ཀན་སུའུ་ལན་ཀྲུའུ་ནས་བོད་ཀྱི་རྫོགས་རིམ་གསུམ་པའི་ཡིག་མཁན·མཆོག་སྤྲུལ་མི་རྣམ་རིན་པོ་ཆེ་ལགས་ཀྱི་ཡིག་གཟུགས་བརྩམས་ཆོས་བཤམས་སྟོན་མཛད་པ།
སྤྱི་ཟླ་༦པའི་ཚེས་༡ཉིན། བོད་ཀྱི་རྫོགས་རིམ་གསུམ་པའི་ཡིག་མཁན་ཆེན་མོ་མི་རྣམ་རིན་པོ་ཆེ་མཆོག་གི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་དེ་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་་གྲོང་ཁྱེར་གྱི་ཀན་སུའུ་རིག་གནས་ཡུལ་སྐོར་ཚོགས་པའི་ཐོག་ཁང་ཆེན་མོ་ནས་སྤེལ།
རྫོགས་རིམ་གསུམ་པའི་ཡིག་མཁན་ཆེན་མོ།
མཆོག་སྤྲུལ་མི་རྣམ་རིན་པོ་ཆེ།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་བྱ་འགུལ་དེ་ཀན་སུའུ་ཟ་འོག་གཏེར་ལམ་རྒྱལ་སྤྱིའི་རིག་གནས་དངོས་མང་སྟོན་ལྷན་ཚོགས་ཀྱིས་རོགས་སྒྲུབ་མཛད་འོག བོད་ཀྱི་རྫོགས་རིམ་གསུམ་པའི་ཡིག་མཁན་ཆེན་མོ་མི་རྣམ་རིན་པོ་ཆེ་མཆོག་གི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཆེད་དོན་འགྲེམ་སྟོན་ཟླ་༦པའི་ཚེས་༡ནས་ཚེས་༢༠ཉིན་བར་དུ་འགྲེམ་སྟོན་བྱས་ཡོད།
འགྲེམ་སྟོན་གྱི་ནང་དོན་ལ་བོད་ཡིག་དབྱངས་གསལ་སོ་བཞི་གཙོ་བྱས་ཤིང་། ཡིག་གཟུགས་ཀྱི་ཆ་ནས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ལྟར་སྟག་གཟིག་སྤུངས་ཆེན་དང་ཞང་ཞུང་སྨར་ཆེན་སོགས་ཡིག་གཟུགས་སྣ་༨། སྦར་ནག་བགྲད་འདྲ་སོགས་ཡིག་གཟུགས་སྣ་༩། ལྡན་མ་རྩེ་མང་གི་ལྡན་ཡིག བློ་ལྡན་ཡིག་གསར་སོགས་ཡིག་གཟུགས་སྣ་༡༧ མངའ་བདག་མྱང་གི་བརྡ་ཡིག། རཏྣ་གླིང་གི་བརྡ་ཡིག་སོགས་ཡིག་གཟུགས་སྣ་༢༤། གཟུང་སྔགས་སྣ་མང་གི་ཡིག་གཟུགས་སྣ་༣༣། མི་ཆོས་གཙང་མ་བཅུ་་དྲུག་དང་ལྷ་ཆོས་དགེ་བ་བཅུ་ནང་དོན་བྱས་པའི་ཡིག་གཟུགས་སྣ་མང་། དེ་མིན་སྒྱུ་རྩལ་ཡིག་གཟུགས་སོགས་ཡིག་གཟུགས་རྣམ་གྲངས་བརྒྱ་ལྷག་ཡུལ་དངོས་བཤམ་སྟོན་བྱས་ཡོད།
མི་རྣམ་མཆོག་གིས་གསུང་རྒྱུར། ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་ནི་གཟུགས་མེད་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐད་ཀྱི་ལག་ལེན་ཐེངས་ཤིག་གམ། ཡང་ན་མི་རིགས་རང་གི་རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རིག་གནས་སྒྱུ་རྩལ་ཐད་ཀྱི་གསོལ་སྟོན་ཆེན་པོ་ཞིག་ཀྱང་ཡིན་ཟེར།
སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།
གསར་འགོད་པ།རྩོམ་སྒྲིག་པ་། དཔལ་མགོན་ཚེ་རིང་།