མཁྱེན་བརྩེ་རིན་པོ་ཆེ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།

མཁྱེན་བརྩེ་རིན་པོ་ཆེ
2025-05-01


མཁྱེན་བརྩེ་རིན་པོ་ཆེ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།


འགྲེམ་སྐོར་དང་པོ།



卡德卓1.jpg



     མཁྱེན་བརྩེ་རིན་པོ་ཆེ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་མཆོག་ནི་ཕྱི་ལོ(1969ལོར་ཡབ་སྤྲུལ་བའི་གཏེར་ཆེན་ཨོ་རྒྱན་སྐུ་གསུམ་གླིང་པ་དང་ཡུམ་ཀ་བཟའ་གདུགས་དཀར་སྒྲོལ་མ་གཉིས་ཀྱི་རིགས་སྲས་སུ་མགོ་ལོག་དགའ་བདེ་རྫོང་གོང་སྨད་ཡུལ་ཚོའི་མངའ་ཁོངས་ལུང་སྔོན་མ་གྱེས་ལུང་པ་རུ་སྐུ་བལྟམས།


卡德卓2.jpg


       སྔ་མའི་བག་ཆགས་སད་སྟོབས་ཀྱིས་སྐུ་ན་ཕྲ་བའི་དུས་ནས་བློ་གྲོས་མཆོག་ཏུ་མྱུར་ཞིང་འབྲི་ཀློག་བཅའ་བཟོ་ཀུན་ལ་འཇུག་པ་ཙམ་གྱིས་ཐོགས་མེད་དུ་མཁྱེན།    དགོངས་གྲངས་བཅུ་གཅིག་པར་ཨ་སྐོང་མཁན་ཆེན་བློ་བཟང་རྡོ་རྗེ་སོགས་ལས་སློབ་གྲལ་ཚང་བ་ལས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས།   

卡德卓3.jpg


       ཕྱི་ལོ་༡༩༩༢ ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་མཚན་ལ་བསྟན་འཛིན་འཇིགས་མེད་རྡོ་རྗེ་ཞེས་གསོལ།   སྔ་འགྱུར་བསྟན་པའི་བདག་པོ་གྲུབ་དབང་པདྨ་ནོར་བུ་དང་རྡོ་གྲུབ་ཆེན་སྐུ་ཕྲེང་བཞི་པ་སོགས་གྲུབ་བརྙེས་སྐྱེས་ཆེན་དུ་མས་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་ཤིང་ཕྱི་ལོ་༡༩༩༤ལོར་སྔ་འགྱུར་སྨོན་ལམ་ཆེན་པོའི་ཚོགས་ཐོག་ཏུ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་དང་ཁྲི་འདོན་མཛད།   འཕགས་བོད་དཔལ་ལྡན་འབྲས་དཀར་སྤུངས་བ་དང་།   ཨ་རིའི་རྒྱལ་སྤྱིའི་སྐད་ཡིག་སློབ་ཆེན།   ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་།   པེ་ཅིང་མཐོ་སློབ་ཀྱི་མཚན་ཉིད་རིག་པའི་སྡེ་ཚན་སོགས་སུ་སློབ་གཉེར་གནང་སྟེ་རབ་འབྱམས་མཁས་པའི་གོ་ས་བདག་གིར་བཞེས་ཤིང་མཁས་པའི་སྙན་པ་ཕྱོགས་ཀུན་ཏུ་རྒྱས།   ཕྱི་ལོ་༡༩༩༥ ལོར་ལུང་སྔོན་དགོན་པའི་ཁྲི་རབས་བཅུ་པ་དང་བསྟན་པའི་བདག་པོར་མངའ་གསོལ།


卡德卓4.jpg



        མིང་དོན་མཚུངས་བའི་བོད་ཀྱི་སློབ་གསོ་བ་ཆེན་མོ་དང་།   སྐད་གསུམ་སྨྲ་བའི་ལོ་ཙཱ་བ།   དུས་རབས་ཀྱི་མཁས་དབང་།   རྩོམ་པ་པོ།   སྙན་ངག་སྨྲ་བ།   སྨན་པ།   རི་མོ་པ་དང་ཡིག་མཁན་སོགས་ཀྱི་མཚན་སྙན་ཐོབ།   གྲྭ་ཚང་ཁག་དང་ཉེ་འཁོར་གྱི་རྒས་པ་དང་དབུལ་བོ་ནད་པ་ཁྲི་ཕྲག་དུ་མར་ལོ་རེར་དངུལ་ནོར་ཟས་གོས་སྨན་སྦྱིན་ཆད་མེད་དུ་གནང་།སྐྱབས་རྗེ་ཁང་སར་བསྟན་པའི་དབང་ཕྱུག་དང་། དགེ་མང་མཁན་ཆེན་པདྨ་དབང་རྒྱལ། ཀཿ ཐོག་རྨོག་སྤྲུལ་ཕྱོགས་ལས་རྣམ་རྒྱལ།གྲུབ་དབང་ཨོ་རྒྱན་སྐུ་གསུམ་གླིང་པ་སོགས་མཁས་གྲུབ་སྐྱེས་ཆེན་དམ་པ་དུ་མས་དོན་རྒྱུད་མན་ངག་གི་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་རྡོ་རྗེས་བཀའ་གསུང་གིས་བསྐུལ་བ་བཞིན།མི་ལོ་དུ་མིན་གྱི་ཡུན་ལ་ཐུན་མིན་འོད་གསལ་རྫོགས་པ་ཆེན་པོས་ཟབ་ཆོས་རྒྱས་ཁྲིད་དང་མན་ངག་ལྷུག་པོར་བསྩལ་ཏེ་གསང་ཆེན་སྙིང་པོའི་དོན་རྒྱུད་མན་ངག་གི་གཏེར་མཛོད་དུ་གྱུར།


卡德卓6.jpg



     ལོ་རེ་བཞིན་དགེ་བཤེས་རབ་འབྱམས་པ་སོགས་མཐོ་རིམ་སློབ་གཉེར་བའི་སྡེ་ཁག་དང་དགེ་འདུན་པ་དག་གི་གཙོས་ཕྱི་ནང་གི་དད་ལྡན་ཁྲི་ཕྲག་དུ་མ་ལ་ཐེག་པ་ཆེན་པོའི་རྒྱུད་བླ་མ་དང་།སྙིང་ཐིག་ཡ་བཞི། རྫོགས་རིམ་བར་དོའི་དྲུག་ཁྲིད། སེམས་ཉིད་ངལ་གསོའི་འབྲེལ་བ་ཤིང་རྟ་ཆེན་མོ། རྒྱུད་སྒྱུ་འཕྲུལ་དྲྭ་བ་འཇམ་དཔལ་མཚན་བརྗོད།ཁྲིད་ཡིག་ཡེ་ཤེས་བླ་མ། བྱང་ཆུབ་ལམ་རིམ་ཆེན་མོ། ཀུན་བཟང་བླ་མའི་ཞལ་ལུང་སོགས་གཞུང་ཆེན་ཁག་དང་། སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་ལུང་དུ་མ་དང་།ཡབ་བླ་མའི་ཟབ་གཏེར་གྱི་དབང་ལུང་། དུས་འཁོར་དབང་མོ་ཆེ་སོགས་དམ་པ་ཆོས་ཀྱི་བཀའ་ཁྲིད་དང་དབང་ལུང་མན་ངག་རྒྱ་ཆེན་གནང་།



卡德卓5.jpg


      ནང་ཆོས་ཀྱི་ལྟ་གྲུབ་དང་དུས་རབས་ཀྱི་སློབ་གསོའི་བརྗོད་སྙིང་ཅན་གྱི་དཔེ་དེབ་སུམ་ཅུ་ལྷག་བརྩམས་གནང་མཛད།   གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་གསར་བསྐྲུན་བྱས་པ་སོགས་མི་རིགས་ལས་དོན་ལ་གཅིག་ཏུ་བརྩོན་ཞིང་བསྟན་འགྲོ་ལ་སྨན་པའི་འཕྲིན་ལས་རྒྱ་ཆེར་བསྐྱངས་བས་རིས་མེད་བསྟན་པའི་ཀ་ཆེན་ཉིད་དུ་གྱུར་བའི་རྣམ་ཐར་གྱིས་ས་ཆེན་མཛེས་པར་བྱས།    མཐར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་བོད་རབ་བྱུང་བདུན་པའི་ཤིང་མོ་སྦྲུལ་གྱི་ལོ་དགུང་གྲངས་ང་བདུན་པར་ཝེད་ནམ་རྒྱལ་ཁབ་ཧོའུ་ཀྲུ་མེན་གྲོང་ཁྱེར་ནས་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཞི་དབྱིངས་སུ་བསྡུས་ཚུལ་མཛད།

卡德卓7.jpg



卡德卓8.jpg

སྐབས་དོན་བོད་ཀྱི་ཡིག་གཟུགས་ཕྱོགས་ལ་མཛད་པ་ཇི་ལྟར་གནང་ཚུལ་ནི།

       ཕྱི་ལོ་1980ཡས་མས་སུ་ཡབ་རྗེ་གཏེར་ཆེན་བླ་མའི་བཀའ་གསུང་བཞིན་མགོ་ལོག་ས་བྲིས་ཀྱི་བྲིས་རབས་བདུན་པ་ཁྲ་པད་གྲགས་ལགས་ཀྱི་དྲུང་ནས་སྡེར་ནང་ས་བྲིས་བསླབས་ཤིང་ཐུན་མིན་གྱི་ཁྱད་ཆོས་རབ་ཏུ་མངའ་བའི་ཐུགས་ཟིན་གྱི་སློབ་མར་གྱུར།   སྐབས་དེའི་སློབ་མའི་གྲལ་དུ་སྤྲུལ་རིན་པོ་ཆེ་སོགས་བླ་སྤྲུལ་གཞན་མང་པོ་ཡོད་ལ་སྐབས་ཤིག་ཏུ་དགེ་རྒན་གྱི་ཞལ་ནས་སྤྲུལ་སྐུ་ཧཱུྃ་ཀར་ཚང་ལ་ཕྱོགས་ཙམ་བསྟན་པས་ཕུན་སུམ་ཚོགས་པ་ཞིག་བྲིས་ཡོང་འདུག་མོད།   གཞན་དག་ལ་རིགས་འདྲ་སད་རྒྱུ་ཡོད་ན་མ་གཏོགས་ཅི་ཡང་ཐོན་གྱི་མི་འདུག    ཅེས་དང་ཁྱེད་ཀྱི་ཡི་གེ་འབྲི་རྒྱུ་རྒྱུན་འཁྱོངས་ཐུབ་ན་ས་བྲིས་རྒྱུན་འཛིན་པ་ཞིག་འོང་ངེས་ཡིན་ཞེས་སོགས་དམ་པ་འདི་བ་ལ་ཆེ་བསྟོད་དང་ཐུགས་རྩིས་བླ་མེད་གནང་།   མ་ཟད་སྐབས་དེའི་བྲིས་སློབ་ཀུན་ཀྱིས་མགྲིན་གཅིག་ཏུ་ཁོང་གིས་ངོ་མཚར་བའི་ཕྱག་བྲིས་གནང་ཚུལ་དང་ཐུན་མིན་གྱི་རྣམ་དཔྱོད་མངའ་ཚུལ།   སྐབས་དེའི་བྲིས་སློབ་ཡོངས་ལས་ཁྱད་དུ་འཕགས་ཚུལ་སོགས་བརྗོད་ཀྱིས་མི་ལང་བའི་རྣམ་ཐར་མང་དུ་མཆིས།   གཞན་ཡང་དབུས་བྲིས་དང་དབུ་ཅན་སོགས་ཐུན་མིན་གྱི་ཁྱད་ཆོས་མངོན་པར་འཕགས་པའི་ཕྱག་བྲིས་མང་དུ་གནང་།   དེ་ཡང་ཁོང་གིས་མཛད་པའི་༼   བྲིས་དཔེ་བློ་གསལ་སོར་མོའི་འཇུག་ངོགས་   ༽ལས།   མདོ་སྔགས་ཆོས་ཚུལ་ཡོངས་ཀྱི་རང་བཞིན་དང་། །   འཇིག་རྟེན་བདེ་སྐྱིད་བསྒྲུབ་པའི་ཐབས་ཇི་རྙེེད།།   ཡི་གེའི་འཕྲུལ་ལ་རྟེན་ཅིང་འབྲེལ་བར་གྲུབ།།   སྐྱེ་བོ་ཀུན་ཀྱིས་ཡི་གེ་ནན་གྱིས་སྦྱོངས།།   ཞེས་སོགས་ཡིག་གཟུགས་ལ་ཆེད་བསྟོད་དང་གདེངས་འཇོག་བྱས་པའི་ལེགས་བཤད་མང་པོ་མཛད།    ཕྱི་ལོ་2021ལོར་ལུང་སྔོན་དགོན་ཆོས་རིག་མཐོ་རིམ་སློབ་གླིང་དུ་དགེ་སློབ་ཡོངས་ལ་ས་བྲིས་དང་དབུས་བྲིས་ཀྱི་ཕྱག་རྒྱུན་སྤེལ།


卡德卓10.jpg


卡德卓9.jpg


卡德卓11.jpg



卡德卓13.jpg


        ཕྱི་ལོ་2023.5.21ཉིན་ཁོང་གིས་མཛད་པའི་༼   ས་བྲིས་ཡིག་གཟུགས་བློ་གསལ་སོར་མོའི་འཇུག་ངོགས   ༽ཞེས་པ་དཔར་བསྐྲུན་ལེགས་གྲུབ་ཀྱི་མཛད་སྒོ་ཆོས་རིག་མཐོ་རིམ་སློབ་གླིང་དུ་བསྡུས།   ཕྱི་ལོ2024.4.23ཉིན་དགའ་བདེ་རྫོང་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དངོས་མིན་ཤུལ་བཞག་དར་སྤེལ་ཞིབ་འཇུག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་རུ་གདན་ཞུ་བྱས་པ་སོགས་བོད་ཀྱི་བྲིས་གཟུགས་རིག་གནས་ཐད་ལ་ཤུགས་རྐྱེན་དང་བྱས་རྗེས་མི་དམན་པ་བཞག་ཡོད།   

卡德卓12.jpg


སྐུ་ན་གཞོན་དུས་ཀྱི་ཕྱག་བྲིས་རྩ་ཆེན།


卡德卓14.jpg

བླ་མ་འོད་དཀར་ཀྱི་བདག་ཉར་བྱས་པའི་སྐྱབས་རྗེ་བླ་མའི་ཕྱག་བྲིས།

卡德卓15.jpg


དགེ་རྒན་སེངྒེ་དར་རྒྱས་ཀྱིས་བདག་ཉར་གནང་བའི་སྐྱབས་རྗེ་རིན་པོ་ཆེའི་ཕྱག་བྲིས།

卡德卓17.jpg


卡德卓19.jpg


卡德卓18.jpg


སྡེར་ནང་ས་བྲིས་ཀྱི་ཀ་དཔེ།


卡德卓20.jpg


阅读2631
分享
写下您的评论吧