《སྡེ་བྲིས་ལེགས་བཏུས》་དཔེ་ཆ་འགྲེམས་སྤེལ་མཛད་སྒོ་སྡེ་དགེ་ནས་སྤེལ།
《མདོ་ཁམས་སྡེ་དགེའི་སྡེ་བྲིས་ཡིག་གཟུགས་ལེགས་བཏུས་མེས་པོ་དགྱེས་པའི་མཆོད་སྤྲིན།》ཞེས་པའི་དེབ་གསར་འགྲེམས་སྤེལ་མཛད་སྒོ་སྡེ་དགེ་རྫོང་དུ་སྤེལ།
སྤྱི་ཟླ་༡༢པའི་ཚེས་༦ཉིན།མི་རིགས་རིག་གནས་རྒྱུན་འཛིན་བྱེད།ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས་དེབ་གསར《མདོ་ཁམས་སྡེ་དགེའི་སྡེ་བྲིས་ཡིག་གཟུགས་ལེགས་བཏུས་མེས་པོ་དགྱེས་པའི་མཆོད་སྤྲིན།》གྱི་འགྲེམས་སྤེལ་མཛད་སྒོ་དེ་སྡེ་དགེ་རྫོང་ཁམས་པའི་རིག་གནས་ཐང་ཆེན་དུ་སྤེལ། དེབ་གསར་འགྲེམས་སྤེལ་མཛད་སྒོའི་ཐོག་དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་སྡེ་དགེ་རྫོང་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད། སྤྱི་ཚོགས་ལས་རིགས་སོ་སོའི་བྲིས་ལ་དགའ་ཞེན་ཆེ་བའི་བྲིས་པ། རྫོང་སྡེ་བྲིས་མཐུན་ཚོགས་ཀྱི་ཚོགས་མི། རྫོང་རྩོམ་རིག་མཐུན་ཚོགས་སོགས་མཐུན་ཚོགས་གཞན་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ། ས་གནས་རང་གི་མང་ཚོགས་སོགས་ཁམས་པའི་རིག་གནས་ཐང་ཆེན་དུ་མི་ཚོགས་བརྒྱ་ཕྲག་འདུས་ཡོད། དེ་ཡང་དེབ་གསར་འགྲེམས་སྤེལ་མཛད་སྒོ་འཇུག་སྒྲིལ་རྗེས་བྲིས་གཟུགས་ཀྱི་ཆེད་མཁས་པ་རྣམས་གདན་གཅིག་ཏུ་འཛོམས་ནས་སྡེ་བྲིས་འཛིན་སྐྱོང་སྤེལ་གསུམ་ཐད་བགྲོ་གླེང་ལྷུག་པོ་བྱས།
དེབ་འདི་ནི་སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཀྲེ་ཅང་རོགས་སྐྱོར་འཛུགས་སྐྲུན་གཞུང་ལས་ཁང་དང་དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག །སྡེ་དགེ་རྫོང་རིག་གནས་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་དེ་བཞིན་སྡེ་དགེ་རྫོང་སྡེ་བྲིས་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་འཆར་འགོད་དང་བསྡུ་སྒྲིག །རྩོམ་སྒྲིག་བྱས་པ་བརྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམས་སྤེལ་བྱས་པའི་མདོ་ཁམས་སྡེ་དགེའི་ཡུལ་གྱི་སྡེ་བྲིས་རྒྱུན་འཛིན་པའི་ཡིག་གཟུགས་ལེགས་བཏུས་ཀྱི་དེབ་གསར་ཞིག་རེད། དེབ་འདི་པར་བསྐྲུན་འགྲེམས་སྤེལ་བྱས་པ་དེས་སྡེ་བྲིས་ཀྱི་བྲིས་རྒྱུན་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་ནུས་པ་གལ་ཆེན་ཐོན་ངེས།
སྤྱིར་སྡེ་བྲིས་ལ་སྡེའམ་སྡེབ་ཅེས་ཡུལ་གྱི་སྒོ་ནས་མཚན་བརྗོད་པ་སྡེ་བྲིས་དང་། བྱེད་ལས་ཀྱི་སྒོ་ནས་མཚན་བརྗོད་པ་ཡིག་གཟུགས་ཀུན་གྱི་ལེགས་ཆ་བཏུས་ཏེ་བསྡེབས་པས་སྡེབ་བྲིས་ཅེས་བརྗོད་སྲོལ་གཉིས་མཆིས། བྲིས་རྒྱུན་འདི་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་ཞིང་། གསར་གཏོད་ཀྱི་མཛེས་ཆ་ཆེ་བ། དམ་པ་དུ་མའི་བྱིན་རླབས་ཐོབ་པ། ལུགས་གཉིས་ཀྱི་ཕྲིན་ལས་རྒྱ་ཆེ་བ། པར་ཤིང་ལ་བརྐོ་བདེ་བ། ཚད་གཞི་ཁུངས་བཙན་པ། སྨྱུག་འགྲོས་ཉུང་ཞིང་སྒྱུ་རྩལ་གྱི་ཉམས་དང་ལྡན་པ། མཉེན་འཁྱུག་སྦོམ་ཕྲ་ལྡན་པ། ཟླུམ་འགྲིལ་གསེག་བཅད་ལྡན་པ། མདོར་ན་བདེ་མཉེན་འཁྱུག་གསུམ་དང་ཕྲ་སྦོམ་ལྷོད་གསུམ། དྭངས་གསལ་མཛེས་གསུམ་སོགས་ཁྱད་ཆོས་ཀུན་དང་ལྡན་པ་ཞིག་ཡིན། དེ་བས་བྲིས་གཟུགས་འདི་ཉིད་༢༠༠༨ལོའི་ཟླ་༦པའི་ཚེས་༡༤ཉིན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་ཚུད་ཡོད།
དེ་ཡང་། སྡེ་དགེ་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པའི་དུས༼ ༡༦༤༡-༡༧༡༢ ༽ནས་འགོ་བརྩམས་ཏེ་སྡེ་དགེའི་ཡུལ་དུ་པར་ཤིང་བརྐོས་པར་བཞེད་ཅིང་། ཁྲི་ཆེན་སངས་རྒྱས་བསྟན་པས་སྦྱིན་བདག་མཛད་ནས་རབ་བྱུང་བཅུ་གཉིས་པའི་ཤིང་ཕོ་སྤྲེལ༼༡༧༠༤༽ལོར་སྡེ་དགེ་ལྕགས་ར་ཐུབ་བསྟན་ནོར་བུའི་གླིང་གི་རྫོང་ཆེན་བསམ་འགྲུབ་རྩེར་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་སྐད་རིགས་གསུམ་གྱི་བདག་ཉིད་ཅན་སུམ་ཕབ་མ་པར་དུ་བརྐོས། པར་ཤིང་འདི་ནི་མིག་སྔར་སྡེ་དགེའི་པར་གཞི་ལས་ཆེས་སྔ་ཤོས་ཀྱི་པར་ཤིང་ཡིན་པར་མ་ཟད། པར་ལེབ་བཟོ་སྟངས་དང་། ལཉྩའི་ཡི་གེ སཾསྐྲྀཏའི་ཡི་གེ དབུ་ཅན་ཡིག་གཟུགས་གསུམ་ལའང་སྤྱིའི་ཆ་ནས་བོད་ཀྱི་པར་གཞི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པས། ལོ་ངོ་༣༢༠ཡར་སྔོན་ནས་ཁམས་བྲིས་སམ་སྡེ་བྲིས་ནི་བོད་ཡུལ་གཞན་དང་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་པའི་ཡིག་གཟུགས་ཤིག་ཆགས་ཟིན།
སྡེ་དགེ་པར་ཁང་གི་བརྒྱད་སྟོང་སུམ་ཕབ་ཀྱི་ཤིང་པར་མ་དཔེ།
སྡེ་དགེ་པར་ཁང་གི་ཤིང་པར་མའི་ཀ་དཔེ།
སྡེ་དགེའི་བཀའ་ཤོག
དེ་ནས་སྡེ་དགེའི་ས་སྐྱོང་ཆོས་རྒྱལ་བསྟན་པ་ཚེ་རིང་༼༡༦༧༨-༡༧༣༨༽གིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་བཞེངས་ནས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་གཞི་ཐོག་མར་བཞེངས་པའི་ལེགས་བྱས་ཆེན་པོ་འདིའི་བསོད་ནམས་ཀྱི་མཐུ་ལས་ཆོལ་གསུམ་གྱི་ཡིག་མཁན་ཀུན་གྱི་ཡང་རྩེ་བཞི་བཅུ་ལྷག་ཁམས་སྡེ་དགེ་ལྷུན་གྲུབ་སྟེང་དུ་བསྡུས་ཏེ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཟུང་གིས་སྔོན་གྱི་ཚད་ལྡན་ཡིག་དཔེ་དང་ཐིག་བཤད་སོགས་ལ་ཞིབ་གཟིགས་གནང་ཞིང་།ཡིག་མཁན་ཀུན་གྱི་བྲིས་ཀྱི་ལེགས་ཆ་བླངས། ཁོང་རང་ཉིད་ཀྱང་བོད་ཀྱི་ཡིག་གཟུགས་སྤྱི་དང་ཁྱད་པར་དུ་ལཉྩ་དང་ཝརྟུའི་བརྟག་གཉིས་སོགས་ཀྱི་འབྲི་ཚུལ་ཐམས་ཅད་ལེགས་པར་མཁྱེན་པས། སྐབས་དེའི་གངས་ལྗོངས་ཁྱོན་གྱི་ཡི་གེའི་མཁན་པོར་གྲགས་པ་ཀུན་གྱི་བྲིས་ལ་ཞིབ་བསྡུར་ནན་པོ་གནང་། ཆ་ཚད་དང་མཛེས་ཉམས་གཉིས་ལྡན་གྱི་གཟབ་ཤར་འབྲི་ཚུལ་རང་རྐང་ཚུགས་པར་གསར་དུ་གཏོད། བྲིས་གཟུགས་རྣམས་གཅིག་གྱུར་མཛད་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་པར་རྩ་བྲིས། བོད་ཀྱི་ཡི་གེའི་གཟུགས་རིས་སྒྱུ་རྩལ་ལས་སྡེ་བྲིས་ཞེས་པའི་བྲིས་རྒྱུན་ངོ་མཚར་ཅན་འདི་སྲོལ་གཏོད། ཕྱིས་སུ་ཁམས་ཕྱོགས་ཡོངས་སུ་གཟབ་མའི་འབྲི་ཚུལ་ལ་སྡེ་བྲིས་ཀྱིས་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བྲིས་རྒྱུན་འདི་ཤིན་ཏུ་དར་ཁྱབ་ཕྱིན་ཡོད།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཕྱག་བྲིས།
དིས་ཆུང་བློ་ཆོས་ཀྱི་ཕྱག་བྲིས།
ཐང་བླ་ཚེ་དབང་གི་ཕྱག་བྲིས།
དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེའི་ཕྱག་བྲིས།
བྲིས་རྒྱུན་འདི་ཉིད་སྡེ་དགེའི་ས་སྐྱོང་རིམ་བྱོན་དང་གྲུབ་མཐའ་ཁག་ལྔའི་དགོན་སྡེ་སོགས་ལ་གཙོ་བོ་དར་རྒྱས་ཕྱིན་ནས་དུས་ད་ལྟའི་བར་དུ་རྒྱུན་འཛིན་ཟམ་མ་ཆད་པར་ཡོད་དེ། དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་གནས་ཁུ་དབོན་ནས་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ལ་བརྒྱུད། དེ་ནས་མཁྱེན་ཀོང་མཆོག་གསུམ་སོགས། དེ་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་སྡེ་དགེའི་ས་སྐྱོང་རིམ་བྱོན་སོགས། དེ་ནས་ཀེ་སྲིབ་ཨ་ཚང་སོགས། དེ་ནས་དཔལ་སྤུངས་མཁན་པོ་དིས་ཆུང་བློ་ཆོས་སོགས། དེ་ནས་བཅོས་བསྒྱུར་སྒོ་འབྱེད་དཔྱིད་ཀྱི་དཔལ་ཡོན་བཞད་རྗེས་སུ་ཡང་བསྐྱར་དགོན་སྡེ་ཁག་དང་དམངས་ཁྲོད། དེ་བཞིན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སོགས་སུ་བརྒྱུད་ནས་དར་ཁྱབ་ཆེན་པོ་ཕྱིན། ད་ལྟའང་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ།རྫོང་རིམ་པ་བཅས་ཀྱི་བྲིས་པ་རྒྱུན་མ་ཆད་པ་བྱུང་དང་འབྱུང་བཞིན་ཡོད་པས།མངོན་མིན་རིག་གནས་ཤུལ་བཞག་འདི་ཉིད་ལ་གསོན་ཤུགས་ལྷག་ཏུ་རྒྱས། །
སྡེ་དགེ་བྲིས་པའི་ཕྱག་བྲིས་འདེམས་བཀོད།
སྡེ་བྲིས་རྒྱུན་འཛིན་པ་བྱང་དགའི་ཕྱག་བྲིས།
སྡེ་བྲིས་རྒྱུན་འཛིན་པ་དཔལ་བསྡུས་ཀྱི་ཕྱག་བྲིས།
སྡེ་དགེའི་བྲིས་པ་དིས་ཆུང་བུ་རྒན་གྱི་ཕྱག་བྲིས།
སྡེ་དགེའི་བྲིས་པ་དོན་འགྲུབ་ཚེ་རིང་གི་ཕྱག་བྲིས།
ཡུལ་དངོས་སུ་ཡིག་གཟུགས་མཁས་དབང་རྣམ་པའི་
གསུང་བཤད་ལ་ཉན་འདོད་མཁན་རྣམས་གྱིས་འོག་གི་སྤེལ་སྣེ་མནན་ནས་
གངས་ལྗོངས་ཉི་གཞོན་འཕྲིན་སྟེགས་
སུ་ཕེབས་པར་འཚལ།
ཡོང་ཁུངས། གངས་ལྗོངས་ཉི་གཞོན།
གཙོ་སྒྲིག་པ། དཀོན་མཆོག་རྡོ་རྗེ།
ཞུ་ཆེན། དབང་ཆེན།རྣམ་དཀར་ལྷ་མོ།
རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། དོན་གྲུབ་ཆོས་སྒྲོན།