ཡིག་བྲིས་གསེར་སྐྱེམས།
______ ཀན་ལྷོའི་བྲིས་པ་བན་དེ་ཚེ་རིང་གི་བརྩམས་ཆོས་གཏེར་ལུང་དགོན་པར་འབུལ་བཞིན་པ།
ཟླ་འདིའི་ཚེས་ཉེར་ལྔ་ཉིན་ཀན་ལྷོའི་ཡིག་མཁན་ཡུམ་བརྒྱ་བན་དེ་ཚེ་རིང་གིས་ལོ་ངོ་གསུམ་གྱི་རིང་ལ་འབྲི་གནང་མཛད་པའི་༼ ཐར་མདོ ༽ཤོག་རིང་མ་སྡེབ་མ་ལྔའི་བདག་ཉིད་ཅན་དེ་ཀན་ལྷོ་ཁུལ་གཏེར་ལུང་དགོན་པའི་གཟུངས་རྟེན་དུ་འབུལ་བཞིན་པའི་གནས་ཚུལ་མདོར་བསྡུས་བརྙན་རིས་ཀྱི་ལམ་ནས་གཟིགས་པར་ཞུ།
སྤྱིའི་རིང་ཚད་ལ་རྨི་486དང་ཞེང་ལ་རྨི་1 བརྩམས་ཆོས་ཀྱི་མགོ་མཇུག་ཚང་མ་སྨོན་ལམ་དབུ་ཅན་གྱིས་ཐིག་ཕྲེང་བདུན་ལྟར་བྲིས་པའི་འཕགས་པ་ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པ་འགྱོད་ཚངས་ཀྱིས་སྡིག་སྦྱངས་ཏེ་སངས་རྒྱས་སུ་གྲུབ་པར་རྣམ་པར་བཀོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་འདི་ཉིད་ཆུང་དུས་ནས་རང་ཉིད་ཀྱི་ཕ་དམ་པས་ཉིན་རེར་ཁ་ཏོན་བྱེད་བཞིན་པའི་བག་ཆགས་དང་ཕྱིས་ཡིག་གཟུགས་སྣ་ཚོགས་ལ་ཁྲིད་རྒྱུན་ལྟར་སྦྱོང་བ་བྱས་ཏེ་ཅུང་ཟད་བྱང་བ་ན། མདོ་སྡེ་འབྲི་བཞེངས་བྱེད་པའི་ཕན་ཡོན་མཐའ་དག་ཡིད་ལ་ངེས་པར་བྱས་ཏེ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་2016ལོའི་ལྷ་བབ་དུས་ཆེན་ཉིན་ཚེས་དགེ་བར་དབུ་བཙུགས་ཏེ། ལོ་དེའི་མགོ་ཟླ་བའི་ཡར་ཚེས་ལ་འདི་ཕྱིའི་སྐྱབས་གནས་ཉག་གཅིག་རྩ་བའི་བླ་མ་༧བསེ་རྡོ་རྗེ་འཆང་མཆོག་གི་སྤྱན་སྔར་མདོ་སྡེ་འདི་འདྲ་བ་འབྲི་བར་བར་ཆད་མེད་པ་དང་ལེགས་པ་མཐར་ཕྱིན་པའི་སྐྱབས་འཇུག་རྩེ་གཅིག་ཏུ་ཞུས་པས། ཤིན་ཏུ་ལེགས་སོའི་ཚིག་གི་གཏང་རག་དང་མཐར་ཕྱིན་ངེས་ཡིན་པའི་བཀའ་ལུང་རྡོ་རྗེའི་དམ་ཚིག་གཡུང་དྲུང་དུ་སྩལ་པས་སྔར་ལས་ལྷག་པའི་དམ་བཅའ་བརྟན་པོ་དང་བཅས་ཏེ། སྡེ་དགེ་པར་མ་བྲི་གཞིར་བཞག་ནས་ཉིན་རེར་ཤོག་བུ་གཉིས་རེ་ཆག་མེད་ཀྱིས་ལོ་ཧྲིལ་བོ་གསུམ་ལ་ཁྲི་རྒན་འཇམ་པའི་དབྱངས་ཀྱིས་མཛད་པའི་གསུང་རབ་འབྲི་བཞེངས་ཀྱི་མན་ངག་ལྟར་ལེགས་པར་བྲིས་ཤིང་། རབ་རྒྱན་ས་ཕག་2019ལོའི་ལྷ་བབ་དུས་ཆེན་ཉིན་རྟེན་འབྲེལ་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མཇུག་ལེགས་པར་གྲུབ། 2024ལོའི་ལྔ་མཆོད་ཆེན་མོའི་ཉིན་གདན་ས་ཆེན་མོ་གཏེར་ལུང་ཡིད་དགའ་ཆོས་འཛིན་དུ་འབུལ་བའི་སྐལ་བ་ལྡན་སོང་།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ།དཔལ་མགོན་ཚེ་རིང་།
ཞུ་དག་པ་བཀྲ་ཤིས་དོན།
སྒྲིག་སྦྱོར་བ།མགོན་པོ་དོན་གྲུབ།