོས་སུ་ངན་པ།   སྐྱུག་མེར།   ཞེ་སྡང་།   ཕྲག་དོག   འགྲན་སེམས་སོགས་བསྡུས་ནས་འབྲི་བ་ཞིག་མིན།   དེ་བས་ཡིག་གཟུགས་དང་འབྲེལ་ནས་བློ་རྩེ་གཅིག་ལ་བསྡུས་ཡོད་པས་མི་གཞིའི་ཀུན་སྤྱོད་ལ་ཚད་ཤིང་དྲངས་མོ་ཞིག་བབས་ཡོད།   དེ་བས་འབད་པ་ཆེན་པོས་མཛེས་སྡུག་ཡིད་འོང་གི་ཁམས་ཆེན་པོ་ཞིག་བསྙེགས་བཞིན་བྲི་བྱ་ལུས་སེམས་གཉིས་ལ་ཁེབས་པར་བྱས་ཚེ་འབྲི་མཁན་གྱི་གཟུགས་གཞི་ཇེ་ཡག་ལ་འགྲོ་བ།   ཁམས་ཇེ་དྭངས་ལ་འགྲོ་བ།   སྣང་བ་ཡངས་མོར་འགྲོ་བ།   ཡ་ཆུང་ལ་སྐྱིད་སྐྱིད་བྱུང་བ་སོགས་ཀྱི་ཁྱད་ཆོས་དུ་མ་ཡོད།   ཁྱོད་ཚོ་བྱིས་པ་ཆུང་ཆུང་གི་དུས་ལ་ཡི་གེ་ཡག་པོ་སྦྱངས་ནས་བྲིས་པ་ཆེན་པོར་ཆགས་ན་ཁྱོད་ཚོ་ན་སོན་པའི་གོ་རིམ་ཁྲོད་ཀྱང་རུས་ལ་སྐྱེད་འབུད་པ།   ཤ་ལ་མདངས་ཆགས་པ།   གདོང་ལ་དབྱིབས་ཡག་པ།   སེམས་ལ་བྱམས་སྙིང་རྗེ་སོགས་རང་བཞིན་གྱིས་འཁོར་ཡོང་ངེས་ཞེས་བཤད་པ་ཡིན།   དེ་ཡང་ངས་རང་གིས་མེས་པོ་གོང་མ་དག་གི་བྲིས་གཟུགས་གཞུང་ལུགས་ལས་མཐོང་བའི་རྒྱབ་རྟེན་ཡོད་པའི་སྐད་ཆ་ཞིག་བཤད་པ་ཡིན་ལ་སློབ་གསོའི་གོང་ཐང་ཡོད་པའི་སྐད་ཆ་ཞིག་ཀྱང་ཡིན།

     ཡི་གེ་འབྲི་བའི་དུས་ལ་བྲིས་བཟང་ནི་ཡོ་འགྱིང་མེད་པ་རྒྱལ་པོ་ཁྲི་བཞུགས།   གསལ་ཁ་ཆེ་བ་སྒེའུ་ཤར་ཕྱེ་ལྟ་བུ་ཞིག་ཡིན་ལ།   བྲིས་ངན་ནི་ནག་ཆ་ལས་དཀར་ཆ་ལྡབ་ཕྱེད་ཀྱིས་ཆེ་བ།   ཡིག་འབྲུ་གོང་འོག་ལ་འགྱུ་ཆེ་བ།   ཁྱིམ་མཚེས་བར་ཐག་ལ་གྱེད་གཏད་ཆེ་བ་སྐྱོན་གྱི་སྣོད་ཁ་སློག་ནས་ཡོང་བ་ལྟ་བུ་ཞིག་ཡིན།   དེ་ལ་མཁས་པའི་རྩ་ཚིག་ལས་ཀྱང་ཤ་བོ་མིན་པས་མདའ་མ་འཕེན།   ཁྱིམ་མཚེས་བར་ལ་གནོད་མ་བྱེད་སོགས་སྟོང་ཐུན་སྨྱུ་གུའི་བསྟན་བཅོས་ལས་གསལ་བོར་མཐོང་ཐུབ།   དེ་མིན་ད་དུང་མཁས་པ་རྣམས་ཀྱིས་ཡིག་གཟུགས་ཀྱི་སྒང་ལ་ལི་ཁམས་འཛར་གསུམ།   རྐྱང་མང་ཕེར་གསུམ་སོགས་མང་དུ་གསུངས་ནའང་འདིར་ཅུང་ཙམ་བརྗོད་པར་འདོད་པ་ནི་ལི་ཁམས་འཛར་གསུམ་ཡིན།   དེ་ནི་བོད་ཀྱི་རྩིས་དང་ས་ལ་འབྲེལ་བ་ཞིག་ཡིན་པར་སྙམ།   ས་གཞི་གསེར་གྱི་རུས་སྦལ་དང་སྦྱར་ན་མགོ་ནི་ལྷོ་བསྟན་མེ་དང་ལི་ཡིན་ལ།   ཁམས་ནི་གླང་ལུག་ཁྱི་འབྲུག་བཞི་སྟེ་ཕྱོགས་བཞིའི་ས་བཞི་དང་སའི་ཁམས་ཆེན་པོ་ལ་འབྲེལ་ནས་ཡོད།   མཇུག་ནི་བྱང་བསྟན་ཆུ་དང་འཛར་ཡིན་པ་ལྟར་འཛར་ནི་བཟར། བཞུར་སོགས་ཆུ་ཡི་རང་བཞིན་ངོ་བོ་ནས་འཛར་ལ་འབྲེལ་བར་བྱས་ན་ལི་ཁམས་འཛར་གསུམ་གྱི་འགྲེལ་བཤད་ཀྱང་ཆ་མཚུངས་པོ་ཞིག་ཡོང་ཐུབ་པ་འདྲ།   གཞན་ཡང་བོད་ཀྱི་ཡིག་གཟུགས་ལས་སུག་རིང་གི་འཛར་དང་འབྲེལ་ནས་ཞིབ་ཏུ་བལྟས་ཚེ།   ལཉྫར་དཔེར་བྱས་པ་ཨེ་ཡིན་འདོད་པའི་སྣང་བའང་ཅིག་ཅར་དུ་སྟེར།   རྒྱུ་མཚན་ལཉྫའི་ཡི་གེ་བརྒྱ་ཆའི་དགུ་ཅུ་ལ་འཛར་ཡོད།   དེ་བས་བོད་ཡིག་སུག་རིང་དང་ལཉྫ་གཉིས་ལ་འདྲ་བའི་ཆའང་ཤིན་ཏུ་མང་།   དེ་བློ་ལྡན་ཀུན་གྱི་དཔྱད་པའི་གཞི་ལ་བཞག་ཆོག་པ་ལྟ་བུ་རེ་ཡང་སྣང་བས་ཞོར་བཤད་ཙམ་ཡིན།

     ངའི་བུ་མོས་ཀྱང་ཡིག་གཟུགས་སློབ་སྦྱོང་གི་འགྲོས་རིམ་ཡོངས་སུ་འགྲུབ་པ་ཡིན་ལ། ད་ནི་སྦྱངས་པ་འགྲོ་མི་འགྲོ་ཡི་འབད་པའི་རྒྱུན་ལ་འབྲེལ་ནས་ཡོད།   མོས་འབད་པ་བྱས་ཚེ་སྔོན་འགྲོའི་ཆ་རྐྱེན་ཡོངས་སུ་གྲུབ་ཡོད།   འབད་པ་མ་བྱས་ཀྱང་ཡིག་གཟུགས་སྤྱིའི་ཆ་ལ་བབས་པའི་སྤྱི་ཁོག་དང་བྱེ་བྲག་ལ་བབས་པའི་སྒྱུ་རྩལ་སོགས་གང་ལ་གང་འཚམ་རེ་མོའི་བློ་ངོས་སུ་འགོས་ཡོད་པ་འདྲ།   ད་ནི་འཚོ་བའི་ལས་མཐའ་དེ་ཡིག་གཟུགས་ལ་འབྲེལ་ཡོད་མེད་སོ་སོ་རང་ལ་རག་ལས་པར་གྱུར་ཅིག་ཅེས་བཤད་པ་ཡིན།   ལོ་ངོ་སྟོང་ཕྲག་ནས་བརྒྱུད་དེ་ཐོན་པའི་གཙུག་ལག་རིག་པ་ལ་ཡོད་པའི་གཞུང་དང་ཡན་ལག་གང་ཡིན་ཡང་ཚོགས་དང་བསོད་ནམས།   ལས་དང་རྒྱུ་འབྲས།   དབང་ཐང་སོགས་མང་པོ་ཞིག་ལ་འབྲེལ་ཡོད།   དེ་ལ་འབྲེལ་ནས་བྱིན་རླབས་ཞེས་པ་ཞིག་ཀྱང་ཚོར་མིན་མཐོང་མིན། ཤེས་མེད་རྟོགས་མེད་ངང་ཐོན་བཞིན་ཡོད་པ་ཀུན་ལ་གསལ་གསལ་ཡིན།   དེ་བས་རང་གི་འཚོ་བ་ཙམ་ཟིན་དུ་འགོད་ཆེད་ཡིག་གཟུགས་ཀྱི་སྐོར་འདིའང་མི་ཚེ་གྲུབ་བྱེད་ཀྱི་རྒྱུ་རྟ་རྔ་ཙམ་ཕྱིར་ཀུན་ལ་གཟིགས་རྟེན་དུ་ཕུལ་བ་དགེ་གྱུར་ཅིག་ཅེས་རོང་སྐྱེས་དོན་གྲུབ་ཚེ་རིང་གིས་༢༠༢༥ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ལ་ཙོང་ཁ་བདེ་ཁམས་ཀྱི་རང་ཤག་དགའ་ཚལ་ནས་བྲིས་པའོ།།

སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།

ཞུ་དག་པ། བཀྲ་ཤིས་དོན་གྲུབ།

སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།



阅读782
分享
写下您的评论吧