སྤྱིར་གཙང་བྲིས་དང་བྱེ་བྲག་བླ་ཡིག་སྐོར་ལ་མདོ་ཙམ་གླེང་བ།

ཁལ་ཁ་བློ་བཟང་རྒྱལ་མཚན།
2024-05-03

སྤྱིར་གཙང་བྲིས་དང་བྱེ་བྲག་བླ་ཡིག་སྐོར་ལ་མདོ་ཙམ་གླེང་བ།

ཁལ་ཁ་བློ་བཟང་རྒྱལ་མཚན།


     ༈ བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།།   མཚུངས་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།།སཱ་ལའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།།སློབ་དཔོན་ཐོན་མི་མཆོག་ལ་གུས་པས་འདུད།། ཅེས་མཆོད་པར་བརྗོད་པ་འདི་ཙམ་ཞིག་སྔོན་དུ་བཏང་སྟེ་འདིར་ཕེབས་ཀྱི་མཁས་དབང་དགེ་རྒན་རྣམ་པ་དང་།   སྨྱུག་ཐོག་ཡིག་མཁན་རྣམ་པ།   ལྷན་རྒྱས་ཕྱི་དྲོ་བདེ་ལེགས།

    ད་རེས་པདྨ་གསེར་བྲིས་གླིང་དང་ཁམས་པ་བརྙན་འཕྲིན་ལས་ཁུངས། སི་ཁྲོན་ཞིང་ཆེན་ཐང་ཀ་དང་ཡིག་གཟུགས་སྒྱུ་རྩལ་ལྷན་ཚོགས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བ་བཅས་ཀྱིས་གཙོ་སྒྲུབ་གནང་བའི་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཁྲོད་གཙོ་སྒྲུབ་པས་བོང་བ་གསེར་གཟིགས་ཚུལ་དུ་གཏམ་བཤད་ཀྱི་བཀོད་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   དེས་ན་རང་ཉིད་ནས་སྤྱིར་གཙང་བྲིས་དང་བྱེ་བྲག་བླ་ཡིག་སྐོར་ལ་ཅུང་ཟད་ཅིག་ཞུ་རྒྱུ་ཡིན།

    དེ་ཡང་གཙང་བྲིས་ནི། བོད་བཙན་པོའི་སྐུ་དུས་སུ་བྱུང་བའི་འབྲི་གཟུགས་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་ལ།   གླེང་བཞིའི་ལོ་རྒྱུས་ལས་སྤྱི་ལོའི་དུས་རབས་བདུན་པའི་དུས་མཇུག་བཙན་པོ་གུང་སྲོང་གུང་བཙན་གྱི་སྲས་འདུས་སྲོང་མང་པོའི་སྐུ་རིང་ལ་ཡིག་མཁན་ཆབ་དཀར་བེའུ་ཚེས་རྗེ་ལ་ཡི་གེའི་སྟངས་ཕུལ་བ་ནི། བྱ་ཕོ་འབྱོལ་པ་འདྲ་བ་ཅིག་བྱུང་། རྗེའི་ཐུགས་དམ་དང་འབངས་ཀྱི་གཡར་དམ་ཡང་གོ་མ་ཁུངས་པས། གཙང་སྟོད་སྤོང་ཞོའི་ཡུལ་དུ་བཤུགས། བྲག་མེ་རིས་ཀྱི་རྩར་སྦས་ཟངས་བུམ་བྱ་མ་སྦྲུམ་མ་གཉིས། སྨྱུ་གུ་བཅད་ཁམ་ཅན། ཡི་གེ་བྱ་ཕོ་འབྱོལ་བ་འདྲ་བ་དེ་རྣམས་བསྣུབས་པ་ལགས་ཏེ། ཅེས་དང་།   སྤོང་ཞོ་སྐོར་པའི་ལུག་རྫིས་རྙེད་དེ། ད་ལྟར་གཙང་ཡིག་བྱ་ཕོ་འབྱོལ་བ་འདྲ་བ་ལགས་སོ་ཅེས་གསུངས་པས་གཙང་བྲིས་ཀྱི་འབྱུང་ཁུངས་དང་དར་ཡུལ་སོགས་བསྟན་ཡོད། སྤྱི་ལོའི་དུས་རབས་དགུ་པ་ནས་བཟུང་གཙང་གི་ཡིག་མཁན་བྱ་ཚ་འོད་པོ་དང་ཡིག་མཁན་སྤོང་ཞོ་ཕྱར་མ།   ཚ་སྨྱོན་འགྲོ་ལེ། འཁུན་སྨྱོན་གྲུབ་ཙེ། འཇད། མེས་པོ་ཆོས་རགས་དང་མེས་པོ་ཆུ་ག་གེ   གུར་ཙ་དོན་གྲུབ་ལ་སོགས་པ་དུས་རབས་མི་འདྲ་བར་ཡིག་མཁན་མི་འདྲ་བ་མང་དུ་བྱོན་ནས་ཡིག་མཁན་སོ་སོའི་བྲིས་གཟུགས་ཀྱི་ཁྱད་ཆོས་ལའང་འདི་ལྟར་གསུངས་ཏེ། འཛོམ་ཆུང་གྲུ་བཞིའ། སྤོང་ཞོ་ཕྱར་མའི་ལུགས། འཇམ་ས་སྒྲོས་པ། ཚ་སྨྱོན་འགྲོ་ལེའི་ལུགས། ཆུང་ལ་དོད་པ། འཁུན་སྨྱོན་གྲུབ་ཙེའི་ལུགས། ཅི་བྱས་ལྷུན་གྲུབ། རྤོན་ཆེན་ཤུད་ཀེའི་ལུགས། ཉེས་པའི་སྐྱོན་དང་བྲལ་བ། ཁོ་བོ་འཇད་གི་ལུགས། ཅེས་དང་།   ཆུང་ལ་དོད་པ། མེས་པོ་ཆོས་རགས་ལུགས། ཆེ་ལ་རྒྱོངས་པ། མེས་པོ་ཆུ་ག་གེའི་ལུགས། རས་མྱེད་རྒྱུས་ལ་མཁས་པ། ནུབ་རིས་མཁས་བཏུས་ལུགས། ཀུན་གྱི་སྤྱན་ལ་མཛེས་པ། གུར་ཙ་དོན་གྲུབ་ལགས། འདི་ལ་སྨོད་ན་ཕྲག་དོག་ཡིན།   ཅེས་གསུངས་པ་ལྟར་ཡིག་མཁན་དེ་དག་གིས་བྱ་ཕོ་འབྱོལ་འདྲའི་ཞན་ཆ་ཀུན་དོར་ནས། གྲ་ཤོད་དང་ཀ་ཁྱུང་ལ་སོགས་པའི་ལེགས་ཆ་བླངས་ནས་བྲིས་པས་གཙང་བྲིས་ལ་ཀུན་གྱིས་འཕྲུལ་ཡིག་ཅེས་ཆེ་བསྟོད་མཛད་པ་ཞིག་བྱུང་།   ཡིག་རིགས་དེ་དག་ཀྱང་རིམ་བཞིན་གཉའ་ནང་དང་ལ་སྟོད།   དིང་རི། མང་ཡུལ་སོགས་སུ་དར་རྒྱས་བྱུང་ནས་ཡོངས་གྲགས་ལ་གཙང་བྲིས་སུ་གྲགས་པ་དེ་ཡིན།

     བྱེ་བྲག་བླ་ཡིག་ནི་ཕྱག་ན་པད་དཀར་འཆང་བ་ཐམས་ཅད་མཁྱེན་པ་༧པཎ་ཆེན་དགེ་འདུན་གྲུབ་པ་དཔལ་བཟང་པོ་སྐུ་ན་གཞོན་དུས་སྣར་ཐང་གི་བརྒྱ་སྟོན་ཡིག་མཁན་དབུ་ཆེན་དར་མ་ཙནྡྲ་དང་ལྷག་པར་ཁོང་གི་བུ་སློབ་ཡིག་དཔོན་ཤཱཀྱ་འབུམ་ལས་ལཉྫ་ཝརྟུ། ཧོར་ཡིག བོད་ཡིག་ལའང་ཆེ་ཡིག ཆུང་ཡིག འབྲུ་མ། ཚག་བྲིས། ཟླུམ་བྲིས་སོགས་གསན་སྦྱོང་མཛད་པས་ཐོགས་མེད་དུ་མཁྱེན། ད་དུང་སྣར་ཐང་ལོ་ཙཱ་བ་སངྒྷ་ཤྲཱིའི་དྲུང་ནས་སླར་ཡང་ལན་ལྦར་སོགས་ཞིབ་ཏུ་སྦྱང་། རྗེས་སུ་སྣར་ཐང་དུ་ཀློག་ཡིག་གིས་བུ་སློབ་མང་པོ་བསྐྱངས་པས་མི་རྣམས་ཀྱིས་དཔོན་ཡིག་དགེ་འདུན་གྲུབ་ཅེས་འབོད་པའང་བྱུང་། ཕྱིས་སུ་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་དགོན་དེ་གའི་བུ་སློབ་རྣམ་ལ་ཕྱག་རྒྱུན་དེ་དག་ལེགས་པར་སྤེལ། ཁོང་གིས་བཀྲ་ཤིས་ལྷུན་པོའི་ཚོགས་ཆེན་འདུ་ཁང་གི་གྱང་ལྡེབ་དང་གཞུ་གདུང་སོགས་ཀྱི་ཐོག་ཏུ་ལཉྫ་དང་རྒྱ་ཡིག སོག་ཡིག་ལ་སོགས་པའི་མཐོང་བ་ཡིད་འཕྲོག་གི་ཕྱག་བྲིས་གནང་ཡོད་པ་ད་ལྟའང་མིག་ལྡན་ཀུན་གྱིས་ལོངས་སུ་སྤྱོད་བཞིན་མཆིས། རིམ་བཞིན་༧པཎ་ཆེན་སྐུ་ཕྲེང་བཞི་པ་རྗེ་བཙུན་བློ་བཟང་ཆོས་རྒྱན་ཀྱིས་གསེར་ཆོས་བཀའ་བསྟན་གང་མང་གསར་བཞེངས་ཀྱི་དབུ་ཚུགས་པ་དང་སྦྲགས་འབྲི་གཟུགས་ཚད་ལྡན་གྱི་ཡིག་རྒྱུགས་བཞེས། ཡི་གེའི་འབྲི་གཟུགས་ཚད་ལྡན་དེ་ཡང་དུས་རབས་བཅུ་བཞིའི་སྐབས་སུ་བྱོན་པའི་ཡིག་མཁན་དར་མ་བཀྲ་ཤིས་ཀྱིས་མཛད་བྱང་ལས། ཀྱེ་ཤེས་བྱའི་རྣམ་དག་ཚད་དང་ལྡན་པ་འདི།།སྤྱི་བཤོམས་བཀོད་ལེགས་སངས་རྒྱས་ཞིང་དང་མཚུངས།།ནང་བཤོམས་བཀོད་ལེགས་རྒྱལ་པོའི་ཕོ་བྲང་འདྲ།།རྒྱ་སྐད་ཁ་ལ་ཉི་ཤར་དང་།།བར་གྱི་ཁ་གང་ཆིག་ཆོད་དང་།།སྨད་ཀྱི་ལི་འབོལ་དཀྱུས་ལས་སོཌ།།ཤེས་བྱ་རྣམ་དག་དྲི་མེད་འདི།།ཆོས་རྒྱལ་ཆེན་པོས་ཐོགས་དྲངས་ནས།།ཆེན་པོ་ཡོངས་ཀྱི་བླ་མཆོད་བགྱིས།། ཅེས་གསུངས་པ་ལྟར་ཕྱིའི་བཀོད་པ་ལེགས་པ་དང་། ནང་གི་ཁ་མིག་གསལ་བ། ཚེག་དང་ཤད་སོགས་མ་འཛོལ་བ་པོ་ཏི་ལ་དགོས་པའི་ཁྱད་ཆོས་དང་། ཇུས་དང་ལིང་། དིང་ཕོན་དང་ཁ་ཐི། ནམ་མཁའ་མཛོད་དང་ས་གཞི་མཛོད་ལ་སོགས་པ་ཞལ་ཁེབས་ལ་དགོས་པའི་ཁྱད་ཆོས་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། དགེ་བ་ལ་དཀར་ཞིང་སྡིག་པ་ལ་འཛེམས་པ། སྣོད་དང་ལྡན་ཞིང་སྤང་བླངས་འཇུག་ལྡོག་ཤེས་པ། སྐྱེ་བ་སྔ་མ་ཇོ་བོ་ཨ་མོ་གྷའི་སྨོན་ལམ་ཐེབས་པ་བཅས་ཡིག་མཁན་ལ་དགོས་པའི་ཁྱད་ཆོས་དང་། ལེགས་མགྱོགས་དག་གསུམ། གཙང་སྙོམས་འགྲིག་གསུམ་བཅས་པ་ཡི་གེ་ལ་དགོས་པའི་ཁྱད་ཆོས་དང་ད་དུང་དད་པ་སྐྱོ་ངས་མེད་པའི་སྦྱིན་བདག་དང་། རྐང་ཁྱོར་གཞུང་སྲོང་གི་ཞུ་དག་མཁན། བི་ཤྭ་ཀརྨ་ལྟ་བུའི་ལྷེ་ལྷའི་རི་མོ་བ། འབྲི་རྫས་བཏུལ་སྦྱངས་མཁས་པའི་སྣག་ཤོག་མཁས་པ། དྲས་དང་བཙེམ་གྱི་སྣ་ཚོགས་བཟོ་པའི་ཚོགས་བཅས་ལ་བརྟེན་དགོས་པ་ལྟར་རྗེ་ཉིད་ནས་གདན་སའི་དབུ་ཅན་ཚོགས་ཆུང་དང་། དཔར་བརྐོ་ཚོགས་ཆུང་། ལྷ་བྲིས་ཚོགས་ཆུང་། ཚེམ་བཟོ་པ་སོགས་གསར་བཙུགས་གནང་ནས་གསུང་རབ་སྣ་ཚོགས་བཤུ་འབྲི་དང་དཔར་ཤིང་བརྐོ་བ། འཇིམ་དང་གསེར་ཟངས་ལས་གྲུབ་པའི་སྣང་བརྙན་གསར་བཞེངས་མཛད་པ་སོགས་ཡུལ་དུས་རང་བཞིན་གྱི་དམིགས་གསལ་ཁྱད་ཆོས་ལྡན་པའི་ལག་རྩལ་མི་སྣ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ཤིང་མི་རབས་དང་དུས་རབས་རིམ་པར་བརྒྱུད་ནས་ད་སྐབས་གཙང་ཁུལ་གྱི་ལག་ཤེས་སོ་སོའི་དངོས་མིན་རིག་གནས་ཤུལ་བཞག་གི་ཁུངས་གཏུགས་ས་ཉག་གཅིག་ཏུ་གྱུར་ཡོད། དེ་ཡང་༧པཎ་ཆེན་སྐུ་ཕྲེང་བཞི་པའི་སྐུ་དུས་སུ་གསེར་ཆོས་ཀྱི་བཀའ་འགྱུར་ཆ་ཚང་ལྔ་དང་། ༧སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་གསེར་བྲིས་དབུ་ཆེ་དྲུང་རམས་པ་བློ་བཟང་དཔལ་འབྱོར་ལགས་ཀྱིས་གཙོ་མཛད་ནས་གསེར་ཆོས་བཀའ་འགྱུར་ཆ་ཚང་གཅིག་དང་༧སྐུ་ཕྲེང་དྲུག་པའི་སྐུ་དུས་སུ་དབུ་ཆེ་དྲུང་རམས་པ་གྲང་ཆེ་རྟ་མགྲིན་ལགས་ཀྱིས་གཙོ་མཛད་ནས་བཀའ་འགྱུར་ཆ་ཚང་དང་བསྟན་བཅོས་བོད་བསྒྱུར་རོ་ཅོག་དང་། རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་གསུང་འབུམ། ༧པཎ་ཆེན་སྐུ་ཕྲེང་བཞི་པ། ལྔ་པ།   དྲུག་པ། ༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་བཅས་ཁྱོན་གསེར་བྲིས་པོད་སུམ་བརྒྱ་དགུ་བཅུ་གོ་གཉིས་ཙམ་དང་ཚལ་དང་སྣག་ཚ་སོགས་ལས་གྲུབ་པའི་གསུང་འབུམ་པོད་བརྒྱ་ཕྲག་མང་པོ་གསར་བཞེངས་གནང་། དེ་ལ་སོགས་པ་༧པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རིང་སྒོ་གསུམ་ཐང་ཆད་མེད་པའི་ཡིག་མཁན་དང་། དབུ་ཆེན་པ་ལ་སོགས་པ་རྣམ་ཀྱིས་རྒྱུ་སྤུས་གཙང་བའི་གསེར་ཆོས་ཀྱིས་གཙོས་པའི་གསུང་རབ་རི་བོའི་གཏོས་དང་མཉམ་པ་ཞིག་བསྐྲུན་ཞིང་ད་ལྟའི་ཆར་ཡང་གསེར་བྲིས་དབུ་ཆེ་ལེགས་གླིང་བློ་བཟང་སྦྱིན་པ་ལགས་ཀྱིས་གཙོ་མཛད་པའི་གསེར་བྲིས་པ་ཉི་ཤུ་ཡས་མས་ཤིག་ནས་བླ་ཡིག་ཡིག་རྒྱུན་གྱི་གསེར་ཆོས་བཀའ་འགྱུར་དང་ཡབ་སྲས་གསུམ་གྱི་གསུང་འབུམ་ལ་སོགས་པ་འབྲི་བཞེངས་མཛད་ཀྱིན་ཡོད།   

    བླ་བྲིས་ཚུགས་མའི་རིགས་ལ་ཆ་བཞག་ན་ཡང་༧པཎ་ཆེན་སྐུ་ཕྲེང་དགུ་པ་ཆེན་པོས་བྲིས་རྒྱུན་འདི་ཉིད་མ་ཉམས་དར་སྤེལ་ཡོང་ཕྱིར་དང་ཕྱོགས་ཁག་གི་དད་ལྡན་སེར་སྐྱ་རྣམ་ཡིག་རྨོངས་སེལ་ནས་རང་བརྩོན་རང་སྟོབས་ཀྱིས་དམ་པའི་གསུང་རབ་ལ་ཉམས་བཞེས་དང་རང་རང་གི་རིག་གནས་དང་བསམ་བློའི་ཆུ་ཚད་མཐོར་འདེགས་ཡོང་ཕྱིར་བཀྲ་ཤིས་ལྷུན་པོའི་ཀུན་གཟིགས་ཕོ་བྲང་དུ་བླ་བྲིས་ཡིག་རྒྱུན་གྱི་མ་མ་ཀུན་གཟིགས་སློབ་གྲྭ་ཅེས་གསར་བཙུགས་གནང་། དེ་ཡང་ཐོག་མར་སྦྱང་ཤིང་ཐོག་ཚུགས་རིང་ནས་མགོ་བརྩམས་ཏེ་སྦྱང་དགོས་པ་དང་བྲིས་ཀྱི་ཚད་ལོངས་མི་ལོངས་ལ་ནན་ཏན་ཞིབ་མོ་གནང་ཤིང་། བྲིས་ཚད་ཚད་དང་ལྡན་རྗེས་ཡང་ཡང་སྦྱང་ནས་བྱང་ཆ་ལྡན་ན་གཞི་ནས་ཚུགས་མ་ཐིག་གཉིས་དང་དེ་ནས་ཚུགས་མ་ཐིག་གཅིག འཁྱུག་བཅས་རིམ་བཞིན་སྦྱང་དགོས། དེ་ཡང་ཡི་གེ་ཆེ་བ་ནས་ཆུང་བ་དང་། འབྲི་རྫས་མཁྲེགས་པ་ནས་སྙི་བ། ལག་པ་ལྕི་བ་ནས་ཡང་བ། སོར་རྩེ་དལ་བ་ནས་མགྱོགས་པ་བཅས་གོ་རིམ་བཞིན་སྦྱོང་དགོས་པ་དང་། བྲིས་རྒྱུན་གང་ནས་ཆད་པ་དང་། ཐིག་ཚད་ངོས་འཛིན་ཚུལ་དང་། སྨྱུག་ཁ་བསྐོར་ཚུལ་སོགས་ལ་གཟབ་ནན་ཆེས་ཆེར་གནང་།   དེ་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་1956ལོར་ཀུན་གཟིགས་རྩེ་སློབ་གྲྭ་སླར་གསོ་གནང་། སློབ་མ་ཡང་སྐྱ་སེར་རིས་མེད་པ་བརྒྱ་ཕྲག་གཉིས་ལྷག་བསྡུས་ནས་གཙོ་བོ་བླ་ཡིག་གི་བྲིས་རྒྱུན། ཚུགས་ཆེན། ཚུགས་ཆུང་། འཁྱུག་ཡིག དབུ་ཅན། ལན་ལྦར། ཧོར་ཡིག སུམ་རྟགས་དག་གསུམ་ལ་སོགས་པའི་ཆེད་སྦྱོངས་སློབ་གྲྭ་བཙུགས་ནས་གོང་ཞུས་ཀྱི་ཚད་རིམ་བཞིན་ཟླ་རེར་ཟླ་རྒྱུགས་གཉིས་དང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་བཅས་གཏན་འབེབ་གནང་། ལོ་རྒྱུགས་དེ་ཡང་༧པཎ་ཆེན་རིན་པོ་ཆེ་ཁོང་ཉིད་ཀྱི་བཞེས་ནས་ཡིག་གཟུགས་ལེགས་གྲས་རྣམ་ལ་བྱ་དགའ་གནང་བ་སོགས་གཟིགས་བཟོས་དཔེ་མི་སྲིད་པ་མཛད་སྲོལ་ཡོད་ལ་ད་ལྟ་ཡང་ཕྱག་ལེན་དེ་རྣམ་མ་ཉམས་པར་ཡོད། ༧རིན་པོ་ཆེ་ཁོང་གིས་ཡིག་གཟུགས་འབྲི་རྩལ་ཚུད་པའི་རིག་གནས་ཀུན་ལ་ནང་བྱན་ཆུད་པའི་མི་སྣ་མང་པོ་གསོ་སྐྱོང་གནང་ནས་དེ་དག་གིས་ཀྱང་སྤྱིར་ན་རིན་པོ་ཆེ་མཆོག་གི་ཐུགས་དགོངས་རྫོགས་ཕྱིར་དང་ཡང་སྒོས་སུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་ཡོང་ཕྱིར་ས་གནས་སོ་སོར་རང་རང་གིས་ནུས་ཤུགས་གང་ཡོད་ཀྱི་མི་རིགས་ལ་ཞབས་འདེགས་ཞུ་དང་ཞུ་བཞིན་ཡོད་པ་དེ་ཡང་བླ་ཡིག་གིས་བོད་ཀྱི་སྤྱི་ཚོགས་དང་བོད་མི་རིགས་ལ་སྨན་པའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་འོད་སྟོང་འཕྲོ་བའི་ལམ་བུ་དེ་ཡིན།     

   མཇུག་ཏུ་པདྨ་གསེར་བྲིས་གླིང་གིས་ལོ་ངོ་མང་པོའི་རིང་ལ་ཕྱོགས་ཁག་ནས་དགེ་རྒན་གདན་ཞུས་དང་ཟབ་སྦྱོང་ཁག་མང་པོ་ཞིག་འཚོགས་ནས་སློབ་མ་བརྒྱ་ཕྲག་མང་པོར་ཕ་སྐད་མ་ཡིག་གི་གཞི་རྩ་རྩལ་དུ་སྟོན་ནས་ཡིག་རྨོངས་སེལ་བ་ནས་འགོ་བཙུགས་ཏེ་རང་རང་གི་རྣམ་དཔྱོད་ཀྱི་ཆུ་ཚད་ལ་གཞིགས་ནས་འཚེམ་བཟོ་དང་ ཐང་ཀ འཇིམ་བཟོ། ཤིང་བཟོ་དེ་མིན་ལག་ཤེས་མང་པོ་ཞིག་གི་གོ་སྐབས་དང་མཐུན་རྐྱེན་སྦྱར་བ་དེར་མེས་པོ་དྲིན་ཆེན་ཚོས་ནམ་མཁའི་དབྱིངས་ནས་བསྟོད་པའི་མཐེ་བོང་ཀེར་ལ་གཟུར་གནས་བློ་ལྡན་དག་གིས་དཔྱད་ན་ཡང་མི་རིགས་ལ་འདི་ལས་སྨན་པའི་རླབས་ཆེ་བའི་བྱ་བཞག་ཅིག་དང་བཀའ་དྲིན་ཞིག་གང་ན་མཆིས།   ལྷག་པར་ཐེངས་འདིར་ཡང་གཞི་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་འདི་ལྟ་བུ་ཞིག་གཉེར་བར་ས་ཕྱོགས་གང་སར་བཞུགས་པའི་སྨྱུག་འཛིན་པ་རྣམས་ཀྱི་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་གནང་བ་དེའང་ཁོང་གི་མཛད་རྗེས་ལ་རྒྱབ་བསྐྱོར་དང་ཡིད་ཆེས་ཞིག་ལགས་ན་རང་ངོས་ནས་ཚང་མར་རྗེས་སུ་ཡི་རང་དང་བཀའ་དྲིན་ཆེ་ཞུ་བ་ཡིན། ད་དུང་ཡང་མུ་འཐུད་ནས་རང་གི་རིགས་ལ་ཞེན་པ་རབ་ཏུ་དཀར་བའི་ཀུན་སློང་གིས་མི་རིགས་ཀྱི་བྱ་བཞག་ཅི་རིགས་ལ་སྐུ་ངལ་གནང་མཁན་གྱི་མི་བུ་དེ་དག་ལ་ཕྲག་དོག་དང་ཟུར་ཟའི་སྨྲ་བ་ལར་ནས་མེད་པར་རླབས་ཆེན་གྱི་མི་བུ་དེ་དག་གི་རླབས་ཆེན་གྱི་བྱ་བཞག་གང་ཅིར་ཐུགས་འཁུར་དང་རྒྱབ་སྐྱོར་གང་མང་གནང་རྒྱུའི་རེ་བ་དང་སྐུལ་དེད་ཞུ་རྒྱུ་ཡིན།    དེ་ཡང་ཇི་སྐད་དུ་ཡང་༧སྐྱབས་མགོན་བཅུ་པ་ཆེན་པོའི་ཞལ་གྱི་བུམ་བཟང་ལས།   འགྲོ་སྤྱིར་སྨན་པའི་དགེ་མཚན་ཡོད་ན་ནི།།དགའ་སྤྲོས་ཞུགས་ཏེ་ལས་དོན་རླབས་ཆེན་དེའི།།གྲུབ་འབྲས་ནམ་ཐོབ་བར་ལ་དཀའ་ངལ་སོགས།།རྐྱེན་ངན་གང་བྱུང་ཕྱི་བཤོལ་མ་བྱེད་པར།།འབད་བརྩོན་དྲག་པོས་དཀའ་ཐུབ་དང་ལེན་གྱིས།།སྐལ་བཟང་གཟི་ལྡན་བྱ་བ་དེ་ལ་འཇུག །   ཅེས་པ་ལ་སོགས་པའི་དུས་ངན་རླུང་འཚུབ་ཀྱིས་ནམ་ཡང་གཟིམས་དུ་མེད་ཅིང་ལུགས་གཉིས་བླང་དོར་གྱི་ཕན་བདེའི་སྨན་མཆོག   གདམས་ངག་གསེར་གྱི་སྒྲོན་མེ་དེ་དག   མུན་པ་སངས་པའི་ཁོང་གི་ལམ་སྟོན་དེ་དག   འགྲོ་བ་སྨིན་པའི་ཁོང་གི་ཚངས་དབྱངས་དེ་དག སྙིང་སྟོབས་འབྱིན་པའི་ཁོང་གི་གསུང་ངག་དེ་དག   ང་ཚོ་བོད་ལྭ་གྱོན་ཞིང་བོད་སྐད་བཤོད་པའི་གངས་ཕྲུག་རྣལ་མ་རེ་རེའི་ཤ་གསེང་རུས་གསེང་དུ་སྟིམས་འོས་ལ་ངེས་པར་བསྟིམ་དགོས་པ་ཞིག་ཀྱང་ཡིན།   མཐོ་སྒང་གི་ཕ་སྐད་མ་ཡིག་ལ་སླར་ཡང་གསོན་ལམ་ཞིག་རྙེད་ཡོད་པ་ནི་ཁོང་དང་ཁོང་ལྟ་བུའི་མི་བུ་ལྷག་བསམ་ཅན་དེ་དག་གི་སྐུ་དྲིན་ཡིན་པས་ང་ཚོས་དུས་རྟག་ཏུ་ཁོང་རྣམ་པའི་སྐུ་དྲིན་དྲན་ཞིང་ཕུལ་བྱུང་གི་རིག་གཞུང་དེ་དག་ཕྱི་རབས་ཚོའི་ལུས་ཕུངས་ན་རྒྱུ་བའི་ཟུངས་ཁྲག་ཏུ་ཅི་ནུས་ཀྱིས་འདྲེས་པར་བྱས་ནས་སྔ་རབས་ལ་ངོ་མི་གནོང་པ་དང་རྗེས་རབས་ལ་གདོང་བསྟན་ནུས་པ་བྱ་རྒྱུ་དེ་ང་ཚོ་ཚང་མའི་ཕྲག་ཐོག་ཏུ་འབབ་པའི་འོས་འགན་ཉག་གཅིག་དེ་ཡིན།

    ཆེད་དུ་ཞུ་རྒྱུར་ད་རེས་འགྲན་བསྡུར་གྱི་གཙོ་བསྒྲུབ་ཚན་པ་པདྨ་གསེར་བྲིས་གླིང་དང་ཁམས་པ་བརྙན་འཕྲིན་ལས་ཁུངས། སི་ཁྲོན་ཞིང་ཆེན་ཐང་ཀ་དང་ཡིག་གཟུགས་ཡར་སྐུལ་སྒྱུ་རྩལ་ལྷན་ཚོགས། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བ་བཅས་ཀྱི་འགན་འཁུར་རྣམ་པ་དང་དཔྱད་འདེམས་རྒན་ལགས་རྣམ་པ། དེ་བཞིན་དངོས་ཤུགས་རྒྱུད་གསུམ་ནས་ལས་དོན་དེར་ཕྱག་ལས་གནང་མཁན་ཡོངས་ལ་སྙིང་ཁོང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག མུ་འཐུད་གཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པའི་དཔེ་ལྟར་ཡག་ཐོག་ཡར་འཛེག་ཀྱི་སྙིང་སྟོབས་དང་སྤོབས་པ་མ་ཞུམ་པར་ཁྱེད་ཚོའི་རླབས་ཆེན་གྱི་བྱ་བཞག་དེས་མ་འོངས་པའི་བོད་མཐོ་སྒང་འདིའི་སྐད་ཡིག་རིག་གནས་ལ་གསོན་ཤུགས་དང་མཛེས་སྡུག་གི་འོད་སྣང་ཞིག་བསྐྲུན་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད།   བཀའ་དྲིན་ཆེ། །

阅读439
分享
写下您的评论吧