༄༅།།བོད་ཡིག་གི་ལོ་རྒྱུས་དང་བཅས་པ་གནད་བསྡུས།

དཔའ་རིས་སངས་རྒྱས།
2015-04-19

དང་པོ།བོད་ཡིག་གི་བྱུང་རབས།

 རྒྱལ་པོ་སྲོང་བཙན་སྒམ་པོའི་སྔོན་རོལ་ན།བོད་ལ་ཡི་གེ་ཡོད་ཟེར་བ་བདེན་པར་མངོན་ཏེ།དཔེར་ན།དེབ་ཐེར་གསར་མ་ལས།པུ་དེ་གོང་རྒྱལ་གྱི་དུས་སུ་ཆབ་སྲིད་བོན་གྱིས་བསྐྱངས་པར་གྲགས་ཏེ།འདིའི་དུས་སུ་བོན་ཆོས་བསྒྱུར་ཏེ་དར་བར་བྱས་པ་ཡིན་འདུག་ཅེས་དང་།རྒྱལ་རབས་གསལ་བའི་མེ་ལོང་ལས།པུ་དེ་གོང་རྒྱལ་དང་རུ་ལས་སྐྱེས་རྒྱལ་བློན་འདི་གཉིས་ཀྱི་དུས་སུ།གཡུང་དྲུང་གི་བོན་བྱུང་སྟེ།སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིངས་སུ་འཁྲུངས།ཁམས་ཆེན་པོ་བཅོ་བརྒྱད་ལ་སོགས་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ།དར་ཞིང་རྒྱས་པར་མཛད།ཅེས་དང་།བརྡ་སྤྲོད་ཉི་ཤུ་བདེན་པའི་འགྲེལ་བ་ལས།སྟག་གཟིག་ཡུལ་གྱི་སྤུངས་སོ་ཆེ་ཆུང་ནི།།ཞང་ཞུང་ལོ་ཙཱས་སྨར་ཆེན་དང་སྨར་ཆུང་བསྒྱུར།།ཅེས་གསུངས་པ་ལྟར་ན།ཞང་ཞུང་གི་ཡི་གེ་ནི།སྒང་པ་བོད་ཀྱི་ཐོག་མའི་ཡི་གེ་ཡིན།དེ་བྱུང་ནས་ད་སྔ་ཡན་ཆད་ལོ་ངོ་ཉིས་སྟོང་དྲུག་བརྒྱ་ལྷག་འགོར་ཏོ།།ཀྲུང་གོ་མི་རིགས་གནའ་ཡིག་ཞིབ་འཇུག་འདུན་མའི་རིག་གཞུང་དཔྱད་བསྡུར་ལྔ་བའི་གནད་བསྡུས་ལས།ཡི་གེ་གསར་དུ་བསྐྲུན་པ་སྔ་མ་སྔོན་མ་ཆོས་ལུགས་ལ་ཞབས་འདེགས་ཞུ་བ་རེད།ཅེས་གསུངས་པ་ལྟར།བསྟན་པ་གང་ཡང་ཡི་གེས་འཛིན་པས་ན།ཞང་ཞུང་གི་ཡི་གེ་བོན་གྱི་དགོས་པ་སྒྲུབ་ཆེད་བསྐྲུན་པ་དང་།བོན་ལ་འཇུག་པ་ཙམ་ལས།བོད་སྤྱིའི་སྐད་ཆ་དང་།སྲིད་འབྱོར་རིག་གསུམ་ཀུན་ལ་གོ་མི་ཆོད་པས།ཐོན་མིས་བོད་ཡིག་གསར་དུ་བརྩམ་པའི་དགོས་པ་བྱུང་ངོ་།

བོད་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་སྲིད་སྐྱོང་བ་ལ།སྲིད་འབྱོར་རིག་གསུམ་གྱི་འཕྲིན་ལས་སྤེལ་བར་ཉེ་བར་མཁོ་བའི་ཡི་གེ་མེད་ན་མི་རུང་བར་དགོངས་ནས།སྤྱི་ལོ་༦༣༣པར།ལྷོ་གཉལ་བ་སྣང་གྲགས་ཀྱི་བུ་གཅེས་མིང་ཨ་ནུ་དང་།དངོས་མིང་ཀུན་ཏུ་བཟང་བོར་གྲགས་པ།ཡུལ་ས་འབུར་བོ་སྟེ་སྒྲའི་ཟུར་ཆག་ནས་འབོ་ར་ཟེར་བ་ན་འདུག་པས།ཐོན་མིར་ཡང་འབོད་པ།ངང་རྒྱུད་དཔའ་ཞིང་མཛངས་པ།གཞན་ཕན་གྱི་ལས་ལ་ལྷག་བསམ་དཀར་བ་ཞིག་ཡོད་པར་བཀའ་གནངས་ཏེ།རྒྱ་གར་དུ་ཡི་གེ་སློབ་པར་མངགས།འགྲོལ་ཚུལ་ནི།བོད་མཁས་པས་བརྩམས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་གྱི་ལུང་མདོ་མཁར་བ་ཚེརིང་དབང་རྒྱལ་གྱི་ཡི་གེའི་བཤད་པར་བཀོད་པ་ལྟར་ན།ཕོ་ཉའི་མགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ།དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་།རྒྱ་གར་རྒྱལ་པོ་དཔལ་སྦྱིན་བྱེད་བཱི་ན་ལྷ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས།ལམ་དུ་ནེ་པ་ལ་བལ་པོའི་རྒྱལ་པོ་ལ་སྐྱེས་ཕུལ་ཏེ།ཚད་པ་ལ་ཕན་པའི་སྨན་ག་བུར་དང་།ཅུ་གང་དང་ཙན་དན་གྱི་ཆུ་ལ་སོགས་པ་བསྩལ་བར་བསྟེན་ཅིང་སོང་བས།ཅི་ཡང་མ་གནོད་པར་རྒྱ་གར་དུ་བདེ་བར་བརྟོལ།ཅེས་གསུངས་སྣང་།

 ཐོན་མི་རྒྱ་གར་དུ་ཕེབས་རྗེས།ཁོང་གི་མཚན་ཀུན་ཏུ་བཟང་པོ་ལེགས་སྦྱར་སྐད་དུ་སམནྟ་བྷ་དྲ་ཞེས་པ་ལ།བོད་ཡིན་པས་བྷོ་ཊ་སྦྱར་བས་སམ་བྷོ་ཊ་ཞེས་གྲགས་སོ།། ཁོང་གིས་མཁས་ཆེན་བྲམ་ཟེ་ལི་བྱིན་སློབ་དཔོན་དུ་བསྟེན་ནས།ཡིག་རིགས་དུ་མ་མཁས་པར་སྦྱངས།པཎ་ཊི་ཏ་ལྷ་རིག་པའི་སེང་གེ་སློབ་དཔོན་དུ་བསྟེན་ནས།རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་།རྟོགས་དཀའ་བ་པཎ་ཊི་ཏའི་ལུགས་ཀྱི་བསྟན་བཅོས།དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་སྦྱངས་པ་ཕུལ་དུ་བྱུང་ནས་མཁས་པའི་མཚན་སྙན་འབར།སྤྱི་ལོ་༦༣༩བར།ཐོན་མི་རྒྱ་གར་ནས་ཕྱིར་ལོག་ནས།བོད་ཐུན་མོང་གི་སྐད་རིགས་སྤྱི་དང་བསྟུན་ནས།མིང་ཕྲད་རྩོམ་པའི་གཞིར་གྱུར་བའི་སྐད་གདངས་ལྟར་གསལ་བྱེད་ཉེར་དགུ་དང་དབྱངས་གསལ་གཉིས་སུ་གཏོགས་པའི་སྲོག་ཡིག་ཨ་བསྣན་པས་གསལ་བྱེད་སུམ་ཅུ་དང་།སྒྲའི་ང་རོ་ལྟར་དབྱངས་བཞི་དང་།ཨ་བསྣན་པས་དབྱངས་ལྔར་གྲུབ།གསལ་བྱེད་རྣམས་ལའང་མིང་གཞི་དང་།མགོ་འདོགས་འཕུལ་རྟེན་སོགས་ཡི་གེས་སྦྱོར་བ་བཏན་ལ་ཕབ་པའོ།

དེ་ཡང་།རྒྱ་གར་གྱི་ཡིག་རིགས་གང་ཕྱི་མོའི་དཔེར་བླངས་པ་ཡིན་ཞེ་ན།ཡོངས་གྲགས་སུ།ལཉྫ་དཔེར་བྱས་ནས་དབུ་ཅན་དང་།ཝརྟུ་དཔེར་བྱས་ནས་དབུ་མེད་མཛད་ཟེར་ཡང་།ཡི་གེ་འབྲི་སྲོལ་གི་ལོ་རྒྱུས་རྣམས་ལས།བསྟན་པ་སྔ་དར་གྱི་རིང་ལ།འབྲི་སྲོལ་དར་ཚུལ་རིམ་པ་དགུ་བྱུང་ཟེར་བ་ཚང་མ་དབུ་ཅན་ཡིན།དབུ་ཅན་མགྱོགས་པར་བྲིས་ནས་རང་ཤུགས་ཀྱིས་དབུ་མེད་བྱུང་བ་ཡིན་གྱི།ཝརྟུ་ལ་དཔེ་བྱས་ནས་མཛད་པ་མིན་ཐག་ཆོད་རེད།དེ་ལུགས་ཏུན་ཧོང་ནས་བྱུང་བའི་བོད་ཡིག་བྲིས་རྙིང་རྣམས་ལ་བལྟས་ན་རྟོགས་པར་འགྱུར་རོ།།བྱེ་བྲག་ཏུ་བཤད་ཚུལ་སྣ་ཚོགས་ཡོད་པ་ལས།གནའ་དཔེ་དང་།སྔོན་བྱོན་མཁས་པ་མང་ཕྱོགས་ཀྱིས་ནཱ་ག་རའི་ཡི་གེར་དཔེ་བྱས་ནས་ཡི་གེ་མཛད་པར་གསུངས།དཔེར་ན།མ་ཁི་བཀའ་འབུམ་དང་།བཀའ་ཐང་སྡེ་ལྔ་དང་།ཆོས་སྒོ་བ་ཤི་ལ་ལྷ་དྲའི་ཆོས་འབྱུང་དང་།ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་རྣམས་ལས།ནཱ་ག་རའི་ཡི་གེ་དཔེར་བྱས་ནས་གཟབ་མ་བཟོས་པར་གསུངས་པ་དང་།སྒོས་སུ་བསྟན་པའི་མེ་རོ་བསླངས་པའི་དུས་ཀྱི་ཡི་གེའི་མཁན་པོ་ཁྱུང་པོ་གཡུ་ཁྲིས་བརྩམས་པའི་ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ལས།ཐོན་མི་རྒྱ་གར་དུ་སོང་བའི་དུས་སུ།རྒྱ་གར་ན་ཡི་གེ་རིགས་མི་འདྲ་བ་ཉི་ཤུ་རྩ་གཅིག་སྣང་།ཞེས་དང་།བོད་ཀྱི་ཀ་ཁ་འདི།།རྒྱ་ཡི་ནཱ་ག་ར་ལས་བསྒྱུར།།ཞེས་གསུངས་པ་རྣམས་ལ་དཔྱད་ན།བོད་ཀྱི་ཡི་གེ་འདི་ནཱ་ག་རའི་ཡི་གེ་དཔེར་བླངས་པ་བདེན་པར་མངོན་ཏེ།མཁས་པ་སྔ་མ་དུས་སྐབས་དེ་དང་བར་ཐག་ཇེ་ཉེ་ཇེ་ཉེ་ཡིན་པས།མཐོང་ཐོས་དཔྱད་གསུམ་དུ་དན་རྟགས་ཅུང་མང་བ་དང་།ཕྱི་མ་ཕྱི་མ་དུས་སྐབས་དེ་དང་བར་ཐག་ཇེ་རིང་ཇེ་རིང་ཡིན་པས།རྟགས་ཀྱིས་དབེན་པས་ན།རང་བློས་དཔག་ཚོད་ཙམ་མམ།གྲགས་པ་གང་གི་རྗེས་འབྲངས་ཡིན་པར་སེམས་སོ།

 གང་ལྟར་ཀྱང་ཐོན་མིས་རྒྱ་གར་གྱི་ཡིག་རིགས་དུ་མའི་ལེགས་ཆ་བླངས་ནས།བོད་ཡིག་གསར་དུ་བསྐྲུན་པ།བྱི་ལར་བལྟས་ནས་སྟག་རིས་བྲིས་པ་ཙམ་མིན་པར།བློ་རྩལ་ཆེ་ཞིང་ཐབས་མཁས་པའི་དགེ་མཚན་ཐུན་མོང་མ་ཡིན་པ་ཞིག་ལྷང་ངེར་ཤར་བ་འདི་ལྟ་སྟེ།ཡིག་གཟུགས་མཛེས་ལ་བྲི་སླ་བ།སྒྲའི་སྦྱོར་བ་ཞིབ་ཆ་གསལ་ལ་ཀློག་བདེ་བ།དོན་གྱི་ངོ་བོ་དང་ཁྱད་པར་སྟོན་པར་ཐོགས་པ་མེད་ཅིང་གོ་བརྡ་ཇི་བཞིན་འཕྲོད་པ།སྒྲ་གཟུགས་དོན་གསུམ་གཅིག་ཏུ་འདུས་པའི་སྒོ་དུ་མ་ནས་ཡོན་ཏན་ཕུན་སུམ་ཚོགས་པའི་རིན་པོ་ཆེ་འགྲན་ཟླ་མེད་པ་ཞིག་ཏུ་གྲུབ་པར་སྣང་ངོ་།

སྨྲས་པ།

 སྒྲ་གཟུགས་དོན་གསུམ་གཅིག་ཏུ་འདུས་པའི་བོད་ཡིག་རིན་ཆེན་སྐྲུན་པ་པོ།

 སྒྲ་རིག་རྩ་བ་གཞུང་བརྒྱའི་སྒོ་འབྱེད་སུམ་རྟགས་འཕྲུལ་ལྡེཅ།ཛད་པ་པོ།

 རྒྱལ་བའི་གསུང་རབ་བླ་ན་མེད་པ་ལོ་ཙཱ་ཐོག་མ་སྒྱུར་བ་པོ།

 ཁ་བ་ཅན་གྱི་རྨོངས་མུན་སེལ་བྱེད་རིག་པའི་འོད་སྣང་འདྲེན་པ་པོ།

 ཆེ་བ་རྣམ་བཞིས་རབ་ཏུ་བརྗིད་པའི་འཇིག་རྟེན་མིག་འདྲའི་སྐྱེས་བུ་མཆོག

 སློབ་དཔོན་ཐོན་མི་ཀུན་ཏུ་བཟང་པོ་རིན་པོ་ཆེ་ལ་གུས་པས་འདུད།

གཉིས་པ།བོད་ཡིག་འབྲི་སྲོལ་དར་ཚུལ།

 བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་།།བར་བྲིས་རྒྱུགས་བྲིས་དྲུག་ཏུ་ཐམས་ཅད་འདུས།།སྔ་དར་གཟབ་བྲིས་རིམ་པ་དགུ་ཙམ་བརྒྱུད།།ཕྱི་དར་ཐིག་བཏབ་སྦལ་ལུགས་འགའ་རེ་བྱུང་།།དེ་ཡང་འབྲུ་ཆེན་འབྲུ་ཆུང་རིགས་འགའ་དང་།།གཤར་མའི་བྲི་ལུགས་དང་བཅས་དར་བར་གྱུར།།ཞེས་པའི་ཚིགས་བཅད་ཀྱིས་སྔོན་བསུས་ཏེ།།བོད་ཡིག་འབྲི་སྲོལ་ལ་སྤྱིར་གཟབ་གཤར་ལུགས་གཉིས་ཏེ།བཟབས་ནས་བྲིས་པ་ལ་གཟབ་མ་ཟེར།དེ་ལ་མགོ་འཐེན་ནས་ཡོད་པས་དབུ་ཅན་ཟེར་ལ།གསར་བུ་བ་རྣམས་ཀྱིས་ངོས་འཛིན་པ་སླ་བས་ཡིག་དཀར་ཡང་ཟེར།མགྱོགས་པར་བཤར་ནས་བྲིས་པ་ལ་གཤར་མ་ཟེར།དེ་ལ་མགོ་འཐེན་མེད་པས་དབུ་མེད་ཟེར་ལ།གསར་བུ་བ་རྣམས་ཀྱིས་ངོས་འཛིན་པ་དཀའ་བས་ཡིག་ནག་ཀྱང་ཟེར།

 རྒྱལ་པོ་སྲོངཡཙན་སྒམ་པོའི་དུས་ཐོགཐོན་མི་སམ་བྷོ་ཊས་གསར་དུ་བརྩམས་པའི་ཕྱག་བྲིས་སྦལ་ནག་ན་ལ་བརྒྱངས་པ་ལྟ་བུ།དེ་རྗེས་མང་སྲོང་མང་བཙན་གྱི་སྐུ་རིང་ལ།ཡིག་མཁན་ཆ་ངར་རིན་ཆེན་འབར་གྱིས་བྲིས་པ་ས་ཕག་བཤིབས་པ་ལྟ་བུ།འདུས་སྲོང་མང་བོ་རྗེའི་དུས་སུ།ཡིག་མཁན་ཆབ་དཀར་བེའུ་ཚེས་བྲིས་པ་བྱ་ཕོ་འཇོལ་བ་ལྟ་བུ།ཁྲི་གཙུག་ལྡེ་བཙན་(མེས་ཨག་ཚོམ)གྱིས་རིང་ལ་ཡིག་མཁན་དགེ་བསྙེན་དཀོན་ཅོག་ངག་དབང་གིས་བྲིས་པ་ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་པ་ལྟ་བུ།ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཡིག་མཁན་པོ་ཤོ་ཁྲོམ་གྱིས་བྲིས་པ་མུ་ཏིག་དར་ལ་བརྒྱུས་པ་ལྟ་བུ།མུ་ནེ་བཙན་པོའི་སྐབས་ཀྱི་ཡིག་མཁན་ཚེ་སྤང་བྱང་ཆུབ་ཀྱིས་བྲིས་པ་སྦུར་ནག་བགྲད་པ་ལྟ་བུ།མུ་ཏིག་བཙན་པོའི་རིང་ལ་ཡིག་མཁན་ཐེ་ཡོན་ཏན་གྱིས་བྲིས་པ་ཉ་མོ་ཆུ་ནང་ཕྱུང་བ་ལྟ་བུ།ཁྲི་གཙུག་ལྡེ་བཙན་(ཁྲི་རལ་བ་ཅན་)གྱི་དུས་སུ་ཡིག་མཁན་ཏྲ་ཤོད་འབུམ་མེས་བྲིས་པ་སེང་གེ་གནམ་དུ་མཆོང་བ་ལྟ་བུ།དེ་རྣམས་ལ་སྣ་མ་ཞེས་བྱ་བ་དང་།བསྟན་པ་ཕྱི་དར་གྱི་ཐོག་མ་སྒྲོ་ཉ་ཤ་རི་དང་།མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་ཕྱག་བྲིས་ལ་གསང་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང་སྐད།དེའི་རྗེས་སུ་ཁྱུང་པོ་གཡུ་ཁྲི་འབར་བྱ་བས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་པའི་ཐོག་(ཐིག་)ཚད་དུ་དྲངས་ནས་ཡིག་གཟུགས་ཆེ་ཆུང་སྙོམས་པར་བྱས།འབྲུ་མའི་རིགས་ཀྱང་འཁྲུངས་པར་གྱུར།ལེགས་པ་བས་ཀྱང་མགྱོགས་པ་གཙོ།གཤར་མར་བྲིས་པའི་སྲོལ་ཡང་དར།


ཡིག་གཟུགས་ནང་གསེས་ཀྱི་དབྱེ་བ་དང་བསྡུས་པའི་རེའུ་མིག

 

གསུམ་པ།ཡིག་རྩལ་འདོན་སྟངས།

 རྒྱུན་དུ་བཀོད་པ་མཛེས་ཆོས་གང་ཡིན་རུང་།ལྟ་མཁན་གྱི་འདྲེན་བྱེད་དུ་ཐོག་མར་སྣང་བ་ནི།སྤྱི་ཁོག་ཕུབ་ཚུལ་ཡིན།དེ་ནས་མཛེས་ཆོས་ཀྱི་སྒྱུ་རྩལ་ཡིན།སྤྱི་ཁོག་དང་སྒྱུ་རྩལ་ཕན་ཚུན་བསྟུན་མཁས་ན།གསེར་གཞོང་ལ་ནོར་བུས་གང་བ་བཞིན་ནོ།།ཡི་གེའི་སྤྱི་ཁོག་ཏུ་བྲི་གཞི་དང་།ཚོན་རྩི་དང་།ཡིག་སྣ་དང་།ཐིག་ཕྲེང་དང་།སྣེ་ཐོག་གི་རྒྱ་སོགས་འདུས་ཡོད།དེ་དག་གང་ལ་གང་འཚམ་དུ་དགོད་པར་བྱ།སྤྱི་ཁོག་ཕུབ་མཁས་ན།ཡི་གེའི་བུ་མོ་ལ་མཛེས་པའི་མཆོག་སྟེར་རོ།

 ཡི་གེའི་རྣམ་པ་གང་ཅི་སྨྱུག་འགྲོས་འཐེན་སྟངས་དང་།སྨྱུག་ཁ་སྐོར་ཚུལ་སོགས་ལས་བྱུང་བ་དང་།སྨྱུག་རྗེས་ནི་ཐིག་རིས་མི་འདྲ་བས་མཛེས་ཉམས་མི་འདྲ་བ་གཏོད་ཐུབ།དཔེར་ན།ཐིག་རིས་དྲང་མོ་ཞིག་ལ་ཁོད་ཡངས་ཤིང་བདེ་བའི་ཉམས་དང་།ཐིག་རིས་ཀྱག་ཀྱོག་ཅིག་ལ་ལྡེམ་ལྡེམ་གཡོ་བའི་ཉམས་དང་།ཐིག་རིས་གཟར་མོ་ཞིག་ལ་རང་ཚུགས་བརྟན་པའི་ཉམས་སྣང་ངོ་།།འདི་དག་ནི་མི་རྣམས་ཀྱི་འཚོ་བའི་ཉམས་མྱོང་ལས་རང་ཤུགས་སུ་ཐོབ་པའི་འཇིག་རྟེན་ཁམས་ཀྱི་དངོས་པོ་ཇི་སྙེད་པ་ཕྱིར་སྣང་བའི་སྤྱི་མཚན་ཞིག་རེད།ཐིག་རིས་ལས་འདི་རིགས་ཀྱི་ཉམས་ལེན་རྒྱུ་ཡོད་པས་ན།ཡིག་མཁན་རྣམ་པས་ཡི་གེའི་སྒྱུ་རྩལ་ཐིག་རིས་སུ་བཏོན་པ་ཡིན་ཏེ།རང་གི་ཡིད་ཀྱི་འགྱུར་བ་རྣམས་སྨྱུ་གུ་དང་།ཚོན་རྩི་ལ་བརྟེན་ནས་སོར་མོའི་འདུ་བྱེད་ཀྱིས།ཐིག་དྲང་ངེ་ལྕགས་སྐུད་འཐེན་འཐེན་རུས་པ་སྲ་བའི་དཔེ།ལྷུ་དམ་མེ་རྒྱུས་ཀས་སྦྲེལ་སྦྲེལ་ལུས་ཚུགས་གྲིམ་པའི་དཔེ།ཀར་གྱི་ལེ་མེ་ལོང་ཤར་ཤར་ལང་ཚོ་རྒྱས་པའི་དཔེ།བཀན་ཡེ་རེ་རལ་གྲི་འཕྱར་འཕྱར་སྟོབས་དང་ལྡན་པའི་དཔེ་སོགས་ཡིག་གཟུགས་རྩལ་དུ་ཐོན་པ་ཡིན།

 སྤྱིར་གཟབ་མ་བྲི་བར།མི་ཡི་ལུས་ཕུང་འདྲ་བ་ཞིག་དགོས་ཏེ།མགོ་ལུས་ཡན་ལག་ཆ་ཚད་ལྡན།རུས་པ་སྲ་ལ་ལྷུ་ཚུགས་དམ།ཤ་ཁ་འཇམ་ལ་ལང་ཚོ་རྒྱས།།དཔལ་དང་བརྗིད་ཀྱིས་ཡིད་དབང་འགུགས།།ཟེར་བས་མཚོན།གཤར་མ་བྲི་བར།བྲོ་འཆམ་པ་འདྲ་བ་ཞིག་དགོས་ཏེ།བརྟན་པ་ཡི་གེའི་འཇིག་རྟེན་དུ།།གཡོ་བའི་སྐྱེ་དགུའི་གསོན་ཉམས་ཐོན།།གར་དུ་བསྒྱུར་ན་གེ་སར་སྒྲུང་།།དཔུང་ཚོགས་བཤར་ན་ཆུ་བོའི་རྒྱུན།།ཞགས་པ་འཕངས་ན་བྱ་ཡང་ཟིན།རལ་གྲི་ཕྱར་ན་དགྲ་ཡང་བྲོས།།ཡུལ་དུས་ཀུན་ཏུ་མི་འགག་པའི།།ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད།།ཟེར་བས་མཚོན།འབྲུ་མ་བྲི་བར།སྨྱུག་འགྲོས་འཐེན་སྟངས་ཡིག་དཀར་འདྲ།།སྨྱུག་ཁ་སྐོར་ཚུལ་ཡིག་ནག་འདྲ།།ལུས་ནི་ནས་འབྲུ་ཚལ་བ་འདྲ།།ཡན་ལག་ཟུར་དང་རྩེ་ཁ་དོད།།ཟེར་བས་མཚོན།ལྟ་མཁན་ཡིག་རྩལ་གྱི་གནད་ཟིན་ན།སྨྱུག་འགྲོས་དྲང་འཁྱོག་རིང་ཐུང་མཐོ་དམན་ལྕི་ཡང་དལ་མགྱོགས་ཀྱི་ཐིག་རིས་ལས།ཡིག་གཟུགས་ཀྱི་འགྱུར་ཉམས་ལོན་པ་དང་རོ་མྱོང་ཤེས་སོ།

བཞི་པ།ཡི་གེ་སྐུང་སྲོལ།

 སྤྱི་ཚོགས་དར་ཞིང་རྒྱས་པའི་རྗེས་འབྲངས་ནས།སྲིད་འབྱོར་རིག་གསུམ་གྱི་འཚོ་བ་ལས་ཡི་གེ་བཀོལ་བ་རིམ་གྱིས་ཁྱབ་ཆེ་ཞིང་སྣ་ཚོགས་པར་འགྱུར་བ་དང་།སྒོས་སུ་རིག་པ་ཀློང་དུ་བརྡོལ་བའི་དེང་གི་དུས་འདིར།རྒྱལ་ཁབ་ཕྱི་ནང་གི་ཚན་རིག་ལག་རྩལ་དང་།གནས་ཚུལ་གསར་པ་སོགས་མྱུར་དུ་རྟོགས་དགོས་ན།གཙོ་ཆེར་ཡི་གེར་བརྟེན་དགོས།གཙོ་ཆེར་ཡི་གེར་བརྟེན་དགོས་པས།ཡི་གེ་འབྲི་བ་དང་།པར་དུ་བསྒྲིག་པ་དང་།པར་འདེབས་པ་གང་ཅི་དུས་ལས་མི་ཡོལ་བ་ཞིག་དགོས།ཉེར་མཁོའི་ཟིན་བྲིས་སམ་མ་ཕྱི་རེ་བྲིས་ནའང་།དུས་ཀྱི་རྗེས་ཆོད་པ་གལ་ཆེ་བས་ཤར་མར་བྲི་དགོས།རྒྱུགས་བྲིས་སྐུང་མཁས་ན་ལྷག་པར་ལས་ཆོད་ཆེའོ།

 བོད་ཡིག་སྐུང་སྲོལ་དར་སྔ་སྟེ།ཏུན་ཧོང་བྲག་ཕུག་ནས་ཐོན་པའི་ཤོག་དྲིལ་གྱི་ཡིག་དཀར་རྣམས་ལས་ཐུན་མོང་བའི་སྐུང་བྲིས་ས་ཁྱབ་རྡོ་ཁྱབ་ཏུ་སྣང་ཞིང་།བསྟན་པ་ཕྱི་དར་གྱི་དབུ་བརྙེས་པ་ནས་བཟུང་།གཤར་མའི་འབྲི་སྲོལ་རིམ་གྱིས་དར་བའི་ཞོར་དུ།ཐུན་མོང་མ་ཡིན་པའི་སྐུང་སྲོལ་ཡང་ཆགས་པར་གྱུར་ཏོ།།དེ་ལ་ལེགས་པ་བས་ཀྱང་མགྱོགས་པ་གཙོ།ཞེས་པ་ལྟར།སྔོན་བྱོན་ཡིག་མཁན་རྣམ་པས་མགྱོགས་བྲིས་ཀྱི་སྲོལ་འབྱེད།འབྲུ་མང་པོ་བསྡུས་པའི་ཐ་སྙད་ཇི་བཞིན།སྐུང་ཆུང་གཞིར་བཟུང་ནས་ཅི་མགྱོགས་གང་མགྱོགས་ཀྱི་སྐུང་ཆེན་མཛད་པ།བྲིས་མ་རྣམས་སུ་སྐྱ་རེངས་བར་མའི་སྐར་མ་ལྟར་མཐོང་རྒྱུ་ཡོད་དོ།།དེང་གི་མྱུར་བྲིས་ཀྱི་དཔེ་ལམ་བོད་ལ་ད་སྔ་ལོ་ངོ་དགུ་བརྒྱ་ཡས་མས་སུ་བྱུང་བ་ངོ་མཚར་མི་ཆེའམ།ཐ་སྙད་སྐུང་སླ།ཚིག་ཀ་སྐུང་དཀའ།ཞེས་པ་ཡན་ཡིག་མཁན་རྣམས་པའི་མྱུར་བྲིས་ཀྱི་ཉམས་མྱོང་ཡིན་ཏེ།མིང་དང་མིང་གི་ཚོགས་པ་བརྟན་ཆགས་པ་ཡིན་པས།སྨྱུག་འགྲོས་ཉུང་ཞིང་ཡིག་གཟུགས་མཛེས་པར་བསྐུང་སླ་ཡང་།ཚིག་གི་སྦྱོར་བ་སྣ་ཚོགས་པ་ཡོད་པས་བསྐུང་དཀའ་བ་ཡིན་ནོ།།སྐུང་སྲོལ་དར་སྔ་ཡང་།དེ་ལུགས་ཀྱི་བསྟན་བཅོས་ད་སྔ་ཕྱག་བྲིས་གནངས་མེད་པའི་དབང་གིས།སྐྱེས་བུ་ཕུལ་གྱིས་ཡིག་མཁན་རྣམ་པའི་ཕྱག་བྲིས་ལས་ཐོན་པའི་སྐུང་ཡིག་དཔེར་བླངས་པ་མ་གཏོགས་རང་རྐྱ་མི་འཕེར་རོ།།བདག་གིས་སྐུང་བྲིས་སྣ་ཚོགས་ཀྱི་མཐའ་དཔྱད་པའི་རྟོགས་ཚོད་ལ།སྐུང་སྲོལ་དྲིལ་ན།ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིགས་གཉིས་ཡོད་པ་གཤམ་གསལ།

དང་པོ།ཐུན་མོང་བའི་སྐུང་སྲོལ་ནི།    

གཟབ་གཤར་ཐུན་མོང་ལ་འབྱོར་བའི་སྐུང་སྲོལ་ཞིག་སྟེ།ཡི་གེའི་སྦྱོར་བ་ཇེ་ཉུང་དུ་གཏོང་བ་དང་།དག་ཡིག་བློར་ངེས་པར་ཕན་ཐོགས་ཆེའོ།།འདི་ལ་དབྱེ་བ་དྲུག་ཡོད་དེ།    

སྔ་མའི་རྗེས་འཇུག་ག་ད་བ་མ་འ།།ཕྱི་མའི་སྔོན་འཇུག་གང་མཐུན་གཅིག་ཏུ་སྦྱར།མཆོག་གསུམ་-མཆོགསུམ།  བདག་གཞན་-བདགཞན།  ཡིད་དགའ་-ཡིདགའ། ཐུབ་བསྟན་-ཐུབསྟན།ཁྱིམ་མཚེས་-ཁྱིམཚེས།མཁའ་འགྲོ-མཁའགྲོ

 སྔ་མའི་མཐའ་རྟེན་བཅུ་པོ་ཕྱི་མ་ཡི།།མིང་གཞི་གང་དང་མཐུན་པ་གཅིག་ཏུ་སྦྱར།རྟོག་གེ་-རྟོགེབཟང་ངན་-བཟངན།ཡོད་དོ་-ཡོདོ།གཞོན་ནུ་-གཞོནུ།ནུབ་བྱུང་-ནུབྱུང་།  གཟུམ་མལ་-གཟུམལ།  བཀའ་འགྱུར་-བཀའགྱུར།  ཁེར་རེ་-ཁེརེ།གསལ་ལམ་མེ་-གསལམེ།ཆོས་སྲིད་-ཆོསྲིད།

 སྔ་མའི་མཐའ་རྟེན་ར་ལ་ས་གསུམ་པོ།།ཕྱི་མའི་མགོ་འཇོག་གང་མཐུན་གཅིག་ཏུ་སྦྱར།དཀར་རྩི-དཀར་ཙི།  འཁར་རྔ་-འཁརྔ།མཆིལ་ལྷམ་-མཆིལྷམ།བརྒལ་ལན་-བརྒལན།གཉིས་སྐྱེས་-གཉིསྐྱེས།མཚམས་སྤྲིན་-མཚམསྤྲིན།

 སྔ་མའི་མིང་གཞི་ག་ད་བ་མ་འ།། ཕྱི་མའི་འཕུལ་གང་མཐུན་གཅིག་ཏུ་སྦྱར།དགྲ་གཉེན་-དགྲཉེན།མདོ་དབུས་-མདོབུས།  བླ་བརྡོལ་-བླརྡོལ།  མར་མེ་མཛད་-མར་མེཛད།འོ་འཛིན་-འོཛིན།དབུ་ཞུགས-དབུཞུགས།

 ཚེག་བར་སྔ་ཕྱི་གཉིས་ཀ་ཡི།།མིང་གཞི་གང་མཐུན་གཅིག་ཏུ་སྦྱར།དགྲ་གྲོགས-དགྲོགས།ངང་ངུར་-ངངུར།ཆེ་ཆུང-ཆེུང་།ཉེ་ཉོན-ཉེནོ།འབྲུ་བོགས-འབྲོུགས།འཚོ་ཚིས་-འཚོསི།

 ཚེག་ཁྱིམ་སྔ་ཕྱི་གཅིག་པ་དང་།།ང་ངོ་གཉིས་རེས་མཚོན་པར་བྱ།   སྐྱ་སྐྱ་-སྐྱཱ།ཆིལ་ཆིལ་-ཆིལི།ལྷུང་ལྷུང-ལྷུངུ་།མཁྱེན་མཁྱེན-མཁྱཻན།དགའ་དགའ་སྤྲོ་སྤྲོ་-དགཱའ་སྤྲཽ།འུར་ཆེམ་ཆེམ་-འུརུ་ཆེམེ།

གཉིས་པ།ཐུན་མོང་མ་ཡིན་པའི་སྐོང་སྲོལ་ནི།

 གཤར་མ་ཁོ་ནར་འབྱོར་བའི་སྐུང་སྲོལ་ཞིག་སྟེ།མིང་དང་མིང་གི་ཚོགས་པའི་ཚེག་བར་སྔ་ཕྱི་སྨྱུག་འགྲོས་རྣམས་ཚུལ་བཞིན་ཅི་ལྕོགས་གང་ལྕོགས་ཀྱིས་བསྡུས་ཏེ།བྲི་ལ་ཧ་ཅང་མགྱོགས་པ་དང་།སྣག་ཤོག་མང་དུ་བསྲི་རུང་བའི་ཕན་པ་ཡོད།འདི་ལའང་དབྱེ་བ་དྲུག་སྣང་།

 སྔ་མ་སོར་བཞག་ཕྱི་མའི་མིང་གཞི་སྐུང་།།འདོགས་དབྱངས་མཐའ་རྟེན་གང་ཡོད་སྔ་མ་སྦྱར།

 བཀྲ་ཤིས་-བཀྲིས།མགོ་འདྲེན་-མགྲོནེ།ཆོ་འཕྲུལ་-ཆོལ།བློ་གྲོས་-བློསོ།  མྱ་ངན-མྱངེད།སློབ་དཔོན་རིན་པོ་ཆེ་-སློན་ད།ཨོ་རྒྱན་པད་མ་འབྱུང་གནས་-ཨད་བྱུང་།

 ཕྱི་མའི་འཕྲུལ་གཞི་སྐུང་བའི་འཕྲོ་མ་དག།སྔ་མའི་འཕུལ་རྟེན་མིང་གཞི་གང་རིགས་སྦྱར།  

 ཁེངས་སྐྱུངས་-ཁྱུངས།དངོས་གྲུབ་-དྲུབེ།དཔའ་རིས་-དཔིས།དུད་འགྲོ་-དྲོུ །སེམས་ཅན་-སེན།མཛའ་བཤེས་-མཛེས།སངས་རྒྱས-སརྒྱས།ཡིད་བཞིན་ནོར་བུ་-ཡིདིནོུརུ།

 སྔ་མ་མས་འཕྲུལ་ཅན་གྱི་གཞི་རྟེན་སྤངས།།ཕྱི་མའི་མས་འཕྲུལ་མཐའ་རྟེན་སྔ་མར་སྦྱར།  

 མཁའ་འགྲོ་-མཁའགྲོ།གྲུབ་མཐའ་-གྲུའ།མཆན་འགྲེལ་-མྲེལ།ཕྱག་མདུད་-ཕྱུད།མིག་འཕྲུལ-མྲིུལ།ཚུལ་ཁྲིམས་-ཚོས།    ཕྱི་མའི་ཕོད་དང་དབྱངས་དང་མཐའ་རྟེན་དག།སྔ་མའི་མིང་གཞིའི་སྟེང་དུ་སྦྱར་བར་བྱ།  

 ཀུ་མུད་ཚལ་-ཀུལ།བདུད་རྩི་-བདུ།འབོད་རྩོལ་-འབོདལ།བཞིན་འཛུམ་-བཞུམ།ཟླ་ཚེས་-ཟློས།སུན་རྩེན་-སུན།

མིང་མཐའ་པོ་བོ་སོགས་ཀྱི་དབྱངས་ཡིག་ཙམ།།སྔ་མའི་མཐའ་རྟེན་སྟེང་དུ་སྦྱར་བར་བྱ།  

 སྐྱིད་པོ་-སྐྱིདདོ།གཅིག་པུ་-གཅིགུཁོབོ-ཁཽ།གླེགས་བུ་-གླེགསུ།འཇོལ་མོ་-འཇོལོ།གཏའ་མ་-གཏའོ།འཁོར་ལོ-འཁོརོ།སྣང་ངུ-སྣངུ་།

ཡིག་གཟུགས་གཅིག་པའི་སྔ་མར་དབྱངས་མེད་ན།།མིང་གཞིར་འ་བཏགས་དེ་ལ་དབྱངས་ཡིག་སྦྱར།

འབར་འབུར-འབཱུར།རབ་རིབ-རབཱིབ།ལྗན་ལྗིན-ལྗིན།ཤར་ཤུར་-ཤཱུར།རྟ་རྟེའུ-རྟཱེའུ།སྤྲ་སྤྲེའུ-སྤྲཱེའུ།འཁྱག་འཁྱོག-འཁྱཱགསྲས་སྲོས་-སྲཱོས།


阅读808
分享
写下您的评论吧