ཡིག་གཟུགས་སྒྱུ་རྩལ་དང་དེའི་རིན་ཐང་གླེང་བ།

རྟ་མགྲིན་ཚེ་བརྟན།
2024-07-05

ཡིག་གཟུགས་སྒྱུ་རྩལ་དང་དེའི་རིན་ཐང་གླེང་བ།


རྩོམ་པ་པོ། མང་རྫོང་རྟ་མགྲིན་ཚེ་བརྟན་ནམ་ཁ་བ་ལྕང་སྐྱེས།


རྩོམ་གྱི་ནང་དོན་མདོར་བསྡུས།

    དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་ཡིག་གཟུགས་ནི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པའི་ཐུན་མིན་གྱི་རིག་གནས་ཤིག་ཡིན་པ་དང་། དེ་ནི་བོད་ཀྱི་ལོ་རྒྱུས་དར་རྒུད་ཀྱི་འཕེལ་རིམ་ནང་འགྲོགས་ནས་འཚར་ལོངས་བྱུང་ཞིང་འཐུས་ཚང་དུ་ཆགས་པ་ཞིག་རེད། བོད་ནང་གི་མཁས་བ་དང་མི་རིགས་གཞན་གྱིས་ཡིག་གཟུགས་འདི་ཉིད་སྒྱུ་རྩལ་རིག་གནས་ལ་ཇི་ལྟར་ངོས་འཛིན་པ་དང་གདེང་འཇོག་བྱེད་པ། ཡིག་གཟུགས་དང་རི་མོ། རྩོམ་རིག་བར་གྱི་འབྲེལ་བ་དང་ཕན་ཚུན་བར་ལ་ཐེབས་པའི་ཤུགས་རྐྱེན། དེའི་འཕྲོར་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་ལ་ཡིག་གཟུགས་སློབ་གསོ་ཅན་དུ་གཏོང་དགོས་པའི་གལ་ཆེན་རང་བཞིན་སོགས་བྲིས་ཡོད།


བརྡ་ཆད་གཙོ་བོ།

   ཡིག་གཟུགས།   སྒྱུ་རྩལ། ཡིག་གཟུགས་དང་རི་མོ། རྩོམ་རིག་བར་གྱི་དགོས་ངེས་ཀྱི་འབྲེལ་བ། འཛིན་སྐྱོང་སྤེལ་གསུམ། ཡིག་གཟུགས་སློབ་གསོ་ཅན།


    བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ཀྱི་ངོ་མཚར་བའི་དོན་སྙིང་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་བོའི་ཤེས་རིག་སྒྱུ་རྩལ་གླིང་གི་བཀྲག་མདངས་ལྷེམ་མེར་མཚེར་བའི་མེ་ཏོག་ཆུན་པོ་ཞིག་ཡིན། དེ་ནི་མིའི་རིགས་ཀྱི་ཡི་གེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་ནས་བོད་ཡིག་ཡིག་གཟུགས་ནི་འཕེལ་འགྱུར་ངེས་ཅན་ཞིག་བྱུང་མཐར་ད་གཟོད་ཐུན་མོང་རང་ཚུགས་ཐུབ་པའི་སྒྱུ་རྩལ་གྱི་རིན་ཐང་ཤིན་ཏུ་མཐོ་བའི་རིག་གནས་ཤིག་གི་རྣམ་པ་ཆགས་པ་རེད། དེ་ལ་མི་རིགས་གཞན་གྱིས་བརྩེ་ཚོར་གྱི་དབྱངས་རྟའི་འདྲ་རིས་ཞེས་བརྗོད་པ་ཡིན། ཡིག་གཟུགས་ནི་སྒྱུ་རྩལ་རྣམ་པའི་རིག་གནས་ཤིག་ཏུ་ངོས་འཛིན་པས་ན། དེས་ཀུན་རྟོག་དང་ཤུགས་དྲག་པའི་ཚོར་འདུ། ཕུན་སུམ་ཚོགས་པའི་སྨྱུག་འགྲོས་བཅས་ཀྱིས་མི་རྣམས་ལ་རྙོག་འཛིང་སྣ་མང་རང་བཞིན་གྱི་མཛེས་ཚོར་དཔག་ཏུ་མེད་པ་ཞིག་སྦྱིན་ཡོད། སྒྱུ་རྩལ་ལྡན་པའི་ཡིག་གཟུགས་ཀྱི་མགོ་རྐང་ཡན་ལག་རེ་རའི་ཕྱིའི་རྣམ་པར་བལྟས་ན་སྨྱུ་གུ་དང་སྣག་ཚ་ལ་བརྟེན་ནས་བྲིས་པའི་ཡི་གེའི་གཟུགས་རིས་ཙམ་རེད། འོན་ཀྱང་དཔེ་ཆ་ཆུང་རུང་ཤེས་བྱའི་དོན་གྱི་འདུས་ཚད་ཆེ་ཟེར་བ་བཞིན་ཆེ་ས་ནས་འཇིག་རྟེན་གྱི་དངོས་པོའི་འཕེལ་འགྱུར་གྱི་ཆོས་ཉིད་དང་།   ཆུང་ས་ནས་མིའི་འབྱུང་སྤུས་དང་ཀུན་སྤྱོད་སོགས་ལེགས་པར་མཚོན་ཡོད་ཅེས་སྨྲ་ཆོག   དེ་ཕྱིར་སྔོན་བྱོན་མཁས་དབང་རྣམས་ཀྱིས་ཡིག་གཟུགས་ནི་སྒྱུ་རྩལ་རེ་བཞིའི་དང་པོར་བགྲངས་ཡོད་ལ། གནའ་དེང་བོད་ཀྱི་སྐལ་ལྡན་སློབ་མས་མ་སྦྱངས་ཚད་མེད་ཀྱི་བསླབ་ཚན་དུ་འདེམ་ནས་མིའི་ཀུན་སྤྱོད་ལེགས་བསྒྱུར་དང་སེམས་གཤིས་གསོ་སྐྱོང་ངང་ནས་ཡར་རྒྱས་སུ་བཏང་ཡོད།

   གཅིག ཡིག་གཟུགས་སྒྱུ་རྩལ་གྱིས་མིའི་རང་གཤིས་གསར་བཞེངས་བྱེད་ཐུབ་པ་སྟེ། དཔེ་དེབ་ཀྱིས་རྩོམ་མཁན་གྱི་གནས་ལུགས་ཡོད་ཚད་བརྒྱུད་སྤྲོད་བྱེད་པ། ཞེས་པ་ལྟར་ཡིག་མཁན་པའི་བརྩམས་ཆོས་ཀྱི་ཚད་མཐོའི་བྲིས་གཤིས་ཀྱིས་ཀྱང་འབྲི་པ་པོའི་བརྩེ་ཉམས་དང་འབྱུང་སྤུས་ཡོད་ཚད་ཚུར་སྣང་བྱས་ཡོད། སུང་རྒྱལ་རབས་སྐབས་ཀྱི་ཝུང་ཐེན་ཅིན་ལགས་ཀྱིས་བཤད་རྒྱུར་དཔེ་ཆ་ཀློག་ན་ངེས་པར་དུ་བློ་ཁོག་ཡངས་པོའི་བདེན་ལུགས་ཀྱི་རང་ཚུགས་ཟིན་དགོས་ལ། ད་དུང་དེའི་ནང་དུ་འཛད་མཐའ་མེད་པའི་ལུང་རིག་གཏན་ཚིགས་ཀྱིས་ཕྱུག་པའི་ཤེས་བྱ་འདུས་ཡོད་པས་ན་དཔེ་ཆ་ནི་ཧ་ཅང་རྩ་ཆེ་བ་ཡིན་ཞེས་གསུངས་མྱོང་། གོང་མས་སྐབས་དེའི་རྒྱའི་ཡིག་གཟུགས་མཁན་པོ་ལིག་ཀོང་ཆིང་ལ་ཡིག་གཟུགས་ཇི་ལྟར་བསླབ་དགོས་ཞེས་དྲིས་པ་ན། ཁོས་བློ་ཁོག་དྲང་ན་སྨྱུག་ལམ་གཙང་ཞེས་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཤོག་ལྷེའི་སྟེང་དུ་ཡིག་མཁན་མཛུབ་སྨྱོ་པ་ཟེར་བའི་མིང་ཐོག་ནས་སྐད་གྲགས་མཚན་སྙན་བཞག་ཡོད། དངོས་བྱུང་གཏམ་རྒྱུད་ཐུང་ངུ་དེ་ལས་བསྟན་པ་ནི་ཡིག་གཟུགས་བསླབ་པ་བརྒྱུད་ནས་སྨྱུག་འགྲོས་བསྐྱོད་པའི་སྟངས་སྟབས་རེ་རེས་མཛེས་སྡུག་ལྡན་པའི་ཡི་གེའི་ལྷ་མོ་རེ་རེ་གསར་བཞེངས་བྱེད་པ་དང་། གྲུབ་ཟིན་པའི་ཡི་གེའི་ལྷ་མོ་དེའི་འཛུམ་མདངས་དང་བཟོ་ལྟ། ཉམས་འགྱུར་དག་ལས་བྲི་པ་པོའི་རང་གཤིས་དང་དེའི་སེམས་ཁམས་ཀྱི་རྣམ་པའང་ཚུར་སྣང་བྱས་ཡོད། ཡིག་གཟུགས་འབྲི་སྦྱོང་དང་སྨྱུག་འགྲོས་ཤོག་ངོས་བསྐྱོད་པའི་ལས་རྩོལ་བརྒྱུད་ནས། རྒྱུན་ཆད་མེདཔར་གནའ་བོའི་སྲོལ་རྒྱུན་གྱི་ཡིག་རྙིང་ལ་སློབ་སྦྱོང་ཞིབ་འཇུག་གི་ལས་ལ་འབད་དེ་དྲི་མ་མེད་པའི་གནའ་མིའི་སྲོལ་བཟང་རྒྱུད་འཛིན་བྱས་ཐོག   རང་ཤུགས་ཀྱིས་རང་ཉིད་སྤྱོད་ཡོན་གཉིས་ལྡན་གྱི་མི་སྣ་འཇོན་ཐང་ཅན་ཞིག་ཏུ་འགྱུར་བར་ནུས་བ་བླ་ལྷག་ཐོན་ཡོད།

   གཉིས་པ། ཡིག་གཟུགས་སྒྱུ་རྩལ་གྱིས་མིའི་འཇོན་ནུས་གསོ་སྐྱོང་བྱེད་ཐུབ་པ་སྟེ། ཡིག་གཟུགས་ལ་སློབ་གཉེར་བྱས་ན་སློབ་མའི་ཕྱོགས་རང་བཞིན་དང་སྣ་མང་རང་བཞིན་ཐད་ནས་ནུས་ར་རྩལ་བསྐྱེད་བསྲིང་དང་དེའང་ཐོག་མར་ཡིག་གཟུགས་གསར་སློབ་པ་རྣམས་ཀྱིས་གནའ་བོའི་ཡིག་རྙིང་དང་སྔར་བྲིས་ལེགས་བཤད་ཀྱི་ཀ་དཔེ་ཕྱག་རྒྱུན་ལ་དཔེ་བལྟས་ནས་འབྲི་སྦྱོང་བྱེད་སྐབས་སྨྱུག་འགྲོས་ཀྱི་བསྐོར་འཐེན་དང་དྲང་འཐེན། འཁྱུག་གྲིལ་སོགས་ཀྱི་ཞིབ་ཕྲའི་དཀའ་གནད་གཙོ་སྙིང་ལ་དཔྱོད་མིག་བློ་རྩལ་འདོན་རྒྱུར་ཤིན་ཏུ་གལ་ཆེ།    གནའ་བོའི་བྲིས་དབང་ཚོས་ཡོངས་ཁྱབ་ནས་ཡི་གེའི་ཁྱད་ཆོས་སོ་སོར་ཉམས་ཞིབ་གཏོང་རྒྱུར་ནི་ཡིག་གཟུགས་སློབ་པའི་དགོས་ངེས་ཀྱི་སྔོན་འགྲོ་ཡིན་ཞེས་པ་ལྟར་སློབ་མས་ཡི་གེ་རེ་རེའི་འབྲི་ཉམས་བཟོ་ལྟ་ལ་རྟོག་ཞིབ་གནད་ཐིངས་བརྒྱུད་ནས་ཡི་གེ་རེ་རེའི་འབྲི་སྟངས་དང་གྲུབ་ཚུལ། རིང་ཐུང་། ཁ་ཕྱོགས། མཛེས་རྟོག   སྨྱུ་གུའི་བཀོལ་སྤྱོད་དང་དེའི་ཁྱད་ཆོས་ཁོངས་སུ་ཆུད་པར་བྱས་ཐོག་སྨྱུག་འགྲོས་ཕྲ་མོ་སེམས་ཀྱི་རྗེས་བསྙེགས་ནས་ཡུན་རིང་སྦྱོང་བརྡར་འཐོབ་ན། དུས་རྒྱུན་འཚོ་བའི་ཁྲོད་ནས་སློབ་མའི་བྱ་དངོས་རྟོག་ཞིབ་ཀྱི་ནུས་རྩལ་དང་བསམ་པའི་ཀུན་རྟོག་མཐོར་འདེགས་གཏོང་བར་དགེ་མཚན་ཧ་ཅང་ཆེ། གནའ་བོའི་རྒྱའི་ཡིག་གཟུགས་ལོ་རྒྱུས་ཁག་ཏུ་ཡིག་གཟུགས་དེའང་རང་བྱུང་བར་སྟོང་གི་དངོས་ཡོད་འཚོ་བ་ལས་མ་འདས་ཞེས་པ་ལྟར་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་བརྒྱུད་རིམ་ནང་སྨྱུག་འགྲོས་གར་དུ་རྩེན་པའི་སྣང་ཚུལ་གྱི་ཞིབ་འགོད་ཕལ་ཆེ་བ་ནི་དངོས་ཡོད་ཀྱི་འཚོ་བ་དང་འབྲལ་ཐབས་མེད་ལ་ལྷག་པར་དུ་བོད་ཡིག་ཡིག་གཟུགས་དེའང་ཧ་ལམ་འགྲོ་བ་མིའི་བྱད་བཞིན་དང་གཟུགས་ལུས་ཆགས་ཚུལ་དང་སྦྱར་ནས་བཤད་སྲོལ་ཡག་པོ་ཆགས་འདུག   དགེ་རྒན་གྱིས་ཡིག་གཟུགས་ཁྲིད་པའི་སྐབས་སུ་ཡི་གེའི་གཟུགས་ནི་མིའི་ལུས་གཟུགས་གད་དཔེ་སྦྱར་ནས་ཐེངས་མང་བཤད་མྱོང་བ་དང་ཡི་གེའི་ལྷུ་ལག་མིང་གི་འདོགས་སྟངས་ཐད་ནས་ཀྱང་མིའི་ཡན་ལག་མིང་གིས་བཏགས་པ་མང་། སློབ་དཔོན་རིན་པོ་ཆེ་ཚེ་ཏན་ཞབས་དྲུང་གིས་ཡི་གེ་དག་སྙོམས་མཛེས་གསུམ་ལས།། མ་དག་སྐྱེས་བུ་སྙིང་མེད་འདྲ།། མི་སྙོམས་རྐང་ལག་འཁྱོར་བ་འདྲ།། མི་མཛེས་གོས་ངན་གྱོན་པ་འདྲ།། དག་སྙོམས་མཛེས་གསུམ་ཆ་གང་ཡང་།། མི་ལྡན་ལམ་ཁ་བོར་བ་ཡི།། གོས་ཧྲུག་ངན་པ་སྐྱུག་བྲོ་འདྲ།། དེ་ཕྱིར་སྔ་མ་སྔ་མ་གཙོ།། གསུམ་ག་འཛོམས་ན་བཞིན་མཛེས་པའི།། དཔའ་བོ་ཟ་འོག་གོས་ཀྱིས་བཀླུབས།། ལུས་དང་ཡན་ལག་ལྟ་ན་སྡུག། ཚོགས་པའི་ཁྲོམ་དུ་འགྲིམ་པ་འདྲ།། ཡང་དཔེར་ན་ཐང་རྒྱལ་རབས་ཀྱི་འཁྱུག་བྲིས་མཁས་དབང་ཆེན་མོ་ཀྲང་ཞི་ལགས་ཀྱིས་གར་མ་ཞིག་གི་གྲི་རྩལ་ཟློས་གར་གྱི་འཁྱུག་འགྲོས་འགྱུར་ཁུགས་ལས་དགའ་སྐྱོ་ཆགས་སྡང་གི་ཚོར་བ་རྙེད་ཅིང་། ཚོར་བ་དེའང་གཟུགས་སྣང་ལྡན་པའི་སྨྱུག་རྩལ་ལ་བརྟེན་ནས་འཚོ་བ་དང་ཚོར་རྟོག་གཉིས་ཀ་སྒྱུ་རྩལ་གྱི་ལམ་ནས་མི་རྣམས་ཀྱི་སྤྱན་སྔར་བཀྲམ། དེ་ནི་ཡིག་གཟུགས་སྒྱུ་རྩལ་དང་ཀུན་རྟོག་གཉིས་དབྱེར་མེད་ངོམས་པའི་དཔེ་གཞི་གསོན་པོ་ཞིག་རེད། ད་དུང་ཡིག་གཟུགས་ཀྱིས་སློབ་མའི་རྩོལ་སྒྲུབ་བསམ་གཞིགས་ཀྱི་ནུས་པ་སྐྱེད་བསྲིང་བྱས་ཡོད་དེ། གནའ་བོའི་ཡིག་མཁན་གྱི་ཕྱག་རྒྱུན་བྲིས་གཟུགས་ལ་ལད་མོ་བྱེད་པའི་བརྒྱུད་རིམ་ནང་རྩོད་སྒྲུབ་རིག་ལམ་གཅིག་གྱུར་གྱི་བསམ་བློའི་ལྟ་བ་མཚོན་ཡོད། དཔེར་ན་འབྲི་ཚུགས་མི་འདྲ་བའི་ཡིག་གཟུགས་སོ་སོའི་ཁྱད་ཆོས་གཞིར་བཟུང་ནས་སྨྱུག་ཁ་ལེབ་མོ་ཤོག་ངོར་ཕབ་འཇོག་གི་ཡང་ལྕི་དང་དམ་ལྷོད། སྣག་རྫས་ཀྱི་བསྐ་སླ། སྨྱུག་འགྲོས་བསྐོར་འཐེན་སོགས་ཀྱི་དལ་མགྱོགས། སྨྱུག་འགྲོས་ལྷུ་ལག་གི་ཞིབ་ཆ། དྲང་འཕྲེད་གསེག་གསུམ་དང་འཛུམ་འདྲིལ་འཁྱུག་གསུམ། དཀར་ཆ་ནག་ཆ་སོགས་ཡོད་ཚད་ཡིག་གཟུགས་འབྲི་སྦྱོང་ཁྲོད་ཕན་ཚུན་འགལ་ཟླར་གནས་ཀྱང་ཐུན་མོང་གཅིག་གྱུར་སྒོས་ཁུངས་ལྡན་རྒྱུན་གཙང་དུ་ཆགས་ཡོད། གང་ནས་བལྟས་ཀྱང་ཡིག་གཟུགས་སྒྱུ་རྩལ་ནི་སྒྱུ་རྩལ་གསར་རྩོམ་གྱི་མཚོན་ཚུལ་ཞིག་དང་རྩོད་སྒྲུབ་རིག་ལམ་བེད་སྤྱོད་གཏོང་པའི་ཐབས་རྩལ་ཞིག་ཀྱང་ཡིན་པར་མ་ཟད། འགལ་ཟླའི་ཁྲོད་གཅིག་གྱུར་གཏན་ཆགས་བྱུང་བའི་གོ་རིམ་ཞིག་ཏུའང་ངོས་འཛིན་བྱས་ཆོག་པ་རེད། གཞན་ཡང་ཡིག་གཟུགས་སློབ་གཉེར་གྱིས་རིག་ཚན་གང་གིས་ཚབ་མཚོན་བྲལ་བའི་མི་བུ་གང་དེའི་རིག་གྲིམ་དང་བརྩོན་ངར་གསོ་སྐྱོང་བྱེད་ཐུབ་པ་དང་། དེང་སྐབས་ཀྱི་གཞོིན་བྱིས་ཕལ་ཆེ་བ་ཞིག་ཨ་རིའི་གློག་བརྙན་ནང་གི་དྲག་ཤུགས་གཏུམ་སྤྱོད་དང་དེང་གཞས་གསར་བར་སྤྲོ་ཚོར་ཡོད་པ་མ་ཟད། དྲ་རྒྱའི་རོལ་རྩེད་སོགས་ཀྱིས་ལུས་སེམས་སྡོམ་བཅུན་དང་སྤྱོད་ལམ་སྦྲིད་པར་བཏང་པའི་ངན་གོམས་ཐེབས་ཡོད། ལྕགས་དབྱུག་བརྡར་ནས་ཁབ་ཏུ་བསྒྱུར་བ་བཞིན་གལ་ཏེ་སློབ་གཞུང་དང་ཁྱིམ་བདག་གིས་ཡུན་གྱིས་བྱིས་པ་རྣམས་སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་ཡིག་གཟུགས་སྒྱུ་རྩལ་ལ་དོ་སྣང་དང་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་སྦྱོར་སྲིད་ན་དེས་སློབ་མའི་གོམས་གཤིས་ངན་པ་འགོག་པར་ནུས་པ་ངེས་ཅན་ཞིག་ཐོན་སྲིད་སྙམ།

   གསུམ་པ། ཡིག་གཟུགས་སྒྱུ་རྩལ་ནི་རིག་ཚན་མང་པོ་ཞིག་ལ་འབྲེལ་བ་དམ་པོ་ཡོད་དེ། བོད་རང་གི་ཡིག་གཟུགས་སྒྱུ་རྩ་གྱི་བློ་རྒྱ་ཡངས་པའི་རིག་གནས་རིན་ཐང་ལ་བརྩི་འཇོག་དང་དཔྱོད་རྟོག་གཏིང་ཟབ་སྒོས་རིག་ཚན་སྣ་མང་ལ་ཐོས་བསམ་བྱེད་རྒྱུར་དེའང་ཐུན་མོང་གྱི་ནུས་པ་ཞིག་ཏུ་བསམ།

     ༡ རྩོམ་རིག

    དེའང་བོད་ཡིག་ཡིག་གཟུགས་སྦྱོང་བའི་སྔ་ཕྱིའི་གོ་རིམ་ནི་ཡིག་གཟུགས་སྦྱོང་བའི་ལག་ལེན་དངོས་ལས་སྤྱིར་དབུ་ཅན་དང་དབུ་མེད་གང་ཡིན་ཡང་ཐོག་མར་དགེ་རྒན་གྱི་ཕྱག་རྒྱུན་མཛུབ་སྟོན་དང་། དེ་མཐུན་རྐྱེན་མ་འཛོམས་ནའང་རང་རྟོགས་ཀྱིས་སྔོན་བྱོན་མཁས་པའི་ཕྱག་བྲིས་ཚད་ལྡན་རྣམ་ལ་གཞི་བཅོལ་ནས་གོ་རིམ་ལྡན་པར་སྦྱོང་དགོས་ལ། སྦྱོང་བའི་རིམ་པ་ནི་དང་པོ་དཔེའི་གཟུགས་ཐོག་ཏུ་སྨྱུག་མ་རྐྱང་པས་སྐམ་བྲིས་དང་། བར་དུ་དཔེ་གཟུགས་ལ་ཞིབ་ཏུ་བལྟས་ཏེ་འབྲི་བ། མཐའ་མར་རང་སྟོབས་ཀྱིས་འབྲི་ཞིང་ཀ་སོགས་གསལ་བཤད་སུམ་ཅུའི་ཡི་གེ་རྐྱང་བ་དང་། དབྱངས་སྦྱར་བ། མགོ་ཅན་གྱི་ཡི་གེ   འདོགས་ཅན་གྱི་ཡི་གེ   མགོ་ཅན་སུམ་བརྩེགས་ཅན་གྱི་ཡི་གེ   དེའི་འཕྲོར་གནའ་དེང་མཁས་པའི་ཚིགས་བཅད་ལྷུག་སྤེལ་མའི་ལེགས་བཤད་ཀྱི་བསྟན་བཅོས་སོགས་དེ་དག་ནི་ཚིག་དོན་གང་གི་ཆ་ནས་ཀྱང་རོ་ཉམས་ཕུན་སུམ་ཚོགས་པ་དང་རྩོམ་པ་པོའི་བསམ་བློའི་སྙིང་ཁུ་དང་སྐད་ཆའི་སྒྱུ་རྩལ་གྱི་ཞུན་ཐིགས་ཡིན་ཕྱིར་ཀུན་གྱིས་ཁས་བླངས་ཟིན་པ་ཤ་སྟག་ཏུ་གྲུབ་ཡོད། དེ་ལས་ཡིག་གཟུགས་མཁན་པོའི་བརྩམས་ཆོས་ལ་ཕྱིའི་རྣམ་པའི་གཟུགས་རིས་ཀྱི་མཛེས་པ་ཙམ་མ་ཡིན་པར་ལྷག་པར་དུ་དེ་ལ་རྩོམ་རིག་གི་རིན་ཐང་ལྟ་བས་ཁ་གསབ་དང་མཛེས་བརྒྱན་སྤྲས་དགོས་པ་ཡིན། འུ་ཅག་གིས་ཡིག་གཟུགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་ལ་རོལ་མྱོང་དང་ལེགས་ཉེས་གདེང་འཇོག་བྱེད་སྐབས་སུ་སྨྱུག་འགྲོས་འཐེན་སྟངས་དང་སྣག་ལམ་ཕྲ་མོ་སྦོམ། ཐིག་རིས་འཕྲོད་མིན། དཀར་ནག་གི་ཆ་ཚད་སོགས་ཀྱི་ཐད་ནས་མཛེས་བཙོག་བཟང་ངན་གྱི་ཤན་འབྱེད་བྱ་རྒྱུ་གཙོར་འཛིན་རྒྱུ་ཡིན་ནའང་། གལ་ཏེ་བྲི་བྱའི་ཡི་གེ་དེའི་ནང་ཚིག་དོན་འགལ་འཁྲུལ་དང་ཡིག་ནོར་ཚིག་རྙོག་གི་ཁེངས་པ། སུབ་བཅོས་དང་ཆད་ལྷག་བྱུང་བ་ཞིག་ཡིན་ཚེ་དེས་ཡིག་མཁན་གང་དེའི་སྒྱུ་རྩལ་བརྩམས་ཆོས་ཀྱིད་ཚད་མཐོའི་རིན་ཐང་ལ་གནོད་སྐྱོན་མི་དམན་པ་བཟོས་ཡོད།

     ༢ ལོ་རྒྱུས་དང་གནའ་རྫས་རིག་དངོས་ཞིབ་འཇུག

     ཡིག་གཟུགས་ནི་རང་རེའི་མེས་རྒྱལ་གྱི་ལོ་རྒྱུས་དུས་ཡུན་རིང་པོའི་རིག་གནས་ཀྱི་སྐྱེད་འབྲས་རྩ་ཆེན་ཞིག་ཡིན། ང་ཚོའི་མི་རིགས་ལ་རང་སྐད་ཀྱི་ཁྱད་ཆོས་ལྡན་པའི་ཐུན་མིན་གྱི་ཡི་གེ་འདི་གསར་དུ་བྱུང་བ་ནས་འགོ་བརྩམས་ཏེ་རང་སྐྱ་འཕེར་བའི་ཡིག་གཟུགས་རིག་གནས་བྱུང་ཡོད་པར་ངོས་འཛན་བྱས་ཆོག་ལ། བོད་སྐད་ཀྱི་སྒྲ་གདངས་ལེགས་པར་མཚོན་པའི་ཡི་གེ་བྱུང་འཕེལ་གྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་བོད་མིའི་སྤྱི་ཚོགས་དར་རྒུད་ཀྱི་ལོ་རྒྱུས་འཕེལ་རིམ་གྱི་གནས་བབ་མཐོང་ཐུབ། དེ་ཕྱིར་ཡིག་གཟུགས་སློབ་པའི་བརྒྱུད་རིམ་ཁྲོད་ཁ་བ་གངས་ཅན་པའི་རྒྱུན་རིང་པའི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས་ལ་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་གནང་ཐུབ། དཔེར་ན་རང་སློབ་གཞན་ཁྲིད་གང་ཡིན་རུང་ཐོག་མར་ཁྲིད་སྦྱོང་དགོས་པ་དེ་གནད་ཀྱི་དམ་པ་ཡིན། དེའང་གཙང་བྲིས་དང་གཞུང་བྲིས། སྡེར་ནང་ས་བྲིས། ཁམས་ཀྱི་ཀརྨ་སྒར་བྲིས་སོགས་གང་ཞིག་རྒྱུན་གཙང་ཁུངས་ལྡན་གྱི་བྲིས་གཟུགས་ཤ་སྟག་ཡིན། ཡིག་གཟུགས་འདི་དག་ཐོག་མར་རང་གིས་བསླབ་པའམ་གཞན་ལ་ཁྲིད་པ་གང་ཡིན་རུང་ཡིག་གཟུགས་དེའི་འབྱུང་རྩ་དང་འཕེལ་འགྱུར་འཆད་པའི་གོ་རིམ་ཁྲོད་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་ཆབ་དཔལ་རིག་གསུམ་གྱི་ཉམས་སྟོབས་རྣམ་པའང་ཞ་ཞོར་དུ་གླེང་དགོས་པ་འདྲ་བོ་ཞིག་ཆགས་བསྡད་ཡོད། ཡི་གེ་བྱུང་བའི་ལོ་རྒྱུས་དང་ཡིག་གཟུགས་དང་ཡིག་གཟུགས་འཕེལ་འགྱུར་གྱི་ལོ་རྒྱུས་ནི་ཆུ་ལ་ཆུ་བཞག་གི་ཚུལ་དུ་གནས་ཤིང་འཕེལ་བ་དེས་སློབ་མས་སྔར་ལས་ལྷག་པར་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་ངེས་ཤེས་ཟབ་མོ་ལོན་ཐུབ། དེ་དང་མཐུན་པའི་གནས་ལུགས་ཀྱི་བཤད་སྒྲོས་ཤིག་ལ་སྨྱུ་གུ་སྣག་རྫས་ཀྱི་མཉམ་ལས་བྱུང་བའི་མཚར་སྡུག་གི་ཞབས་རྗེས་རི་མོ་རེ་རེ་ཡིས། འདས་ཟིན་པའི་དངོས་བྱུང་ལོ་རྒྱུས་ཀྱི་ཁྲག་རྒྱུན་དྲོད་མོའི་རིན་ཐང་རྟོགས་ཐུབ་པ་ཡིན་རེར། གཞན་ཡང་ང་ཚོས་རིག་དངོས་ཀྱི་རིན་ཐང་ཚད་འཇལ་དང་དེའི་ལོ་རྒྱུས་ཀྱི་དུས་ཡུན་ངོས་འཛིན་བྱེད་དགོས་ནའང་ངེས་པར་དུ་ཡིག་གཟུགས་ལ་ཞིབ་འཇུག་བརྒྱུད་ནས་མཐའ་སྡོམ་བྱེད་པ་དང་ཡི་གེའི་སྟེང་གི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྟ་བའི་ངོས་ནས་ཡི་གེའི་གཟུགས་རིས་ཀྱི་འཕེལ་འགྱུར་དང་གནའ་ཉམས་ཡི་གེའི་འབྲི་སྲོལ་གྱི་ཆོས་ཉིད་ལས་ཤེས་རྟོགས་ཐུབ་པ་བྱེད་དགོས།

     ༣ རི་མོ་དང་ཇུས་བཟོ། ཡིག་གཟུགས་བཅས་གསུམ་ནི་ཡི་གེ་ཚུར་སྣང་བྱེད་པའི་སྒྱུ་རྩལ་རིགས་མི་འདྲ་བ་གསུམ་ཡིན་པ་དང་དེས་ཡིག་གཟུགས་ཀྱི་ཕུན་སུམ་ཚོགས་པའི་འཐེན་འཁྱུག་སྨྱུག་འགྲོས་དང་སྣེ་འཛིང་གྲུབ་སྟངས་ལ་མཛེས་བཟོ་རྒྱག་པ་དང་ཞིབ་ཆ་གཏོང་བ། འཐུས་ཚང་བཟོ་པར་རམ་འདེགས་བྱེད་པ་ཡིན། སྤྱིར་བོད་ཡིག་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་ངོས་ནས་བལྟས་ནའང་བོད་ཡིག་ནི་སྒྲ་སྦྱོར་ཅན་གྱི་ཡི་གེ་ཡིན་པར་ཁས་ལེན་ཀྱང་དེའི་སྒྲ་གདངས་ལེགས་པར་མཚོན་བྱེད་ཀྱི་ཡི་གེའི་གཟུགས་རིས་ནི་འདྲ་གཟུགས་ཡི་གེའམ་དོན་འགོད་རི་མོ་ལས་བྱུང་བར་གྲགས། དེར་གདོད་མ་ནས་ཡི་གེ་དང་འདྲ་གཟུགས་རི་མོའི་འབྱུང་རྩ་གཅིག་ཡིན་ཟེར་བ་བཞིན་སྐད་དང་ཡི་གེ་ཡོད་པའི་མི་རིགས་ཞིག་ཡིན་ཕྱིན་གནའ་བོའི་གདོད་མའི་སྤྱི་ཚོགས་སུ་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་འཛོམས་པོ་མིན་ལ། སྐད་ཡིག་རིག་གནས་ཀྱང་ཕུན་སུམ་ཚོགས་པོ་མ་ཡིན་པའི་གནས་བབ་འོག་གནའ་བོའི་བོད་མི་རྣམས་ཀྱིས་རང་གིས་འཚོ་སྒྲུབ་ཀྱི་དབང་གིས་རང་བྱུང་ཁམས་ལ་འཐབ་རྩོད་བརྒྱུད་ནས་རི་དྭགས་རྔོན་པའི་ལས་ལ་ཞུགས་དགོས་བྱུང་སོང་། དེ་ལྟར་འཚོ་བའི་ཆུ་རྒྱུན་རིང་མོའི་ཁྲོད་ནས་མི་རང་རང་གི་འཚོ་བའི་ལས་དོན་སྣ་ཚོགས་བསྒྲུབ་པ་དང་རང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གི་འགྱུར་བ་རྣམས་ཕ་རོལ་པོར་གོ་བརྡ་སྤྲད་དགོས་བྱུང་བས་ན་ཡིན་གཅིག་མིན་གཉིས་ལ་གོ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་ཞིག་ངང་ངམ་ཤུགས་ཀྱིས་ཡོད་དགོས་པར་ཐག་གིས་བཅད་ཟིན་པར་གྱུར། ཡིན་ནའང་བོད་གདོད་མིའི་སྤྱི་ཚོགས་སུ་དཔལ་ཡོན་ལྡན་པའི་ཤེས་རིག་མ་དར་བའམ་རང་བྱུང་ཁམས་ཀྱི་བྱ་དངོས་སྣ་ཚོགས་ལ་མཚར་རྟོག་གི་སྒོ་ནས་ངོས་འཛིན་བྱེད་པའི་ཐོག་མའི་དུས་རབས་ཡིན་སྒང་ལ་མི་རིགས་རང་གི་ཁྱད་ཐོན་གྱི་སྐད་ཡིག་བྱུང་མེད་པའི་གནས་ཚུལ་འོག་ནས་ལག་བརྡ་དང་རྣམ་འགྱུར་བཟོ་ལྟང་སྣ་མ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་བསྟུན་གྱིས་རང་སོ་སོའི་བསམ་ཚུལ་ངོ་མ་གཞན་ལ་བརྡ་སྤྲད་ནས་ཤེས་སུ་བཅུག་པ་རེད།   སྐབས་དེར་འདྲ་གཟུགས་ཀྱི་ཡི་གེ་ཐོག་མར་བྱུང་བ་ནི་ཐུན་མོང་མ་ཡིན་པའི་གདོད་མའི་སྤྱི་ཚོགས་ཀྱི་འཚོ་བའི་རང་བཞིན་གྱིས་ཐག་བཅད་པ་དང་ཆ་རྐྱེན་མེད་པའི་སྒོ་ནས་བཏང་ལེན་གྱིས་བེད་སྤྱོད་གནང་བ་ཞིག་ཡིན་པ་ལས་སྐབས་དེར་རྩོམ་པ་པོའམ་མཁས་པ་གང་ཞིག་གི་རྣམ་དཔྱོད་ཀྱི་རྩལ་ལས་སྔར་མེད་གསར་གཏོད་བློ་འབྱེད་བྱས་པ་ཞིག་མ་ཡིན་པར་འདོད། དེ་ནི་བོད་ཡིག་གཟུགས་རིས་ཀྱི་གཞིར་རྩ་དེ་ཉིད་ཀླད་པའི་ངལ་རྩོལ་གྱི་ནུས་པར་བརྟེན་ནས་འདྲ་གཟུགས་ཡི་གེ་སྣ་ཚོགས་བྱུང་བ་ནས་དོན་འགོད་རི་མོ་བྱུང་བའི་བར་ལ་གོ་ན་འགྲིག་སྙམ། ད་དུང་ཡིག་གཟུགས་དང་ཇུས་བཟོ་སྒྱུ་རྩལ་གཉིས་བར་ལའང་འབྲེལ་བ་དམ་པོ་ཡོད་དེ། དེང་གི་དུས་འདིར་སྤྱི་ཚོགས་ཀྱི་ངོས་དང་ཟུར་སོ་སོར་ནས་ལག་བྲིས་ཡིག་གཟུགས་སྒྱུ་རྩལ་གྱི་སྤྱོད་སྒོ་ཇེ་མང་ནས་ཇེ་ཆེར་འགྲོ་བཞིན་ཡོད། དཔེར་ན་སློབ་གྲྭའི་སྒོ་བྱང་དང་གྱང་ངོས། བཟོ་གྲྭའི་བྱང་བུ། ཚོང་རྟགས་ཇུས་བཟོ། དཔེ་ཆ་དང་དུས་དེབ་ཚགས་པར་གྱི་མཚན་བྱང་། ཟློས་གར་སྟེགས་བུ། ཟ་ཁང་སོགས་ཡིག་གཟུགས་ཀྱི་ཇུས་འགོད་སྒྱུ་རྩལ་གྱིས་མ་ཁྱབ་པ་མེད་པར་འདོད། སྤྱིར་བཏང་ནས་ཡིག་གཟུགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ནི་ཇུས་བཟོའི་ཁོངས་གཏོགས་ཡིན་ལ་ཇུས་བཟོ་མ་བྱས་པའི་སྒྱུ་རྩལ་ཡིག་གཟུགས་ཤིག་མཐོང་དཀོན། མཛེས་པ་འབུར་དུ་ཐོན་དང་སྨྱུག་འགྲོས་ཞིབ་ཆ། དག་སྙོམས་གཙང་འགྲིག་ལྡན་པའི་ཡིག་གཟུགས་བརྩམས་ཆོས་ཤིག་བལྟ་མཁན་ཁྲི་སྟོང་གི་སྤྱད་སྔར་བསྟར་རྒྱུ་ནི་ལས་སླ་མོ་ཞིག་མིན་ལ། དེར་སྨྱུག་ཁ་ཕྲ་སྦོམ་དང་དཀར་ནག་གི་དོ་མཉམ་ཞིབ་ཆ། ཚེག་བར་དམ་ལྷོད། ཚིག་རྐང་སྙོམས་སྒྲིག   པར་ངོས་ཧྲིལ་པོའི་ཡི་གེའི་གནས་སྟངས།   ཐ་ན་མཐའ་བརྒྱན་རི་མོས་མཛེས་བཟོ་ཇུས་འགོད་དེའང་ཡིག་གཟུགས་བརྩམས་ཆོས་གཟུགས་སྣང་ལྡན་པ། གསོན་ཉམས་ལྡན་པ། མཚར་སྡུག་ལྡན་པ་ཞིག་ཏུ་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཏུ་བསམ། དེ་ཕྱིར་འཇིག་རྟེན་འདིར་མཛེས་པ་མེད་པ་མ་ཡིན་ལ། མཛེས་པ་རྟོགས་པའི་ཤེས་རབ་ཀྱི་སྤྱན་ཟུང་མེད་པས་ཡིན། ཁ་རྩང་དེ་རིང་ལ་སྣ་མང་རིག་གནས་དང་གློག་ཀླད་ཚན་རྩལ་རིག་གནས་ཀྱི་ཁྱབ་བརྡལ་བེད་སྤྱོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་འདིའི་འཕེལ་རྒྱས་མྱུར་མགྱོགས་ལ་བཀག་རྒྱ་མི་དམན་པ་ཞིག་ཐེབས་ཡོད་ནའང་། ང་ཚོའི་གཞོན་ནུ་ཚོ་ཤ་རུས་པ་ཡོད་ཅིང་རུས་པར་རྐང་ཞག་ཡོད་མཁན་ཞིག་ཡིན་ན་ཡིག་མཁན་རེ་གཉིས་ལ་མིག་ཅེར་ནས་སྡོད་བཟོད་པ་ཞིག་མ་ཡིན་པར་གཅིག་ནས་སྲོལ་རྒྱུན་གྱི་བསྟན་པ་མི་ཉམས་པ་དང་། ཕྱོགས་གཅིག་ནས་བྲིས་གཟུགས་ཀྱི་སྤྱོད་སྒོ་ཆེ་བ། གསུམ་ནས་བྲིས་གཟུགས་རིག་གནས་འདི་སྔར་ལས་ལྷག་པར་འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་ཡིག་གཟུགས་སློབ་གསོ་ཅན་དུ་བསྒྲུབ་སྟེ་བདེན་པ་འཚོལ་བསྙེགས་དང་བརྩེ་སེམས་ལྡན་པའི་འགན་འཁྲི་བཏང་བླངས་སྒོས་སྒྱུ་རྩལ་སྣང་བརྙན་གྱིས་ཕྱུག་པའི་སེམས་ཀྱི་བདེ་ཐང་རང་དབང་ལ་མངའ་དབང་བསྒྱུར་དགོས།


༢༠༢༤ལོའི་ཟླ༤པའི་ཚེས༡༦ཉིན་ལ་མང་རའི་ལས་ཤག་ཏུ་བྲིས།


སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ། དཔལ་མགོན་ཚེ་ཞིང།

མ་ཡིག་འདོན་སྤྲོད་དང་ཞུ་དག་རྟ་མགྲིན་ཚེ་བརྟན།

阅读70
分享
写下您的评论吧