ཡིག་གཟུགས་མཐུན་ཚོགས་ཀྱི་2024ལོའི་བྱ་བའི་སྤྱི་སྡོམ།
ཟླ༡ཚེས་༢༢ཉིན་ཀླུ་ཆུའི་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་2025ལོའི་གནམ་ལོ་གསར་ཚེས་བསུ་བའི་ལོ་སར་གསོལ་ཚིགས་གླེང་མོལ་གྱི་ཚོགས་འདུ་བསྡུས།
ཚོགས་ཐོག་ཏུ། རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་ལོ་ཧྲིལ་བོའི་བྱ་བའི་ཁྲོད་གཙོ་འཛིན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། རྒྱལ་ཡོངས་སྐབས་བཅུ་གཅིག་པའི་རིག་རྩལ་འཐུས་མི་ཚོགས་ཆེན་དང་། ཞིང་ཆེན་གྱི་སྐབས་དྲུག་པའི་རིག་རྩལ་འཐུས་མི་ཚོགས་ཆེན། ཁུལ་གྱི་སྐབས་ལྔ་བའི་རིག་རྩལ་འཐུས་མི་ཚོགས་ཆེན་སོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ལས་དོན་གལ་ཆེན་ལ་ཡིག་གཟུགས་སྒྱུ་རྩལ་གྱི་ངོས་ཐད་ནས་དཔུང་རོགས་ཅི་ཐུབ་བྱས་ཏེ། ཡིག་གཟུགས་བཤམས་སྟོན་དང་། ཡིག་རྩལ་མཉམ་མྱོང་བརྗེས་རེས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་འཚོགས་པ་མ་ཟད། ཞིང་ཆེན་བར་དང་། ས་ཁུལ་བར་གྱི་ཡིག་གཟུགས་ལས་དོན་ཐད་ཀྱི་བསམ་བློ་དང་མཉམ་མྱོང་བརྗེས་རེས་ཟམ་མི་ཆད་པར་སྤེལ་ཏེ། ཐུན་མོང་ཐོག་ཡིག་མཁན་རང་ངོས་ཀྱི་མཐོར་འདེགས་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱས་པའི་བྱ་བར་སྤྱི་སྡོམ་ནན་མོ་བྱས།
ཁྱད་པར་དུ་ལོ་འདིར་སྔ་རྗེས་སུ་སྲིད་གྲོས་ཀླུ་ཆུ་རྫོང་ཨུ་ཡོན་ལྷན་ཁང་དང་། རྫོང་ཨུའི་རྩ་འཛུགས་པུའུ། རྫོང་ཨུའི་དྲིལ་བསྒྲགས་པུའུ། རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་། རྫོང་སློབ་གསོ་ཅུས། རྫོང་གྲོང་ཁྱེར་དང་ཞིང་གྲོང་འཛུགས་སྐྲུན་ཅུས། རྫོང་རིག་རྩལ་མཉམ་འབྲེལ་ལྷན་ཚོགས། རྫོང་རིག་གནས་ཁང་། རྫོང་ཁྲིམས་འཛིན་ཅུས། རྫོང་བཟོ་ཚོགས་སོགས་ཀྱི་གཙོ་སྒྲུབ་འོག ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་༧༥དང་མི་དམངས་སྲིད་གྲོས་ཚུགས་ནས་ལོ་འཁོར་༧༥ལོན་པར་རྟེན་འབྲེལ་ཞུ་བའི་ཏང་གི་བཀའ་དྲིན་མི་བརྗེད་པར་། དུས་རབས་གསར་བར་དཔུང་རྒྱུགས་བྱ་ཞེས་པའི་བརྗོད་དོན་ཡིག་གཟུགས་འགྲེམ་སྟོན་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་གཞི་རིམ་དུ་སྣུར་སྲིང་བྱེད་པའི་ལས་དོན་ཁྲོད་རིག་གནས་ཀྱིས་དམངས་ཕན་བྱ་བར་གཞོགས་འདེགས་བྱེད་ཅེས་པ་དང་། དཔེ་ཀློག་སྲིད་གྲོས། རྨ་ལྷོ་སོག་རྫོང་གི་ལོ་ངོ་༧༥ ཡི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་བ། ཁྲིམས་བསྒྲགས་ཉིན་མོའི་བྱེད་སྒོ། བཟོ་ཚོགས་ཀྱི་གཞིས་ཀའི་བྱེད་སྒོ། ཞིང་ཆེན་རྩ་འཛུགས་པུའུ་ཡི་ཡིག་གཟུགས་བཤམས་སྟོན། ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ། ཁུལ་སྲིད་གྲོས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན། སི་ཁྲོན་པད་མ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་བསྡུར་ཆེན་མོ། ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཐན་ཅིན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཡིག་གཟུགས་སྒྱུ་རྩལ་སྤེལ་རེས་ཀྱི་བརྩམས་ཆོས་འགྲེམ་སྟོན། འབྲུག་ཆུའི་ཡིག་གཟུགས་བཤམ་སྟོན་སོགས་རབ་དང་རིམ་པའི་བྱེད་སྒོའི་ཁྲོད་གཙོ་སྒྲུབ་དང་། རོགས་སྒྲུབ། འགན་སྒྲུབ། མཉམ་ཞུགས་སོགས་ཀྱི་བྱ་བ་སྣ་ཚོགས་ཅི་ནུས་སུ་བསྒྲུབས་དེ་ཀླུ་ཆུའི་གཏམ་རྒྱུད་བརྒྱུད་བསྒྲོགས་ཅི་ཐུབ་བྱེད་པར་ནུས་པ་གང་ལེགས་སུ་བཏོན། དེ་མིན་༢༠༢༤ལོར་སྨོན་ལམ་ཡིག་རྒྱུན་གྱི་དབུ་ཅན། སུག་རིང་། སུག་ཐུང་། ཚིགས་ཆུང་། འབྲུ་ཚ་བཅས་དང་། བླ་བྲང་དགོན་པའི་སོག་པོ་དཀོན་མཆོག་ཚང་གི་ཕྱག་རྒྱུན་དུ་གྲགས་པའི་ལཉྫ་དང་ཝརྟུའི་ཡིག་མཛོད། གཙང་བྲིས་དབུ་ཅན། སྙེ་བྲིས་དབུ་ཅན་ཡིག་ཆེན་དང་ཡིག་ཆུང་སོགས་གློག་རྡུལ་ཡིག་མཛོད་བཅུ་ཕྲག་ལྷག་གསར་བཟོ་བྱས་པ། གཞན་ཡིག་གཟུགས་བརྩམས་ཆོས་དཔེ་དེབ་དང་། དྲ་ལམ་མི་སྒེར་བརྩམས་ཆོས་འགྲེམ་སྟོན་སོགས་གང་ནུས་ཀྱིས་གཉེར་བ། དེ་མིན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མིའི་ཁྲོད་ཡིག་གཟུགས་བྲིས་རྩལ་གྱི་ཡར་སྐྱེད་མངོན་གསལ་ཐོན་པའི་ཡིག་མཁན་གྱི་གྲངས་ཀ་ལོ་རེ་བཞིན་ཇེ་མང་དུ་འགྲོ་ཚུལ་ལ་ཕྱིར་མིག་ནན་ཏན་གྱིས་བལྟས་པ་མ་ཟད། གྲུབ་འབྲས་ཀྱི་ཁྲོད་ནས་རང་སྟེང་གི་ཞན་ཆ་དང་། མཐུན་ཚོགས་ཀྱི་ངོས་ཐད་ནས་མ་འདང་སའི་ཕྱོགས་ཐམས་ཅད་ལ་གྲོས་མོལ་གཏམ་གླེང་ལྷུག་བརྗོད་བྱས།
ཚོགས་འདུའི་སྟེང་ཡིག་མཁན་ལྷ་མོ་སྐྱབས་དང་། འཇིགས་བྱེད་འཚོ་གཉིས་ལ་༢༠༢༤ལོའི་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཕུལ་བྱུང་ཡིག་གཟུགས་ཡར་ཐོན་ཅན་གྱི་མཚན་རྟགས་སྤྲད་པ་དང་། ཡིག་མཁན་འཇིགས་བྱེད་སྐྱབས་དང་སྐལ་བཟང་ཚེ་བརྟན། མགོན་པོ་དབང་འདུ་གསུམ་ལ་༢༠༢༤ལོའི་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཕུལ་བྱུང་ཡིག་གཟུགས་ལས་འཛིན་པའི་མཚན་རྟགས་སྤྲད།
ཕྱོགས་གཞན་ནས་ཚོགས་མི་ཚོས་རང་གི་འདུན་པ་ལྟར་གསོལ་ཚིགས་ཀྱི་བར་གསེང་ནས་ཡིག་གཟུགས་བརྩམས་ཆོས་གསར་རྩོམ་བྱས་པ་དང་། རང་རང་གི་བློ་མོས་བཞིན་བརྩམས་ཆོས་དེའི་དགེ་སྐྱོན་གཏམ་གླེང་སྣ་ཚོགས་སུ་སྤེལ་ཏེ་། ཡིག་རིས་ཀྱི་འབྲི་ལུགས་དང་། བྲིས་རྒྱུན་སོ་སོའི་འདྲ་མིན་གྱི་ཁྱད་ཆོས། ཐུན་མོང་གི་ངོས་འཛིན་བྱེད་སྟངས། ཐམ་ཀ་འགོད་ལུགས་སོགས་ལག་ལེན་ཁྲོད་ཀྱི་མཉམ་མྱོང་སྣ་ཚོགས་ལྷུག་པར་བརྗོད་པས་ཕན་ཚུན་ལ་སློབ་སྦྱོང་དང་། ཕྱི་རབས་ལ་སློབ་སྟོན་གྱི་ནུས་པ་ཆེན་པོ་ཐོན།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།