རྒན་གྱ་རྩྭ་ཐང་གི་ཡིག་གཟུགས་བགྲོ་གླེང་ཚོགས་འདུའི་སྟེང་གི་གཏམ་བཤད།
ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྡོར་བྷས།
ཁ་སང་དེ་རིང་ཡིག་གཟུགས་ཀྱི་དར་ཁྱབ་དེ་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན། བོད་རིགས་ཁོ་ན་མ་ཡིན་པར་ནང་ཁུལ་གྱི་སློབ་གྲྭ་ཆེ་མ་ཆུང་གསུམ་གཙོ་བས་མི་མང་པོ་ཞིག་རྒྱའི་ཡིག་གཟུགས་ལའང་སྤྲོ་བར་འཇུག་ཅིང་གང་ནུས་ཀྱིས་སྦྱངས་ཏེ་དར་ཁྱབ་གཏོང་པའི་ཚ་རླབས་ཆེན་པོའི་རྣམ་པ་ཞིག་འཕྱུར་བཞིན་འདུག་ལ། དེར་རྒྱལ་ཁབ་དང་སློབ་གསོ་པུའུ་ཡིས་རྒྱབ་སྐྱོར་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་ན། "ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ནོར་ཡིན་ཞིང་། དེར་བློ་གྲོས་ཀྱི་དྭངས་མའམ་རིག་པའི་ཟུངས་སྟོབས་སོགས་མང་པོ་འདུས་ཡོད་པས། ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས། "习近平总书记指出,书法是中华文化瑰宝,包含着很多精气神的东西,一定要传承和发扬好。ཞེས་པའི་བཀའ་སློབ་དེའི་དགོངས་དོན་དངོས་སུ་ལག་ལེན་མཐའ་འཁྱོལ་བྱས་པའི་འབྲས་བུ་ཡིན་པ་ཐེ་ཚོམ་མེད། དེ་དང་དེ་མཚུངས་སུ་སྒྱུ་རྩལ་གྱི་ཁྱད་ཆོས་ཀྱང་འབུར་དུ་ཐོན་པའི་བོད་ཀྱི་ཡིག་གཟུགས་རིག་གནས་དེའང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ལས་ཆེས་རྣམ་པར་བཀྲ་བའི་ནོར་བུའི་གྲས་ཤིག་ཡིན་པས་ཆ་ནས། ཞི་ཅིན་ཕིང་གི་གསུང་ལས་ཡིག་གཟུགས་ལ་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གང་ལེགས་བྱེད་དགོས། ཞེས་པའི་གསུངས་ཚིག་དེ་ཡིད་ལ་དམ་དུ་འཛིན་བཞིན་བོད་ཀྱི་ཡིག་གཟུགས་རིག་གནས་དེ་ཇི་ལྟར་རྒྱུན་འཛིན་བྱེད་རྒྱུ་ནི་དེ་རིང་ངས་བཤད་འདོད་པའི་སྐད་ཆ་ཡིན།
བོད་གི་ལོ་རྒྱུས་སུ་སྤྱི་ཚོགས་ལ་འགྱུར་ལྡོག་ཅི་ཙམ་ཆེ་རུང་། གནའ་ནས་ད་བར་དུ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སྟངས་བོད་ལ་ཐུན་མོང་མ་ཡིན་པ་ཞིག་ཡོད། དེ་ནི་ཤེས་བྱ་དང་བསླབ་བྱ་རྣམས་ལུང་རྒྱུན་དང་ཁྲིད་རྒྱུན་ལ་བརྟེན་ནས་མི་ཐོག་གཅིག་གིས་མི་ཐོག་གཞན་ཞིག་ལ་བརྒྱུད་སྤྲོད་བྱས་པ་ནི་མི་རིགས་གཞན་དང་མི་འདྲ་བའི་བོད་རང་གི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན་ཞིང་། ལུགས་སྲོལ་འདི་ནི་ཞོ་ཡི་ཞོ་རྩི་དང་གོ་རེ་ཡི་སྐྱུར་རྩི་ནང་བཞིན་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ལག་ཆ་ནུས་ལྡན་ཞིག་རེད། དེ་བཞིན་དུ་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་བྱེད་སྟངས་ཡང་དེ་ལས་མ་འདས།
ང་ཚོའི་ཀན་ལྷོ་ས་ཁུལ་ལ་མཚོན་ན། ཡིག་མཁན་མང་ཆེ་བའི་བྲིས་རྒྱུན་གྱི་ཁུངས་གཏུགས་ས་ནི་བླ་བྲང་དགོན་པའི་བྲིས་རྒྱུན་རེད། དགོན་པ་འདི་ཀུན་མཁྱེན་བླ་མས་ཕྱག་བཏབ་མཛད་ནས་ལོ་ངོ་སུམ་བརྒྱ་ལྷག་གི་དུས་ཡུད་དུ་དབུས་གཙང་སོགས་ནས་ཡི་གེའི་བྲིས་རྒྱུན་སྔ་ཕྱི་ཐེངས་གསུམ་ལ་བླངས་མྱོང་ཡོད་པ་ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་དང་ལོ་རྒྱུས་དེབ་ཐེར་སོགས་སུ་གསལ་བོ་འཁོད་འདུག ཡིག་རྒྱུན་དེ་དག་ཚང་མ་ཁུངས་བཙུན་ཞིང་། བྲིས་རྒྱུན་དག་པ། བྲིས་དང་གཞུང་གཉིས་ཡ་མ་བྲལ་བའི་ཡིད་ཆེས་གསུམ་ལྡན་གྱི་བྲིས་རྒྱུན་ཤ་སྟག་ཡིན་པ་མ་ཟད། ད་དུང་དེའི་ཆེ་བ་ཞིག་བརྗོད་ན། དབལ་མང་པཎྜི་ཏའི་བླ་བྲང་གདན་རབས་ཀྱི་ཤོག་ངོས་༩༧ན། འདི་ལྟར་གསུངས་ཡོད་ལ། བཀྲ་ཤིས་འཁྱིལ་གཅིག་བུར་ཡང་མདོ་སྔགས་ཀྱི་ལུང་ཁྲིད་དབང་མན་ངག་ཕྱག་ལེན་གྱི་རིགས་དང་། སྒྲ་སྙན་ངག་སྡེབ་སྦྱོར་རྩིས་དཀར་ནག་ཡིག་རིས་སྣ་ཚོགས། དཔར་རྐོས། ལྷ་བྲིས། ཤིང་བཟོ། གོས་བཟོ། རྡོ་བཟོ་ལྕགས་བཟོ་སོགས་བཟོ་རིགས་གཅིག་བུ་ཡང་ཡུལ་གྲུ་གང་ན་གང་ཞིབ་པ་དེ་དང་དེ་ནན་ཅན་དུ་སློབ་པར་མཛད་དེ་མདོར་ན། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། ། དངོས་དེ་གང་ཡང་ཡོད་མ་ཡིན། ཞེས་གསུངས་པ་ལྟར་གྱི་ལག་ལེན་ལ་ཀུན་གྱིས་བུང་བ་པད་མཚོར་འཇུག་པ་ལྟར་དགའ་བ་ལྷུར་ལེན་ཞིང་། དེའི་མཐུས་ཆོས་སྲིད་ཀྱི་བྱ་བ་གང་ལ་ཡང་སྒྲུབ་པའི་སྤྲོ་བ་དང་ནུས་པ་རང་སྟོབས་ཀྱིས་ཚང་ཕྱིན་གྲོགས་སྟོབས་ཀྱིས་འདི་མ་ཚང་ཞེས་བྱ་བ་གཅིག་ཀྱང་མེད་པར་ཐེག་མཆོག་འཁོར་ལོ་བཞི་ལྡན་དུ་གྲུབ་པ་འདི་ཡང་ཤེས་རབ་ཕུན་སུམ་ཚོགས་པས་གཞན་དོན་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཞུགས་པའི་ལག་རྗེས་ཡིན་ཏེ་ཟུར་ཙམ་སྨྲས་པའོ། ། གཞན་ཡང་ཆས་པ་རྒྱ་མཁར་ཚང་ངམ་རྒྱ་མཁར་གྲུབ་ཆེན་པའི་གསུང་འབུམ་དཔལ་ལྡན་བཀྲིས་འཁྱིལ་གྱི་ཡོན་ཏན་ཕྲེང་བའི་བསྔགས་བརྗོད། ཤོ་ལོ་ཀ་༡ན་ཡང་། སྒྲ་སྙན་སྨན་རྩིས་སྡེབ་སྦྱོར་དབྱངས་འཆར་རྒྱུན། ། ལཉ་ཝར་ཡིག་རིགས་གཏོར་མའི་བཅའ་བཟོ་ཚུན། ། གཞན་ལ་མེད་པའི་ཁྱད་ཆོས་མ་ཚང་མེད། ། ཡོན་ཏན་ཕྱོགས་རེས་ཙམ་གྱིས་འགྱིང་བའང་མིན། ། ཞེས་གསུངས་པ་དེ་དག་ལས། ཤེས་དགོས་པ་ཞིག་ནི། བླ་བྲང་བཀྲ་ཤིས་འཁྱིལ་འཛམ་གླིང་བོད་རིག་པའི་བསྟི་གནས་ཀྱི་ཆོས་དང་རིག་གནས་ཀྱི་ཁྲིད་རྒྱུན་ཁུངས་ཤིན་ཏུ་དག་མོ་ཡིན་ལ། དེང་དུས་འཇིག་རྟེན་སྔོན་ཐོན་དུ་གྲགས་པ་འདིའི་ལུགས་ལ། གཞུང་ལུགས་ཀྱི་ཁྲིད་རྒྱུན་དང་ལུང་རྒྱུན་སོགས་ལ་ཅི་ཡང་མི་བརྩི་བར། ཡིག་གཟུགས་ཡིན་ན་དཔེ་ལ་ལད་འབྲི་བྱས་ནས་སྨྱུག་ཁ་ཐོན་ཙམ་དེས་ཆོག་པར་བཞེད་པ་འདྲ་ཡང་། རང་རེ་མཁས་པ་ཕལ་མོ་ཆེས་ལུང་རྒྱུན་དང་ཁྲིད་རྒྱུན་མེད་པའི་ཤེས་ཡོན་ནི། རྐུན་མས་བརྐུས་པའི་རྫས་དང་མཚུངས་པས་ཁུངས་ལུང་མེད་པ་དང་། ཆ་མ་ཚང་བ་དང་དོན་ལོག་པར་འགྱུར་བའི་སྐྱོན་ཡོད་པར་བཞེད། བཞེད་ཚུལ་དེ་ལ་རྒྱུ་མཚན་ཆེན་པོ་ཡོད་པ་རེད། དེ་ཡང་རྗེ་གུང་ཐུང་བསྟན་པའི་སྒྲོན་མེའི་གསུངས་ན། དཔལ་ལྡན་བཀྲིས་འཁྱིལ་བའི་མཆོད་རྟེན་ལ་མགོ་རྟིང་ལོག་རུང་། སྐེད་པའི་བང་རིམ་ལ་སྐྱོན་མི་ཞུགས། ཞེས་གསུངས་པ་དེར་བསམ་བློ་གཏོང་ན་ཁྲིད་ལུང་གི་རྒྱུན་འདི་ཤིན་ཏུ་གལ་ཆེ་ཡིན་པ་སྣང་ཞིང་། ཡིག་གཟུགས་ཀྱི་མཆོད་རྟེན་ལ་ཡང་མགོ་རྟིང་སློག་རུང་བང་རིམ་མི་འཁྲུག་པའི་གདེང་ཚོད་ཅིག་ང་ཚོ་ལ་ཡོད་དགོས།
ད་དེ་རིང་ནང་ཁ་ཡིན་རུང་སྤྱི་ཚོགས་འགྱུར་ལྡོག་ཆེ་ལ་མགྱོགས་ཚད་ཀྱང་ཧ་ཅང་མྱུར་མོ་ཡིན་པ་ནི། ང་ཚོ་ཀྲུང་གོ་གཅིག་པུ་མ་ཡིན་པར། འཛམ་གླིང་ཧྲིལ་བོ་ཁྱོན་ལ་ཕལ་ཆེར་དེ་མཚུངས་རེད། དེར་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང(习总书记指出)གིས་གསུངས་པ། 世界百年未有之大变局。ལོ་བརྒྱ་ཡི་ནང་ལ་བྱུང་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་ཆེན་མོ། ཞེས་འཛམ་གླིང་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་དམག་དོན་སོགས་ཁྱོན་ཡོངས་ནས་འགྱུར་ལྡོག་འབྱུང་བཞིན་པ་དང་དེར་ངོས་ཟིན་དང་ཐབས་བྱུས་ལེགས་པོས་གདོང་ལེན་བྱེད་དགོས་པ་ཞེས་བསྟན་ཡོད་ལ། འུ་ཅག་གི་ཁ་དཔེ་ལ། རྒྱ་མཚོ་འཁྱམས་ན་ཉ་མོ་ལས་ཀྱིས་འཁྱམས། ལུང་པ་དབུལ་ན་རྒྱལ་བོ་ལས་ཀྱིས་དབུལ། ཟེར་ནི་ཡིན་རུང་། དེ་ལྟ་ན་ང་རང་ཚོ་བོད་ཀྱི་ཡི་གེ་བྲི་མཁན་ཞིག་ཡིན་པའི་ཆ་ནས། ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་ཚང་མས་དཔལ་ལྡན་བཀྲིས་འཁྱིལ་ལྟ་བུའི་རིག་གནས་ཀྱི་མཛོད་འཛིན་པ་ལས་མེས་པོ་གོང་མ་ཚོའི་རྣམ་དཔྱོད་དང་བློ་གྲོས་ཀྱི་བཅུད་ལས་འཁྲུངས་པའི་ཁུངས་བཙུན་ཞིང་བརྒྱུད་པ་དག་པའི་ཡིག་རིགས་ཀྱི་ཁྲིད་རྒྱུན་རྣམས་མི་ཉམས་རྒྱུད་འཛིན་ཡང་དག་པ་བྱས་ཏེ་མདུན་དུ་བསྐྱོད་བཞིན། ཕུལ་བྱུང་གི་ཡིག་གཟུགས་རིག་གནས་དར་རྒྱས་གཏོང་བར་སོ་སོར་ནས་དཀའ་བ་དང་ལེན་དང་ཐེག་པ་ཁུར་ལེན་བྱེད་པར་སྙིང་ཐག་ནས་རེ་བ་ཞུས་ནི་ཡིན།
བཀའ་དྲིན་ཆེ། བཀྲ་ཤིས་བདེ་ལེགས།
སྤྱི་ཁྱབ་ལྟ་སྐུལ་བ་རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ་དཔལ་མགོན་ཚེ་རིང་།
ཞུ་དག་པ་བཀྲ་ཤིས་དོན་གྲུབ།
འདོན་སྤྲོད་མཁན། གཙོས་ཤེས་རབ་རྒྱ་མཚོ།