གཙོ་འཛིན་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་། རྒྱུན་འཛིན། བེད་སྤྱོད་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།
ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་སྲུང་སྐྱོང་ཡག་པོ་བྱ་དགོས།
རིག་གནས་དང་རང་བྱུང་ཤུལ་བཞག་ལ་དུས་རབས་གསར་པར་གསོན་ཤུགས་གསར་པ་དང་འོད་མདངས་གསར་པ་རབ་ཏུ་འཕྱུར་དུ་འཇུག་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༨ཚེས་༦ཉིན་གློག་འཕྲིན་འབྱོར་བ་ལྟར་ན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། “པེ་ཅིང་དཀྱིལ་མདའ-ཀྲུང་གོའི་ཕུགས་བསམ་གྱི་གྲོང་ཁྱེར་སྒྲིག་གཞིའི་ཕུལ་བྱུང་བརྩམས་ཆོས་”དང་། “པ་ཏན་ཅི་ལིན་བྱེ་ཐང་-བྱེ་རིའི་མཚེའུ་ཚོམ་” “ཀྲུང་གོའི་ཧོང་ཧའེ་(པའོ་ཧའེ)རྒྱ་མཚོའི་བྱ་རིགས་འཚོ་སྡོད་ཁུལ(དུས་རིམ་གཉིས་པ)”བཅས་《འཛམ་གླིང་ཤུལ་བཞག་མིང་ཐོའི》ནང་བདེ་བླག་ངང་བཅུག་པ་དེས་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱ་རྒྱུར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད།
ཞི་ཅིན་ཕིང་གིས་གསུང་དོན། ད་ཐེངས་ཀྱི་ཤུལ་བཞག་རེ་ཞུ་ལ་གྲུབ་འབྲས་ཐོབ་པ་གོ་སྐབས་སུ་བཟུང་སྟེ་རིག་གནས་དང་རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་མ་ལག་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཏན་ཏིག་གིས་ཤུལ་བཞག་སྲུང་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཅེས་ནོར་དང་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་དང་བེད་སྤྱོད་བྱེད་པའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པར་གསོན་ཤུགས་གསར་པ་དང་གཟི་མདངས་གསར་པ་རབ་ཏུ་འཕྱུར་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། རིག་གནས་དང་རང་བྱུང་ཤུལ་བཞག་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་བ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་གསུངས།
ཉིན་ཤས་ནང་རྒྱ་གར་གྱི་རྡི་ལི་གསར་པར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་ཚོགས་ཆེན་སྐབས་༤༦པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་རང་རྒྱལ་གྱི་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་འདོན་རྣམ་གྲངས “པེ་ཅིང་དཀྱིལ་མདའ-ཀྲུང་གོའི་ཕུགས་བསམ་གྱི་གྲོང་ཁྱེར་སྒྲིག་གཞིའི་ཕུལ་བྱུང་བརྩམས་ཆོས་”དང་། “པ་ཏན་ཅི་ལིན་བྱེ་ཐང་-བྱེ་རིའི་མཚེའུ་ཚོམ་” “ཀྲུང་གོའི་ཧོང་ཧའེ་(པའོ་ཧའེ)རྒྱ་མཚོའི་བྱ་རིགས་འཚོ་སྡོད་ཁུལ(དུས་རིམ་གཉིས་པ)”བཅས་《འཛམ་གླིང་ཤུལ་བཞག་གི་མིང་ཐོའི”ནང་བཅུག་ཡོད། དེར་བརྟེན་རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་བསྡོམས་འབོར་ཁག་༥༩ཟིན་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
སྤྱི་ཁྱབ་ལྟ་སྐུལ་བ།རྟ་མགྲིན་མགོན་པོ།
རྩོམ་སྒྲིག་པ། དཔལ་མགོན་ཚེ་རིང་།
ཞུ་དག་པ།དཔལ་མགོན་ཙེ་རིང་། བཀྲ་ཤིས་དོན་གྲུབ།
སྒྲིག་སྦྱོར་བ། མགོན་པོ་དོན་གྲུབ།