དགའ་བདེ་རྫོང་ནས་ཡིག་གཟུགས་མཐུན་ཚོགས་བཙུགས་པ།
དགའ་བདེ་རྫོང་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་དར་སྤེལ་ཞིབ་འཇུག་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་སྤེལ་བ།
བོད་ཀྱི་ཡིག་གཟུགས་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་སྲོལ་རྒྱུན་གྱི་བཅུད་འདུས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། མི་རིགས་ཀྱི་བློ་གྲོས་དང་མཛེས་དཔྱོད་ལས་བརྙེས་པའི་བརྩམས་ཆོས་ཤིག་ཀྱང་ཡིན། ཡིག་གཟུགས་དེར་རང་མི་རིགས་ཀྱི་རིན་ཐང་ལྟ་བ་དང་རིག་གནས་ཀྱི་ཉིང་བཅུད་འདུས་ཡོད། གཙོ་འཛིན་ཞི་ཅིན་ཕིང་གིས་གསུང་དོན། ཡིག་གཟུགས་ནི་ཀྲུང་ཧྭ་རིག་གནས་ཀྱི་སྲོག་ཤིང་ཡིན་ལ། དེ་ཡི་ནང་ན་གཟི་བརྗིད་དང་རྣམ་དཔྱོད་ཡོད། དེ་ལ་ངེས་པར་དུ་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་སོ། །དེ་བས་བོད་ཀྱི་ཡིག་གཟུགས་ནི་མེས་རྒྱལ་གྱི་རིག་གནས་བང་མཛོད་ལས་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རྩ་ཆེན་ཞིག་ཡིན་ལ། ལྷག་པར་བོད་མི་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
སྤྱི་ལོ་ཉིས་སྟོང་ཉེར་བཞི་ལོའི་སྤྱི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་དགའ་བདེ་རྫོང་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་དར་སྤེལ་ཞིབ་འཇུག་མཐུན་ཚོགས་དངོས་སུ་དབུ་བརྙེས་པའི་མཛད་སྒོ་དགའ་བདེ་རྫོང་རྐང་སྐྱོད་སྲང་ལམ་བོད་ཡིག་ཡིག་གཟུགས་ཞིབ་འཇུག་ཁང་དུ་ཚོགས། ཚོགས་ཐོག་ཏུ་དགའ་བདེ་རྫོང་སྲིད་གཞུང་། དགའ་བདེ་རྫོང་དམངས་ཆེན། སྲིད་གྲོས། དགའ་བདེ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ལས་ཁུངས། རྫོང་དམངས་སྲིད་ཅུས། དེ་མིན་དགའ་བདེ་རྫོང་གི་ལས་ཁུངས་སོ་སོའི་ཡིག་མཁན་དང་། རྫོང་ཁོངས་གཏོགས་ཀྱི་སློབ་གྲྭ་སོ་སོའི་སློབ་གཙོ་སོགས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་གནས་པའི་མི་སྣ་མང་པོ་མཉམ་ཞུགས་གནང་། ཚོགས་འདུའི་གོ་རིམ་དུ་དགའ་བདེ་རྫོང་གི་སྲིད་གྲོས་གཞུང་ལས་ཁུང་གི་ཀྲུང་རིན་དབལ་ཤུལ་སྐུ་གསུམ་ལགས་ཀྱིས་དབུ་འབྱེད་མཛད་སྒོ་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ། མ་ཟད་ངེད་དགའ་བདེ་རྫོང་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་རིང་འཕྲིན་ལས་ལགས་ཀྱིས་ཡིག་གཟུགས་མཐུན་ཚོགས་འདི་ཉིད་འཛུགས་དགོས་པའི་དམིགས་ཡུལ། གོ་རིམ། ཆོག་མཆན་ཐོབ་པའི་བརྒྱུད་རིམ། ཚོགས་པ་འདིའི་མ་འོངས་པའི་བྱ་བའི་འབད་ཕྱོགས་སོགས་ངོ་སྤྲོད་རྒྱས་པར་གནང་། དེ་ནས་དགའ་བདེ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུས་ཀྱི་ཅུས་ཀྲང་བསོད་ནམས་རྡོ་རྗེ་དང་ཚོགས་གཙོ་སྐུ་ཞབས་ཚེ་རིང་འཕྲིན་ལས་ལགས་གཉིས་ཀྱིས་མཉམ་དུ་དབུ་འབྱེད་ཀྱི་དྲ་ཡོལ་ཕྱེས་ཏེ་ཡིག་གཟུགས་མཐུན་ཚོགས་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས།
དེར་བསྟུན་ཆེད་ཕེབས་ཀྱི་ཡིག་མཁན་དང་ལས་ཁུངས་སོ་སོའི་བྲིས་པ་དག་གིས་རང་གི་ཡིག་གཟུགས་ཀྱི་འབྲི་རྩལ་ངོམས་ཤིང་། དེར་ཕེབས་པའི་གཞུང་ཞབས་མི་སྣ་དང་། འགོ་ཁྲིད་སོགས་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་དག་གིས་དགའ་བདེ་རྫོང་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་ཤུལ་བཞག་རིག་གནས་དར་སྤེལ་ཞིབ་འཇུག་མཐུན་ཚོགས་ལ་རྟེན་འབྲེལ་ཞུས་ཤིང་གཟིགས་སྐོར་གནང་། གྲོས་འཆར་བཏོན་ཞིང་གདེངས་འཇོག་མཛད།ད་དུང་མདོ་དབུས་ཁམས་གསུམ་གྱི་གངས་ཅན་བྲིས་ཀྱི་ཁྱུ་མཆོག་མང་བོས་བརྙན་ལམ་བརྒྱུད་དེ་ལེགས་སོའི་གཟེངས་བསྟོད་དང་ཤིས་ཚིག་གནང་། མཐུན་ཚོགས་ཀྱི་ལས་གནས་ཁྱབ་ཁོངས་གཙོ་ཤོས་ནི་དགའ་བདེ་རྫོང་གི་རིག་གནས་འཛུགས་བསྐྲུན་གྱི་བྱ་བ་དང་། ཡིག་གཟུགས་སྐོར་གྱི་རིག་གཞུང་བགྲོ་གླེང་། ཡིག་གཟུགས་འགྲེམས་སྟོན་གྱི་བྱ་འགུལ། ཡིག་གཟུགས་ཟབ་སྦྱོང་བྱེད་པ་བཅས་བརྒྱུད་དེ་ཡིག་གཟུགས་རིག་གནས་ལས་རིགས་སོ་སོར་ཁྱབ་པར་འབད་དེ་རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། དེ་མིན་རིག་དངོས་འཚོལ་བསྡུ། ཡིག་རིས་གསར་བཟོ། རིག་གནས་ཡོ་བྱད། ཡིག་གཟུགས་འགྲེམ་སྤེལ། སྲོལ་རྒྱུན་ཞིབ་འཇུག བརྐོས་རིས་གསར་བཟོ། ཡུལ་སྐོར་ཡོ་བྱད། བོད་ཤོག་བཟོ་བ། སྣག་ཚའི་བཟོ་རྩལ། སྤྲས་སྦྱོར་བཟོ་བ་སོགས་གསར་སྤེལ་གྱི་ལས་སུ་འབད་འཆར་ཡོད།
མཐུན་ཚོགས་ཚུགས་པའི་གོ་རིམ་རགས་ཙམ་ངོ་སྤྲོད་བགྱིས་ན། ཉིས་སྟོང་ཉེར་གསུམ་ལོའི་ལོ་མགོར་དགའ་བདེ་རྫོང་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་རིག་གནས་འཕེལ་རྒྱས་ཞིབ་འཇུག་མཐུན་ཚོགས་གཟུག་པའི་ཐོག་མའི་སྙན་ཞུ་ཕུལ་ཞིང་། དགའ་བདེ་རྫོང་རིག་སློབ་ཡུལ་སྐོར་རྒྱང་སྒྲོག་ཁང་གི་ཏང་ཀྲུའུ་པུའུ་ཡིས་ཚོགས་འདུའི་ཞིབ་འཇུག་བརྒྱུད་དེ་མོས་མཐུན་ཐོབ་ལ། འདི་ནི་མགོ་ལོག་ཁུལ་གྱི་ཆེས་ཐོག་མའི་གོང་རིམ་གྱིས་ཆོག་མཆན་ཐོབ་པའི་ཡིག་གཟུགས་མཐུན་ཚོགས་ཐོག་མ་ཆགས་ཡོད། མཐུན་ཚོགས་འདི་ཉིད་གསར་འཛུགས་བྱས་པའི་དམིགས་ཡུལ་ཡང་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་གཙོ་བོར་བཟུང་ཞིང་། སྣ་འཛོམས་རང་བཞིན་གྱི་དམངས་ཁྲོད་རིག་གནས་ལེགས་སྤེལ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་དང་ཟུར་མི་འདྲ་བ་ནས་དགའ་བདེ་རྫོང་གི་བོད་ཀྱི་གཟུགས་འདས་རིག་གནས་ཁྱབ་བསྒྲགས་དང་མངོན་སྤེལ་བྱ་ཆེད་དང་། བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་གཟུགས་འདས་རིག་གནས་འཕེལ་རྒྱས། ཕུལ་དུ་བྱུང་བའི་ཡིག་གཟུགས་རྒྱུན་འཛིན་པ་གསོ་སྐྱོང་། ལྷག་པར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ངོ་བོ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ངོས་ཟིན་པ། དམངས་ཁྲོད་བྲིས་པ་ཡོངས་ཀྱི་དུང་བ་འདྲེན་པ། ས་གནས་འདིའི་མི་རིགས་ཀྱི་གཟི་བརྗིད་དང་རིག་གནས་ངོས་ཟིན་པའི་འདུ་ཤེས་ཇེ་མཐོ་ཡོང་བར་དམིགས་ཏེ་ཚོགས་པ་འདི་དབུ་བརྙེས་པ་ཡིན།
ཐེངས་འདིའི་ཡིག་གཟུགས་ཞིབ་མཇུག་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་འདི་སྤེལ་བ་ནི་བྲིས་གཟུགས་རིག་གནས་ཀྱི་གྲུབ་འབྲས་ཤིག་དང་འཕེལ་རྒྱས་ཤིག ད་དུང་འགན་འཁུར་ཞིག་ཀྱང་ཡིན་པར་མ་ཟད། མགོ་ལོག་ཁུལ་གྱི་ཆེས་ཐོག་མའི་གོང་རིམ་གྱིས་ཆོག་མཆན་ཐོབ་པའི་ཡིག་གཟུགས་མཐུན་ཚོགས་ཐོག་མ་ཡིན་ཞིང་། ཚོགས་པ་འདིས་གོ་སྐབས་བཟང་བོ་འདི་དང་འདིའི་ནུས་པ་ལ་བརྟེན་ནས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་། དར་སྤེལ། བྲིས་པ་གསོ་སྐྱོང་བྱ་བའི་འདུན་པ་འཆང་ཡོད། མ་འོངས་པར་ལས་འདི་ལ་སྤྱི་ཚོགས་ལས་རིགས་སོ་སོའི་རྒྱབ་སྐྱོབ་དང་མཛུབ་སྟོན། མཉམ་ཞུགས་བཅས་ཡོང་བའི་རེ་བ་དང་སྨོན་འདུན་ཞུས་བ་ལགས་སོ། །