གཞུང་བྲིས་དབུ་མེད་ཡིག་གཟུགས་འབྲི་ཚུལ་གྱི་མན་ངག་བཞུགས་སོ།།

བཀྲ་ཐང་བསྟན་པའི་ཉི་མ།
2024-05-23


གཞུང་བྲིས་དབུ་མེད་ཡིག་གཟུགས་འབྲི་ཚུལ་གྱི་མན་ངག་བཞུགས་སོ།།

(བཀྲ་ཐང་བསྟན་པའི་ཉི་མའི་གསུང་།)




聂智体书法要诀 (1).jpg



དབུ་མེད་འབྲི་ལ་ཐོག་མར་རུས་པ་ཐིག།

བར་དུ་ཤ་ཉམས་མཐའ་མར་མཛེས་ཉམས་བཅས།།

གལ་པོ་ཆེ་ཡི་ཚུལ་གསུམ་མ་བསླབ་པར།།

འདྲ་ཆགས་ཡིག་གཟུགས་ཕྱག་རྩེར་སོན་ཐབས་བྲལ།།

དེ་ཡང་རུས་པ་ཐིག་གི་རྣམ་གཞག་ལ།།

ཡི་གེའི་དཔངས་ཚད་ཇི་བཞིན་ཤེས་དགོས་ཏེ།།

ཀ་ཁ་ནས་བཟུང་ཐིག་རིས་མ་སྤང་པར།།

ཆ་རུ་བགོས་ཏེ་མང་ལས་ཉུང་དུ་འཕྲི།།

དཔེར་ན་ཀ་ཁར་སོར་ཆ་དྲུག་ཡིན་ན།།

དེ་ནས་རིམ་བཞིན་ཆ་རེ་འདོར་བྱ་ཞིང་།།

ཡིག་གཟུགས་རིམ་པས་ཆུང་དུ་འགྲོ་བ་ཡིན།།

ཀ་ཁ་ཟློས་ཧྲལ་ཡ་བཏགས་ར་བཏགས་དང་།།

ཚུགས་རིང་བཅས་པར་ཐིག་རྐང་བཞི་རེ་སྟེ།།

མགོ་ཐིག་དཀྱིལ་ཐིག་སྨད་ཐིག་རྐང་ཐིག་ཅེས།།

སོར་གསུམ་ལུས་དང་སོར་བཞི་རྐང་པར་བཞག།

སྔ་སྲོལ་ཡིན་ཡང་དེ་འདྲ་རང་བྲིས་ན།།

བུ་ཆུང་ཡིག་རྐང་འཐེན་པར་དུས་ཚོད་ཟད།།

སྣག་དང་ཤོག་བུས་ཨ་མའི་ཕྱག་ཁུག་སྟོང་།།

དེ་ན་ཆ་གཉིས་བགོས་ན་མི་ལེགས་སམ།།

ཚུགས་ཐུང་འབྲི་སྐབས་མགོ་བོ་རྐང་གསུམ་ལས།།

དཀྱིལ་ཐིག་མི་དགོས་མིག་ཚད་རན་པོ་བྲི།།

ཚུགས་མ་འཁྱུག་ནས་མགོ་ཐིག་ཁོ་ན་སྟེ་།།

རིམ་གྱིས་འབྱོང་ན་ཐིག་ཀྱང་བསྐྱུར་བས་ཆོག།

གཉིས་པ་རུས་ལ་ཤ་ཉམས་བཏོན་ཅེས་པ།།

སྨྱུ་གུའི་ཁ་ཡིས་ཁེབས་པའི་ནག་ཆ་དང་།།

སྟོང་པར་ལུས་པའི་དཀར་ཆ་གཉིས་པོ་ལ།།

ཡི་གེའི་གཟུགས་ཀྱི་ཞེང་ཚད་རྫོགས་འགྱུར་ཏེ།།

ནག་ཆ་དཀར་ཆ་གཤིབ་པ་མང་ཉུང་གི།

མི་གེ་སུམ་ཅུའི་ཞེང་གི་བྱེ་བྲག་དབྱེ།།

ཨ་ཡིག་ཞེང་ཚད་ཆ་དགུ་ལྡན་པ་དང་།།

ཀ་ཁ་ག་ཆ་ཕ་མ་ཚ་ལ་ཡ།།

དགུ་ནི་ཞེང་ཚད་ཆ་ཚད་བདུན་དུ་ངེས།།

ཉ་ཐ་ན་པ་བ་ཝ་འ་ཤ་ས།།

དགུ་ལ་ཞེང་གི་ཆེ་ཆུང་ཆ་ཚད་ལྔ།།

ད་དང་ང་གཉིས་ཞེང་དུ་ཆ་གསུམ་ཡོད།།

ཅ་ཙ་ཟ་གསུམ་དཀྱུས་འཐེན་ཆ་གསུམ་ལ།།

མགོ་སྦོ་ཆ་གཉིས་བསྣན་པ་ཆ་ལྔ་ཡིན།།



聂智体书法要诀 (2).jpg


ཇ་ཛ་ཏ་གསུམ་གཞུང་ཤིང་འཁྱོགས་པ་དང་།།

ཟག་མཆུའི་ཕུབ་ཀྱི་གུར་དང་ཚེག་ཐུང་བཅས།།

ཞེང་གི་ཚད་ནི་ཆ་ལྔ་དག་དང་མཚུངས།།

ར་ཧའི་གཡས་གཡོན་བར་ལ་ཆ་གསུམ་དང་།།

ཚེག་དང་དཀར་ནག་བསྡོམས་ཏེ་ཆ་ལྔ་ཡིན།།

ཁ་ཞེང་རིམ་པར་ཆུང་ན་ཆ་ཡང་ཆུང་།།

ཐོག་མར་དཀྱུས་སུ་རིང་བར་ཡོད་པ་ནས།།

རིམ་གྱིས་ཕྲེད་དུ་ལེབ་མོར་འགྱུར་འགྲོ་བ།།

ཤ་ཉམས་ལེགས་པར་ཐོན་པའི་གོ་རིམ་ལ།།

སྨྱུག་འཛིན་འདོད་པས་ནན་དུ་སྦྱོང་བར་རིག།

གསུམ་པ་ཤ་ལ་མཛེས་ཉམས་འདོན་པའི་ཐབས།།

ན་ཆུང་བྱད་བཞིན་བཀྲུས་པས་དག་ཅིང་གཙང་།།

རྒྱན་དང་གོས་གསར་བཀླུབས་པས་མཛེས་པ་བཞིན།།

འབྲི་བའི་སྐྱོན་ནི་སྤོངས་ལ་ཡོན་ཏན་སློབ།།

མགོ་བོ་ནས་འབྲུ་འདྲ་བ་ལེབ་མོར་སོང་ན་སྐྱོན།།

ཕྲེད་དུ་མགོ་གྲ་མ་སྙོམ་མཐོ་དམའ་ཤོར་ན་སྐྱོན།།

ནག་ཆ་ཚད་ལས་བརྒལ་ཏེ་ནག་ནོག་གྱུར་ན་སྐྱོན།།

དཀར་བའི་སྟོང་ཆ་མ་གཅིག་ཆེ་ཆུང་ཤོར་ན་སྐྱོན།།

ཕྲ་སྦོམ་དགོས་སར་མ་ཐོན་དབྱུག་པ་སར་དྲུད་སྐྱོན།།

སྦོ་ཐིག་ནང་དུ་མ་ཚུད་འཇོལ་རིང་སོང་ན་སྐྱོན།།

རྐང་པ་སྲོང་མིན་པ་ནང་དུ་འཁྱོགས་ན་སྐྱོན།།

དཀྱུས་འཐེན་ཕྲེད་ལ་ཤོར་ཏེ་རང་ས་བརྒལ་ན་སྐྱོན།

སྒྲོམ་བུའི་ཟུར་ཆ་མ་དོད་སྒོར་སྒོར་བྲིས་ན་སྐྱོན།།

ཚེག་གིས་སྦོ་ཐིག་མ་ནོན་གཟུགས་ལས་ཐུང་ན་སྐྱོན།།

བརྩེགས་པ་ཅི་ཡང་མ་སྙོམས་མགོ་ཆེ་མགོ་ཆུང་སྐྱོན།།

འདོགས་པ་རང་བཞིན་མ་ལྡེམ་ཧྲེང་པོར་སོང་ན་སྐྱོན།།

ལག་གི་མཉེན་ཆ་མ་དོད་སྦྲུག་མཇུག་འདྲ་བ་སྐྱོན།།

དབྱངས་གནས་རན་པར་མ་སྦྱར་ཁ་ཐོར་སོང་ན་སྐྱོན།།

དེ་དག་ལ་སོགས་སྐྱོན་ནི་སྤངས་པའི་ཚེ།།

སྙོམས་ལེགས་གཟུགས་ཀྱི་མཛེས་མ་བྱོན་ནས་ནི།།

རང་ཡང་འབྲི་འདོད་གཞན་ཡང་འབྲི་འདོད་པའི།།

སྨྱུག་འཛིན་དབང་པོའི་ཕྲིན་ལས་འགྲུབ་པར་འགྱུར།།

ཞེས་བཀྲ་ཐང་བསྟན་པའི་ཉི་མའི་གསུང་ལས་དཔལ་ནཱ་ལེནྡྲའི་ཁ་སྤུ་ཅན་གྱིས་སྤྱི་ལོ་༢༠༢༢ལོར་བྲིས་པའོ།།




རྩོམ་སྒྲིག་འགན་ཁུར་བ། རྟ་མགྲིན་མགོན་པོ།

ཡིག་དཀར་ལ་ཕབ་མཁན། རྟ་མགྲིན་མགོན་པོ།



阅读640
分享
写下您的评论吧