ཁྱུང་བྲིས་ཡི་གེའི་མཛེས་དཔྱོད་རིན་ཐང་དང་དེའི་ཁྱད་ཆོས་འགའ་མདོ་ཙམ་གླེང་བ།

གཙོས་ཤེས་རབ་རྒྱ་མཚོ།
2024-05-03


༄༅། །ཁྱུང་བྲིས་ཡི་གེའི་མཛེས་དཔྱོད་རིན་ཐང་དང་དེའི་ཁྱད་ཆོས་འགའ་མདོ་ཙམ་གླེང་བ།


གཙོས་ཤེས་རབ་རྒྱ་མཚོས།


    མཁྱེན་དཔྱོདཀྱི་སྒོ་མོ་མཁའ་ལྟར་ཡངས་ཤིང་། ལྷག་བསམ་གྱི་འཁྲི་ཤིང་རབ་ཏུ་སྨིན་པའི་བོད་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་མཁས་དབང་རྒན་རབས་པ་རྣམས་དང་ཡིག་མཁན་རྣམ་པ། དུས་རབས་གསར་བའི་རིག་ཚན་སྣ་མང་ལ་དཔྱོད་སྒོ་ཡངས་པའི་ན་གཞོན་ཤེས་རབ་ཅན་རྣམ་པ་ལགས་ལ། ངས་འདིར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། བོད་ཡུལ་གངས་དཀར་མཐོན་པོའི་རི་གཤམ་དུ་ཆགས་ཤིང་། མི་ཚོགས་ཁྲི་མ་འདུས་པས་ཁྲི་འདུའམ། ཆུ་སྣ་བརྒྱ་ཕྲག་མང་པོའི་འདུས་མདོའིཡིན་པས་ཆུ་འདུ་རུ་ཞེས་ཀྱང་བླ་བཏགས་སུ་འབོད་སྲོལ་ཡོད་པ། དེང་དུས་རང་རྒྱལ་འཛིན་མའི་ལྟོ་བ་ན་སྲིད་དཔལ་རིག་གསུམ་དར་བའི་མཚན་སྙན་གྱི་བ་དན་དཀར་པོ་དགོང་དུ་འཕྱོ་དང་འཕྱོ་བཞིན་པའི་གྲོང་ཁྱེར་ཆེན་པོ་སྤོས་ངད་ལྡན་གྱི་གཞི་དཀྱིལ་དུ། པདྨ་ཤེས་རིག་གསེར་བྲིས་གླིང་དང་ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་ཐང་ག་དང་སྒྱུ་རྩལ་ཞིབ་འཇུག་ལྷན་ཚོགས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་བཅས་ཀྱིས་མཉམ་འབྲེལ་གྱིས་སྒྲུབ་པའི་སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་གཟེངས་བསྟོད་མཛད་སྒོར། ཕྲན་ཆུང་ང་ལ་བོང་བ་གསེར་གཟིགས་ཀྱིས་གཏམ་བཤད་བྱེད་པའི་གོ་སྐབས་ཤིག་སྤྲད་པ་ལ་ངས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་དང་ཆབས་གཅིག་ཏུ། ངས་འདིར་ཁྱུང་བྲིས་ཡི་གེའི་མཛེས་དཔྱོད་རིན་ཐང་དང་དེའི་ཁྱད་ཆོས་འགའ་མདོ་ཙམ་གླེང་བ། ཞེས་པའི་སྟེང་ནས་གཏམ་བཤད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན།

      སྤྱིར་མི་རིགས་སོ་སོའི་སྒྱུ་རྩལ་བརྩམས་ཆོས་སུ་གྱུར་བའི་རིག་ཚན་སྤྱིའི་མཛེས་དཔྱོད་ཀྱི་རིན་ཐང་འཇལ་བྱེད་གཙོ་བོ་ནི་དངོས་པོའི་རང་བྱུང་གི་གནས་བབ་ནས་མིའི་ཚུར་སྣང་དུ་གྲུབ་པའི་ལྟ་བའི་དགོངས་ཕྱོགས་ཀྱི་རིམ་པ་དུ་མ་ལས་གྲུབ་པའི་ཚོགས་སྤྱིའི་རིན་ཐང་ཞིག་ལ་གོ་དགོས་ཤིང་ དེ་བཞིན་བོད་ཡིག་ཁྱུང་བྲིས་ནི་གནའ་རབས་བོད་མིའི་གཤིས་རྒྱུད་དང་སེམས་ཁམས། དད་མོས་དང་མཐུན་པའི་མཚོན་བྱེད་རི་མོའི་རྣམ་པ་ལ་འགྱུར་བ་ཅི་སྙེད་ཅིག་བྱུང་བ་ལས་མཐར་གཏན་ཆགས་སུ་གྲུབ་པའི་མཛེས་དཔྱོད་ཀྱི་སྒྱུ་རྩལ་བསྡུས་གཟུགས་སུ་གྱུར་ཡོད་པ་རེད། འཛམ་གླིང་སྒྱུ་རྩལ་བརྩམས་ཆོས་གང་ཡིན་ཡང་མཛེས་དཔྱོད་ཀྱི་རིན་ཐང་འཇལ་བྱེད་ལ་རིམ་པ་བཞི་ཡོད་པ་རེད། དེ་ནི་མངོན་གྱུར་གྱི་མཛེས་དཔྱོད་རིན་ཐང་་དང་། རྗེས་དཔག་གི་མཛེས་དཔྱོད་རིན་ཐང་། རིག་གནས་ཀྱི་མཛེས་དཔྱོད་རིན་ཐང་། གསར་གཏོད་ཀྱི་མཛེས་དཔྱོད་རིན་ཐང་བཅས་ཡིན་ལ། མཛེས་དཔྱོད་ཅེས་པ་ནི་འཕེལ་མེད་སོར་གནས་དང་། འགྱུར་མེད་བརྟན་ཆགས་ཀྱི་དངོས་པོ་ཞིག་མིན་པར་མིའི་སེམས་ཁམས་དང་རིག་གནས་ལྟ་གྲུབ་ཀྱིས་འཕེལ་འགྱུར་གྱི་རིམ་པ་ཤིན་ཏུ་གསལ་བོར་མངོན་པའི་ཆ་ཞིག་རེད། གོང་སྨྲས་མཛེས་དཔྱོད་ཀྱི་རིམ་པ་དེ་དག་ངས་འདིར་ལྟ་བ། མྱོང་བ། རྟོགས་ཚད་བཅས་ཕྱོགས་གསུམ་དུ་བསྡུས་ནས་བོད་ཀྱི་ཡིག་གཟུགས་སྤྱི་དང་ཁྱད་པར་ཁྱུང་བྲིས་ལ་སྦྱར་ནས་ཅུང་ཟད་ཞུ་རྒྱུ་ཡིན།

        དང་པོ། ཁྱུང་བྲིས་ཀྱི་ལྟ་བའི་མཛེས་དཔྱོད་རིན་ཐང་།

   དེ་ལ་ལྟ་བ་ཞེས་པ་ནི་མིག་གི་དབང་པོའི་སྤྱོད་ཡུལ་དུ་གང་ཞིག་སྨིན་ཡོང་བའི་ཐོག་མའི་རྨང་གཞིའི་མཛེས་དཔྱོད་འཇལ་བྱེད་གལ་ཆེན་ཞིག་ཡིན་ཞིང་ མི་རིགས་གཞན་དག་དང་ལྷག་པར་རྒྱ་ཡིག་ལྟ་བུ་ལ་ཐོག་མའི་གྲུབ་གཞི་ནི་རང་བྱུང་ཁམས་ཀྱི་མཛེས་ལྗོངས་དང་སྲོག་ཆགས། རི་བོ་དང་ཉི་ཟླ་རྒྱ་མཚོ་སོགས་རྨང་གཞིར་བྱས་ནས་བྱུང་བས་རིན་ཐང་ཐོག་མ་དེ་ནས་བརྩི་བཞིན་ཡོད་ལ། བོད་ཡིག་ནི་ཐོག་མའི་འབྱུང་ཁུངས་རྒྱ་གར་ཡིག་རིགས་སྤྱི་དང་། དེ་ལས་གཙོ་བོ་བོད་མིའི་གཟུགས་དབྱིབས་རིག་པའི་ཆ་ནས་རྐང་བཙུགས་པ་ཡིན་པས་དེ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད དེ་ལ་མིའི་ལུས་ཕུང་གི་ཆ་ཤས་སོ་སོ་ལ་སྦྱར་ཏེ་ཆ་ཚད་ངེས་གཏན་གྱིས་བལྟས་པ་ཙམ་གྱིས་མིག་གི་དབང་པོའི་ཡུལ་དུ་ནང་སེམས་ཁམས་རིག་གནས་ཀྱི་ལྟ་གྲུབ་དང་མཐུན་པའི་མཛེས་དཔྱོད་བསྐྲུན་ནུས་པ་རེད། དེ་ལས་ཁྱུང་བྲིས་ནི་ནང་བའི་ཕྱིའི་གཞལ་ཡས་ཁང་གི་དཀྱིལ་འཁོར་ཆ་ཚད་དང་ནང་འགྲོ་བ་མིའི་ལུས་ཀྱི་ཆ་ཤས་སོ་སོའི་ཆ་ཚད་གཉིས་ཟུང་འབྲེལ་ལས་བྱུང་བའི་རིག་གཞུང་ཡ་མཚན་པ་ཞིག་ཡིན་པས་བོད་ཡིག་ཐོག་མར་འབྲི་བ་ནས་བཟུང་ཆ་ཚད་དམ་ཐིག་ལ་དང་དོད་བྱ་དགོས་པའི་རྒྱུ་མཚན་དེ་ཡིན།

     སྤྱིར་བོད་ཡིག་ཐོག་མར་སྲོལ་བཏོད་པ་ནས་བཟུང་ཐིག་ལམ་ནས་འབྲི་དགོས་པ་ནི་སྔར་བྱུང་ལོ་རྒྱུས་ཡིག་སྣ་མང་པོས་ར་སྤྲོད་བྱེད་ཐུབ་སྟེ། རྔོག་ལོ་ཆེན་པོས་མཛད་པའི་མཚལ་གནག་སྨྱུ་གུ་བག་ཆུ་དང་བཅས་པའི་གདམས་པ་འདྲ་ཡོད་ལགས་ཞེས་པར། འཇམ་དབྱངས་སྤྲུལ་བ་སམྦྷོ་ཊ། །ཐོག་མར་ཚད་ནི་རྩོམ་མཁན་ཡིན། །ཞེས་དང་།   ཡི་གེའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེར། ཞ་ཡི་རྩིབས་ཀྱི་རྡོ་རིང་དང་། །གར་ཆུང་གླ་བ་ཚལ་གྱི་བྲག་རྣམས་ལ། །མ་ནོར་གོལ་མེད་ཆགས་ཚད་ལྡན་པར་བཏབ། ཞེས་བསྟན་པ་སྔ་དར་སྐབས་སུ་བཙུགས་པའི་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་ལ་ཆགས་ཚད་དམ་ཆ་ཚད་ཡོད་པར་གསུངས་ཤིང་། དེ་འདྲའི་ཆ་ཚད་ནི་ཡང་སྙིང་གང་འདྲ་ཡིན་ནམ་ཞེ་ན། རྔོག་ལོ་ཆེན་པོས། འདི་ཡན་ཡི་གེ་དབུ་ཆེན་ལ། །རྩ་བའི་ཐིག་ཆེན་ལུས་ལ་གསུམ། །རྐང་བའི་ཐིག་དང་བཞི་ལས་མེད། ། ཅེས་དེང་དུས་ཀྱི་དབུ་མེད་ཀྱི་འཕྲེད་ཐིག་ལྟ་བུ་ཐིག་བཞི་ཙམ་ལས་ཞིབ་ཕྲའི་ཆ་ཕྲན་དང་ཐིག་ཕྲན་སོ་སོ་བགོ་སྲོལ་མེད་པར་གསུངས།

     བསྟན་པ་ཕྱི་དར་གྱི་དུས་མགོ་ཙམ་ལ་ཁྱུང་བོ་གཡུ་ཁྲི་འབར་སློབ་བརྒྱུད་དང་བཅས་པས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ཏེ་ཆ་ཆེན་ཆ་ཕྲན། ཕྲ་ཐིག །ཐིག་ཕྲན་བཅས་ཐིག་ཁོངས་ཆེན་པོ་བཞི་རུ་དྲངས་ཏེ། མགོ་དང་དཔུང་བ་སྦོ་གསུམ། ཟགས་མཆུ་ཡར་འཕུལ་མིག་འགྲིལ་གསུམ། རྐང་བ་བཅས་གསལ་བྱེད་མ་མོའི་ཆོས་བདུན་དང་། སྟེང་འོག་གི་དབྱངས་འདོགས་སོགས་ཡི་གེའི་སོའི་རང་སྟེང་གི་མཛེས་དཔྱོད་ལྟར་དེ་དག་ཐིག་ལ་ཕབ་ཅིང་། གཞུང་ལུགས་ཀྱི་ཆ་ནས་གཡུ་ཁྲིའི་གསེར་སྒྲོན་དང་བྲིས་ཀྱི་ཆ་ཐིག་ནམ་མཁའི་ནོར་བུ།》《ཡི་གེའི་སྟོང་ཐུན་དང་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་》《ཡི་གེའི་ཆ་ཚད་ཀྱི་འབྲུ་འགྲེལ།》《སྒྲོམ་གྱི་མན་ངག་གསལ་བའི་སྒྲོན་མེ་སོགས་ལས་ཡི་གེ་སྤྱིའི་སྒྲོམ་ཆེན་ལས་སྒྲོམ་ཆུང་བགོ་ཚུལ། ཞིབ་ཚེགས་དང་ཆ་ཕྲན། ཚེག་སྒྲོམ། པྲ་ཏཱའི་སྒྲོམ་གྱི་ཞིབ་ཕྲ་དང་། གཞན་རྔོག་བློ་ལྡན་ཤེས་རབ་ཀྱིས། དཀྱིལ་འཁོར་ཚངས་ཟུར་གྱི་ཐིག་ཆེན་ལྟར་མཐའ་ཐིག་བཞི་དང་གཞུང་ཐིག་གཉིས་ཏེ་དྲུག་ལ་ཟུར་ཐིག་གིས་གྲུ་ཆོད་བྱས་ཏེ་གྱེན་ཐུར་གཉིས་སུ་བགོས་པ་ལ་ཆ་ཆེན་བཅུ་དྲུག་དང་། དེ་ལ་གྱེན་ཐུར་གཉིས་སུ་བགོས་པས་ཆ་ཕྲན་སོ་གཉིས་འབྱུང་ཞིང་། དེ་ལ་ཡང་གྱེན་ཐུར་གཉིས་སུ་བགོས་པས་ཕྲ་ཐིག་རེ་བཞི། དེ་ལ་ཡང་གྱེན་ཐུར་གཉིས་སུ་ཞིབ་མོར་བགོས་པས་ཐིག་ཕྲན་བརྒྱ་དང་ཉེར་བརྒྱད་ཀྱི་རྣམ་བཞག་མཛད་པས་ཁྱུང་བྲིས་ཀྱི་མཛེས་དཔྱོད་ཀྱི་ལྟ་བའི་རིན་ཐང་སྔར་ལས་ཕུན་སུམ་ཚོགས་པ་བྱུང་བ་ཡིན་ཏེ། དགེ་ཕུག་པ་དྷརྨ་པྲ་ཛྙཱས་མཛད་པའི་སྒྲོམ་གྱི་མན་ངག་གསལ་སྒྲོན་ལས། འདི་ནི་སྒྲོམ་གྱི་བྱེ་བྲག་ཐམས་ཅད་ལ། །ག་བྱུ་དྲུང་བའི་མཛེས་ཆོས་ཀུན་ཏུ་འབྱུང་། །ཞེས་ཡི་གེ་མ་མོ་དང་བུ་ཡིག་རྣམས་སྒྲོམ་ཁོག་ཏུ་དྲངས་ཏེ་གྲུ་བཞི་ལེགས་སྙོམས་དག་གསུམ་ནི་ཡི་གེའི་མཛེས་ཆོས་འབྱུང་བའི་རྒྱུ་འབའ་ཞིག་ཏུ་བཞེད་འདུག་པས། དེས་ན་ཡི་གེའི་སྒྲོམ་སྟོར་བའམ་ཐིག་ལམ་ནས་འདས་ན་བོད་ཡིག་སྤྱི་དང་ཁྱད་པར་ཁྱུང་བྲིས་ཀྱི་མཛེས་ཆ་ཉམས་འགྲོ་བ་ཡིན། འོ་ན་ཆ་ཆེན་དང་ཆ་ཕྲན་སོགས་དེ་འདྲ་དབྱེ་དགོས་པའི་རྒྱུ་མཚན་གང་ཞེ་ན། ཆ་ཆེན་གྱིས་ཡི་གེ་སོ་སོའི་ཁོག་ཚུགས་གསལ་བོར་སྟོན་ཐུབ་ཅིང་། ཆ་ཕྲན་སོ་གཉིས་ཀྱིས་ཡི་གེ་སོ་སོའི་རིང་ཐུང་གི་ཚད་སྟོན་པར་བྱེད། ཕྲ་ཐིག་རེ་བཞིས་ཡི་གེ་སོ་སོའི་སྣག་ལམ་གཙང་མར་སྟོན་ཐུབ་ཅིང་། ཐིག་ཕྲན་བརྒྱ་དང་ཉེར་བརྒྱད་ཀྱིས་ཡི་གེ་སྤྱིའི་མ་མོ་དང་ཡན་ལག་དང་བཅས་པ་ཞིབ་ཕྲ་སྟོན་ཐུབ་པས་མ་མོ་སྟེ་གསལ་བྱེད་ཕྱི་མོ་རྣམས་རང་སོར་འབབ་ཐུབ་ཅིང་། དབྱངས་རྣམས་སྟེང་འོག་ཏུ་བབ་པ། བརྩེགས་པ་རྣམས་འོག་ཏུ་ཚུད་ཐུབ་པའི་དགེ་མཚན་ཡོད། དེ་ལྟར་བྱུང་ན་ཁྱུང་བྲིས་ཡིག་གཟུགས་སྤྱིའི་ཁོག་དང་ཆ་ལག་ལ་སྙོམས་པ་དང་མ་འདྲེས་པ། དྲང་བ། འཇམ་པ་བཅས་འབྱུང་བས་ལྟ་བས་མི་ངོམས་ཤིང་། ཡིད་དབང་འཕྲོག་ཐུབ་པའི་ཁྱད་ཆོས་འབྱུང་བས་དེང་དུས་ཡིག་གཟུགས་བརྩམས་ཆོས་འགྲན་སྡུར་ལ་བཟང་ངན་འབྱེད་བྱེད་གཙོ་བོ་ནི་ལྟ་བྱའི་ཡུལ་དུ་གྱུར་བའི་མཛེས་དཔྱོད་དེ་ཐིག་ཚད་དང་སྣག་ལམ། ཁོག་དང་ཆ་ལག་སོགས་གཞུང་ལུགས་ལྟར་བྱུང་མ་བྱུང་འཇལ་དགོས་པ་ལས། མཛེས་དཔྱོད་ཕྱི་མ་གཉིས་ཀྱིས་ཚད་འཇལ་བྱེད་ཐབས་དཀའ་བ་རེད། རྒྱ་ཡིག་ལ་མཁས་པ་ཚེ་ཡོང་蔡邕133——192བརྩམས་པའི་སྔོན་གྱི་བསྟན་བཅོས་བབ་དགུ་ཚིག་བརྒྱད་ཀྱི་མན་ངག་དང་སྨྱུ་གུའི་བསྟན་བཅོས་སོགས་སུ་པིར་ལམ། སྨྱུག་སྐོར། རྩེ་བཀབ། མགོ་སྦེད། མཇུག་སྲུང་། བབ་མྱུར། ནོན་ཆགས། ཀྱུས་སག་བཅས་སྲོག་ཏུ་བཟུང་ཡོད་པ་ལས བོད་ཡིག་ལྟར་ཐིག་ཁོངས་ནས་འགྲོ་མི་དགོས་ལ། དབྱིབས་གཟུགས་ཀྱང་གྲུ་མ་ཟླུམ་གྱི་ཁྱད་ཆོས་མངོན་དགོས་པས་བོད་ཡིག་ལྟར་གྲུ་བཞིའི་ཐིག་སྒྲོམ་མེད་པས་འདི་ནི་མི་རིགས་གཞན་གྱི་ཡིག་གཟུགས་ལ་མེད་པའི་མངོན་གྱུར་རམ་ལྟ་བའི་མཛེས་དཔྱོད་མཆོག་ཏུ་གྱུར་བ་ཞིག་ཡིན།

       གཉིས་པ། ཁྱུང་བྲིས་ཀྱི་མྱོང་བའི་མཛེས་དཔྱོད་རིན་ཐང་།

    སྤྱིར་སྒྱུ་རྩལ་བརྩམས་ཆོས་གང་ཞིག་ཡིན་ཡང་དེ་ལ་མཐོང་ཚོར་གྱི་མངོན་སུམ་བརྒྱུད་དེ་མྱོང་ཚོར་དང་བསམ་གཞིག་གི་ཆ་རང་འགུལ་གྱིས་བྱུང་ན་དེ་ནི་སྒྱུ་རྩལ་ལེགས་ཤོས་སུ་བརྩི་ལ། དེ་ལས་གོ་རྟོགས་དང་གསར་གཏོད། དུང་སེམས་ཀྱི་ཚུར་སྣང་གིས་མིའི་བློ་ངོར་འཆར་སྣང་ཁྱད་པར་བ་ཞིག་བསྐྱེད་ཐུབ། བོད་ཡིག་ཡི་གཟུགས་ལ་ཡང་དེ་དང་མཚུངས་པར་ཐོག་མར་བྲི་གཞི་བཟང་ངན་དང་། ཡི་གེ་སོ་སོའི་དཀར་ནག་གི་ཆ། མགོ་དཔུང་སོགས་ཀྱི་དྲང་མཉེན། སྔ་ཕྱིའི་བར་ཐག ཁོག་དང་ཆ་ལག་སོ་སོའི་ཁྱད་ཆོས། ཡི་གེ་རྐྱང་བ་དང་བརྩེགས་མའི་དག་སྙོམས། དབྱངས་འདོགས་སོགས་ཀྱི་ཟླུམ་འགྲིལ་འཁྱུག་གསུམ། ཚུགས་དང་འཛིན་སོའི་ཁྱད་པར། མགོ་སྐེ་ཡར་འཕུལ་མར་འཐེན་སོགས་དྲང་ཚུགས་དང་སྒྲོས་ཉམས་འདོད་ཚུལ་སོགས་ལ་ཡི་གེའི་གཞུང་ལུགས་ནས་ཇི་ལྟར་བཤད་པ་ལྟར་ལག་ཏུ་བྱང་བ་ཙམ་མ་ཡིན་པར་ཡིད་ངོར་ཡང་ཡང་མྱོང་རོལ་བྱས་པ་ལས་དེ་དག་གི་མཛེས་ཆ་དང་ཉམས་མྱོང་ཡིད་ངོར་ཤར་བ་ནི་མཛེས་པ་མྱོང་རོལ་གྱི་ཆ་ཡིན་ལ།   དེ་ལས་བོད་ཡིག་ཁྱུང་བྲིས་ཀྱི་ཡིག་རུས་ལ་དམིགས་བསལ་གྱི་མྱོང་བའི་ཆ་ཞིག་ཡོད་པ་ནི། བོད་ཡིག་གི་རྩ་བའི་ཡིག་རུས་འདི་ཕྱིའི་དཀྱིལ་འཁོར་གྱི་ཆ་དང་མཐུན་ཙམ་མ་ཡིན་པར་དོན་དངོས་སུ་ནང་གི་མིའི་ལུས་ཀྱི་གྲུབ་སྟངས་དང་འབྱུང་བཞིའི་ལུགས་དང་མཐུན་པས་དེ་ལ་ཅི་ཙམ་མྱོང་རོལ་བྱེད་ཐུབ་ན་ནང་གི་རྩ་སྦྱངས་པའི་ནུས་པ་ཆེས་ཆེར་ལྡན། ཇི་སྐད་དུ། ཡི་གེའི་བཤད་པ་རྣམ་པར་གསལ་བ་ཞེས་བྱ་བ་ལས། ཕྱི་ནི་འཇིག་རྟེན་ཁམས་ལ་བརྟེན་པ་ནསརང་ཅག་རྣམས་ཀྱི་ལུས་འདི་གྲུབ་པར་འགྱུརལུས་ལ་བརྟེན་ནས་ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་བྱུང་དེ་ལ་བརྟེན་ནས་རྩ་སྟོང་ཕྲག་བདུན་ཅུ་དོན་གཉིས་གནས་པ་ལདེ་བཞིན་ཞག་རེ་རེ་ལ་རླུང་ཉིས་ཁྲིས་ཆིག་སྟོང་འགྱུ་བ་ཐམས་ཅད། ཡི་གེ་དང་དུས་སྦྱོར་ཐམས་ཅད་འདི་ལས་བསྐྱེད་པས། རྣམ་ཤེས་ལ་བརྟེན་ནས་སྲོག་རླུང་ཨ་ཡི་རྣམ་པ་ནམ་མཁའི་ཁམས། ཨཿ ལས་ས་ཁམས་ནོར་ལས་རྒྱལ་གྱི་བར་དུ་དབྱངས་ཡིག་དང་གསལ་བྱེད་ཐམས་ཅད་ངང་གིས་ལུས་ལ་ཁྲོ་བོ་དང་ཡེ་ཤེས་དང་ཐུབ་པ་དྲུག་ཏུ་གནས་པ་འདི་ནི་ཡི་གེ་དངོས་ཡིན་ལ། དེ་ཉིད་ཛམ་བུ་གླིང་གི་མིའི་ཁམས་དང་། རྩའི་གཟུགས་ཐོན་མིས་མཁྱེན་ནས། ཕྱི་རུ་གཟུགས་སུ་བྲིས་པ་འདི་ནི་ཀུན་རྫོབ་དང་བརྡར་བཏགས་པ་ཡིན་ལ། ཞེས་དང་། ཡང་དེ་ཉིད་ལས། གཟུགས་སུ་བྲིས་པའི་མཚོན་བྱེད་ནི། ། ལུས་ཀྱི་རྣམ་པ་ཡིན་པས་ན། །ཞེས་ཕྱི་ནང་གི་ཡི་གེ་གཉིས་ལ་མཚོན་བྱ་མཚོན་བྱེད་དང་། རྟེན་དང་བརྟེན་པའི་འབྲེལ་བ་ངེས་ཅན་ཡོད་པར་གསུངས་པས་ཕྱི་ཡི་མཚོན་བྱེད་ཡི་གེའི་གཟུགས་ལ་བརྟེན་ནས་ནང་གི་དོན་དམ་པའི་ཡི་གེ་རྩ་རླུང་སྦྱངས་པའི་རྒྱུ་འབྲས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཆ་ཡོད། དེའི་ཚུལ་ནི་གསལ་བྱེད་ཀ་སོགས་སུམ་ཅུ་རེ་རེ་ལ་གསལ་བྱེད་སུམ་ཅུས་ཕྱེ་བས་དགུ་བརྒྱ་དང་། དགུ་བརྒྱ་བོ་ལ་དབྱངས་རིང་ཐུང་བཅུ་གཉིས་རེ་ཕྱེ་བས་ཆིག་ཁྲི་སྟོང་མེད་བརྒྱད་བརྒྱ། དེ་ལ་ཉིན་མཚན་གྱི་ཆ་གཉིས་སུ་ཕྱེས་པས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་འབྱུང་བ་འདི་ནི་ཉིན་མཚན་གཉིས་ཀྱི་དབུགས་གྲངས་དང་ཤིན་ཏུ་མཐུན་པ་ཡིན། དེ་བཞིན་དུ་ཡིག་བཤད་རྣམ་གསལ་དུ། ཆོས་དབྱིངས་མི་འགྱུར་བའི་བྱིན་རླབས་ལས་སྒྲའི་ཡི་གེ་ཨ་ཐུང་དང་། དེ་ལས་གསལ་བྱེད་སུམ་ཅུ་འབྱུང་བའི་མཚོན་དོན། ཡང་དང་བོ་བེར་ཀ་རིས་ཡིག་མགོར་བྱུང་བ་ནི་ཆོས་ཉིད་གཡོ་བ་མེད་པའི་རྟགས། ཤད་ནི་མཐོ་རིས་གནས་སུ་འདྲེན་པའི་རྟགས། ཡང་ཤད་ཅིག་བྱུང་བ་ངན་སོང་གསུམ་ནས་འདོན་པའི་རྟགས། དཀར་ཤད་དཀར་པོས་བར་ཆད་སེལ་བའི་རྟགས། ཚེག་གིས་དོན་གཉིས་སོ་སོར་སྟོན་པའི་རྟགས། གི་གུ་ཐུགས་རྗེས་ལྕགས་ཀྱུས་འཛིན་པའི་རྟགས་སོགས་ཤད་དང་ཚེག ། དབྱངས་འདོགས་སོ་སོར་ཐུན་མོང་མ་ཡིན་པའི་མཚོན་དོན་དང་བརྡ་ཐབས་གསུངས་པ་འདི་དག་ནི་ཕྱི་རུ་ཡི་གེའི་གཟུགས་བྲིས་པ་ཙམ་གྱིས་མི་ཆོག་པར་གཙོ་བོ་མྱོང་རོལ་བྱ་སའི་ཡུལ་མཆོག་ཏུ་གྱུར་བ་ཡིན།

     དེ་ལྟར་ཡི་གེའི་གཟུགས་ལ་ཞིབ་ཏུ་མྱོང་རོལ་བྱས་པ་ལས་ནང་གི་རྩ་དང་རླུང་གི་རྣལ་འབྱོར་བྱ་རུའམ་སྒོམ་དུ་ཡོད་པ་དང་། ནང་གི་ཡི་གེའི་ཆོས་ཉིད་དེ་ཕྱི་རོལ་གྱི་ཡི་གེའི་གཟུགས་དབྱིབས་སུ་ཤར་བ་ལ་བློ་སྦྱོང་ཅི་ནུས་བྱ་རྒྱུ་ཡོད་པའི་ཡི་གེ་འདི་འདྲ་འཛམ་གླིང་ན་མང་པོ་མེད་ལ། བོད་ཡིག་ནི་དེའི་ནང་གི་གཅིག་ཡིན། (འདི་ལ་ཡིག་བཤད་རྣམ་གསལ་དུ། དངོས་མེད་ཡི་གེའི་རང་སེམས་དང་། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་སྣ་ཚོགས་ཀྱིས། །རོལ་བས་ཅིར་ཡང་སྤྲུལ་ཅིང་སྟོན། ཞེས་གསུངས་སོ། །)

        གསུམ་པ། ཁྱུང་བྲིས་ཀྱི་རྟོགས་ཚད་མཛེས་དཔྱོད།

    སྒྱུ་རྩལ་རིག་གནས་གང་ཡིན་ཡང་ཆེས་མཐོ་བའི་མཛེས་དཔྱོད་ལྟ་བ་ནི་རིག་ཚན་དེའི་གཞུང་ལུགས་ལྟ་གྲུབ་ཀྱི་རྨང་གཞིའི་སྟེང་ནས་དང་གསར་གཏོད་དང་གདེང་ཚད་ཐོབ་པ་ལས་བརྩམ་བྱ་དེ་ལ་རང་དབང་དང་ལྡན་པ། གང་ནས་དཔྱད་ཀྱང་མཛེས་པ། ཇི་ལྟར་བལྟས་ཀྱང་འགྲིག་པ་སོགས་འབྱུང་བ་རེད། ཁྱུང་བྲིས་སྤྱི་དང་སྙེ་བྲིས་ཨེ་བྲིས་མལ་རྩགས་སོགས་བྱེ་བྲག་འབྲི་ལུགས་གང་ཞིག་ཡིན་ཡང་རྟོགས་ཚད་རབ་ལ་ཕྱི་མ་དག་པའི་ས་སོགས་ཀྱི་ཐིག་ཆེན་བཞི་ལས་ནང་དག་པའི་ཐིག་བཞི་སྤྱན་མ་སོགས་བདེར་གཤེགས་ཡུམ་བཞིའི་རྣམ་དག་འབྱུང་བའམ། ཡང་ན་ཡི་གེའི་ཆོས་ཉིད་རྟོགས་ཏེ་མཚོན་བྱེད་མཚོན་བྱར་རྟོགས་པ་བྱུང་ན་རབ་དང་། དེ་མིན་ཡང་སོ་སོའི་ཐིག་སྒྲོམ་ལྟར་གསལ་བ་དག་པ། མ་འདྲེས་པ། སྙོམས་གཙང་སོགས་རང་དབང་དང་ལྡན་པར་གྱུར་བས་ཤོག་ཡིག་སྣག་གསུམ་ཚད་མཐོན་པོས་མཛེས་ལམ་གཅིག་ཏུ་རྫོགས་ན་ཕྱག་རྒྱུན་སྔ་མའི་ཐོག་གསར་གཏོད་དང་ཡི་གེའི་རང་གཤིས་ཆགས་པ་ཡིན། དེ་ནི་ཡིག་མཁན་ཞིག་གིས་ངེས་པར་བརྒྱུད་དགོས་པའི་ལམ་དང་མཐར་ཐུག་གི་བླང་བྱའང་ཡིན།

     དེ་ལྟར་ཡིག་གཟུགས་སྤྱི་དང་བྱེ་བྲག་གང་ཡིན་ཡང་སྨྱུག་ཁ་འགྲོ་ཤེས་ཙམ་དང་དབྱངས་འདོགས་སྦྱོར་ཤེས་པ་ཙམ་གྱིས་མི་ཆོག་པར། རྩ་བའི་ཐིག་རིས་ལ་བསླབ་སྦྱོང་ཤིན་ཏུ་དམ་པར་ཡོད་པའི་ཐོག་ཡིག་གཟུགས་ཀྱི་མཛེས་ཆ་ལ་མྱོང་རོལ་དང་བློ་སྦྱོང་བྱས་པ་ལས་མཐར་ཡི་གེ་ལ་རང་དབང་དང་ལྡན་པར་གྱུར་ན། དེའི་ཐོག་ནས་མི་ཚེ་ཧྲིལ་བོའི་རིག་གནས་རིན་ཐང་བསྐྲུན་ཐུབ་ལ། དེ་ལས་ཕུགས་སུ་བོད་ཀྱི་རིག་གནས་སྤྱིའི་ཞབས་འདེགས་དང་གནས་སྐབས་ཡིག་གཟུགས་རིག་གནས་ལའང་ཞབས་འདེགས་གཞན་དང་མི་འདྲ་བ་བྱེད་ཐུབ་པ་ཡིན།

        བཞི་བ། ཁྱུང་བྲིས་ཀྱི་རྩ་བའི་ཁྱད་ཆོས་འགའ་གླེང་བ།

ཤེས་བྱ་ཀུན་ཁྱབ་ཏུ། གཟབ་ལ་སྣ་མ་གསར་ལེབ་རིམ་པར་དགུ།།གཡུ་ཁྲིའི་རྗེས་འབྲང་སྦལ་ལུགས་མང་ལུགས་གཉིས།།ཞེས་སྔ་དར་སྐབས་ཀྱི་ཡིག་སྣ་བརྒྱད་དང་ཕྱི་དར་གྱི་ཐོག་མར་ཡིག་མཁན་སྒྲོ་ཉ་ཤ་རི་དང་མཐོང་བཐོན་པརྡོ་རྗེ་སློབ་དཔོན་གྱི་གསར་ལེབ་ཅེས་པའི་ཡིག་སྣ་དགུ་ལ་སྣ་མ་ཞེས་བྱ་བར་བཻ་སེར་ལས་གསུངས་ཤིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་དཀར་གཡའ་སེལ་སྨད་ཆའི་ལེ་ཚན་ཉིས་བརྒྱ་དང་གཉིས་པར།

ཁྱུང་བྲིས་ལ་སྔ་དར་དང་ཕྱི་དར།རྡོ་དུས་ཞེས་དུས་རབས་གསུམ་གྱི་ཡིག་གཟུགས་འགྱུར་ཁྱད་མི་འདྲ་བ་ཡོད་པར་གསུངས་ཡོད་ཅིང་། དེ་དག་སོ་སོའི་ཡི་གེའི་ཁྱད་ཆོས་ནི།དེ་ཉིད་ལས།ཁྱུང་བོ་སྔ་ཕྱི་རྡོ་དུས་གསུམ་གྱི་བཞེད་པ་ཅུང་ཟད་མི་འདྲ་བར་ཡོད་པ།ཟླུམ་འཇམ་འགྲིལ་ལ་མ་འཇུར་ཟ་ཟི་མེད་པ་སྔ་རབས་དང་།སྲབ་འཇམ་ཟླུམ་ལ་སྒྲོས་ཆགས་པ་སྣག་ལམ་དག་པ་རྒྱུ་བཞི་ཚང་བ་རྡོ་དུས།སྣག་ལམ་ཟླུམ་གཙང་རྩེ་བཅད་འཕྲོ་མི་བཞག་བྱི་གཞུག་དྲིལ་བ་འདྲ་བ་ཕྱི་དར་གྱི་བཞེད་པར་སྣང་ངོ་། ། ཞེས་སྔ་དར་ལ་ཡི་གེ་འཇམ་ཟླུམ་འགྲིལ་བ་གཙོ་བོར་བྱས་པས་ཡི་གེ་སྙོམས་པའི་ཁྱད་ཆོས་གཙོ་བོར་བཟུང་ལ། རྡོ་དུས་ལ་སྲབ་འཇམ་ཟླུམ་ལ་སྒྲོས་ཆགས་པ་སྣག་ལམ་དག་པས་ཡི་གེའི་མཛེས་ཆ་གཙོ་བོར་བཟུང་། ཕྱི་དར་སྐབས་སྣག་ལམ་ཟླུམ་པ་གཞིར་བྱས་ཀྱིས་གཙང་ཞིང་འདལ་འདྲེས་མེད་པ། རྩེ་མོ་བཅད་པའི་འཕྲོ་མི་འཇོག་པ་ཙི་གུའི་མཇུག་མ་དྲིལ་བ་འདྲ་བའི་འབྲི་རྒྱུན་འདིས་ཡི་གེ་སྙོམས་པ་མཛེས་པ་གཙང་བ་གསུམ་ག་གཙོ་བོར་བཟུང་འདུག་ཅིང་། དེ་དག་སྔ་མ་ལས་ཕྱི་མ་ཞིབ་ཕྲའི་འཕེལ་རྒྱས་སུ་སོང་བས་ཁྱུང་བྲིས་ལ་ལག་ལེན་ཐོག་ཇེ་ཞིབ་ཏུ་སོང་བའི་བཟོ་ལྟ་མངོན་ཡོད།དེར་མ་ཟད་ཁྱུང་བྲིས་སྤྱི་ནི་ཆ་ཚད་ཀྱི་དབང་གིས་ཡི་གེ་སྤྱི་གྲུ་བཞི་ཟུར་དོད་དང་། ཁོང་འཛུམ་ཆེ་བ། སྙོམས་པ། གཟུགས་དཀྱུས་ཤན་ཕྱེད་པ། མིག་འགྲིལ་ཟླུམ་ལ་གསལ་ཆེ་བ། མགོ་རྐང་ཡར་འཕུལ་བཅས་དྲང་ཞིང་ཚུགས་བརྟན་པ། བར་གྱི་དཔུང་བ་ཟགས་མཆུ་ལེ་གུ་རྣམས་མཁྲང་ཞིང་མཉེན་ལྕུག་ཆེ་བས་ཡིད་དབང་འཕྲོག་པ། ཁོག་པ་ཡངས་ཤིང་ཡན་ལག་འཁྱུག་པས་ཡི་གེ་སོར་འབབ་ཆེ་བ་སོགས་ནི་ཁྱུང་བྲིས་ཀྱི་རྩ་བའི་ཁྱད་ཆོས་ཡིན། དེང་སང་ཞིབ་འཇུག་པ་ལ་ལས་དབུ་ཅན་ཡིག་གཟུགས་དེ་དབུ་མེད་ཡིག་གཟུགས་ལྟ་བུའི་གཟུགས་འགྱུར་ཆེ་བ་མ་བྱུང་བར་འདོད་མོད། སྔ་དར་སྐབས་རྡོ་རིང་སོ་སོ་དང་། དྲིལ་བུའི་ཁ་བྱང་། ཁྲམ་བྱང་ཁག་དང་ཏུན་ཧོང་གི་བྲིས་གཟུགས་སྣ་ཚོགས་ལ་ཉམས་ཆེ་བ། ཕྱི་དར་སྐབས་ཡུལ་གྲུ་སོ་སོའི་ལག་ལེན་ཕྲན་བུ་མི་འདྲ་བ་ནས་དབུ་ཅན་ཡིག་གཟུགས་ཀྱང་དབུ་མེད་ལྟར་གྲངས་མང་ཞིང་སྤུས་ལེགས་པ།ཉམས་ཆེ་བའི་ཡིག་གཟུགས་སུ་འགྱུར་བ་མང་བོ་བྱུང་ཡོད།

    མཇུག་མཐར་ཁྱེད་འདིར་ཕེབས་རྣམས་ཀྱི་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།


གསལ་བཤད།

རྩོམ་ཐུང་འདི་ནི་སྤྱི་ལོ་༢༠༡༤--༣༠ཉིནགྲོང་ཁྱེར་ཁྲུན་ཏུའུ་རུ་འཚོགས་པའི་རྒྱལ་ཡོངས་སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་ཡིག་གཟུགས་འགྲན་སྡུར་གཟེངས་རྟགས་འབུལ་བའི་མཛད་སྒོའི་བགྲོ་གླེང་ཚོགས་འདུའི་སྟེང་སྒྲོག་སྦྱོང་གཏམ་བཤད་དུ་བྲིས་པ་ཡིན      ཉིན་ཁྲུན་ཏུའུ་རུ།



阅读596
分享
写下您的评论吧