༄༅།།སྡེར་ནང་ས་བྲིས་ཀྱི་བྲིས་རབས་ལྔ་བ་དང་དྲུག་པ།

སྐལ་བཟང་ཡེ་ཤེས་ཀྱིས།
2015-04-16

གཅིག    བྲིས་རབས་ལྔ་བ་བྱ་མཁན་སྤྲུལ་འོད་གསལ་རིག་པའི་རྡོ་རྗེ།

      ཡབ་བྱ་གཟུངས་ཆེན་རྒྱལ་དང་། ཡུམ་མཚོ་ཏེ་གཉིས་ཀྱི་སྲས་སུ་སྤྱི་ལོ༡༨༤༧བོད་རབ་བྱུང་བཅུ་བཞི་པའི་མེ་ལུག་ལོར་སྐུ་བལྟམས། དགུང་ལོ་ཆུང་ངུའི་དུས་ནས་ཁུ་བོ་ཡོན་ཏན་གྱིས་བོད་ཡིག་གི་སློབ་དཔོན་བྱས་ཏེ་ཆོས་སྤྱོད་སོགས་འདོན་ཆའི་སྐོར་རྣམས་དཀའ་སྤྱད་མཛད་དེ་ལེགས་པར་སྦྱངས། སྐུ་ན་ཆུང་ངུའི་དུས་ནས་ཐེག་ཆེན་གྱི་རིགས་སད་དེ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མིན་ཐུགས་རྒྱུད་ལ་འཁྲུངས་ནས། འགྲོ་བ་ཡོངས་ལ་འཚེ་བ་སྤངས་ཏེ་ཞི་བདེ་གནས་ཐབས་ཁོ་ན་མཛད་པ་ལས། སྐུ་ཚེ་གང་ལ་ཐུགས་ཁྲོ་བཞེས་པ་མཐོང་མྱོང་མེད་ཅེས་རྒན་རབས་ཡོངས་ཀྱིས་བསྔགས་བརྗོད་ཚད་མེད་གནང་གི་འདུག ཁོང་གི་ཞལ་གསུང་ཡང་སྤྱོད་འཇུག་གི་འགྲེལ་བ་ཞིག་དང་། ཞལ་འདོན་སོགས་ཡོད་ཀྱང་རིག་གནས་གསར་བརྗེ་ཆེན་པོའིསྐབས་གཏོར་བརླགས་སུ་ཤོར། ཁོང་གི་བྲིས་སློབ་གཙོ་བོ་ནི་གློ་སྤྲུལ་ཀ་དག་ཡེ་ཤེས་རིན་པོ་ཆེ་དང་། གཏེར་ཆེན་པདྨ་མཁྱེན་བརྩེའི་འོད་ཟེར། ཨ་ཉ་བླ་མ་འོད་བསྟན། ཞིང་ལ་བླ་མ་ལེགས་གྲུབ། མགར་བ་བླ་མ་ཆོས་བློ། རི་སེར་འོད་ལོ་སོགས་ཡོད། རིན་པོ་ཆེ་མཆོག་གི་ཕྱག་བྲིས་ནི། རྫོགས་ཆེན་གྱི་སྐོར་དང་། ཞལ་འདོན་སོགས་མང་པོ་ཡོད་ཟེར་ཡང་ད་ལྟ་མི་བཞུགས། ཕལ་ཆེར་གོང་དུ་བཀོད་པ་བཞིན་རིག་གནས་གསར་བརྗེ་ཆེན་མོའ་ིསྐབས་བརླགས་སོང་བར་སྙམ། དེང་སང་མཇལ་རྒྱུ་ཡོད་པ་ནི་སྤྱོད་འཇུག་གི་རྩ་བ་ཞིག་དང་། བསྐྱེད་རྫོགས་ཟིན་བྲིས། རིག་པ་ངོ་སྤྲོད་གཅེར་མཐོང་རང་གྲོལ། ཀ་དཔེ། སྙིང་ཐིག་ཡུམ་ཀ་བདེ་ཆེན་རྒྱལ་མོ། ཀར་གླིང་ཞི་ཁྲོ། དཔལ་ཡུལ་པའི་ཞལ་འདོན་དུམ་པ་གཅིག་བཅས་ཡོད། སྤྱིར་བྲིས་དེ་ཡང་བརྒྱུད་པ་དང་བརྒྱུད་པའི་བར་ཅུང་མི་འདྲ་བ་རེ་ཡོད་པ་ཕྱག་བྲིས་རྣམས་ལ་བལྟས་ན་ཤེས་ཐུབ། འོན་ཀྱང་དེ་ནི་བྲིས་པ་སོ་སོའ་ིལག་རྩལ་ལ་ཁྱད་པར་ཡོད་པས་སོ། བྱ་བླ་མ་ཁོང་གི་སྐབས་སུ་ཡང་ས་བྲིས་ཀྱི་གཟུགས་ལ་འགྱུར་བ་ཅུང་ཙམ་སོང་ཟེར་བ་དེའི་རྒྱུ་མཚན་ཡང་། ཁོང་གིས་ལྷ་བྲིས་ན་ཧ་ཅང་གི་ཕྱག་བདེ་མོ་ཅན་ཞིག་ཡིན་ཁར། ཁོང་ལ་གསར་གཏོད་ཀྱི་སྤོབས་པ་ལྡན་པས་ས་ངན་བསྟན་འཛིན་གྱི་ཕྱག་བྲིས་ལ་གཞི་བཅོལ་ནས་ས་བྲིས་ཀྱི་དཀར་ནག་གི་ཆ་དང་། ཟག་ཕབས་ལུགས་སོགས་ལ་འགྱུར་བ་ཆེ་ཙམ་གསར་བཏོད་མཛད་པས། སྡེར་ནང་ས་བྲིས་བྲིས་རབས་རིམ་བྱོན་གྱི་ཡིག་གཟུགས་ལ་དཔྱད་བསྡུར་ཞིག་བྱས་ན། ཁོ་བོའ་ིརྨོངས་ཚོད་དུ་བྱ་བླ་མའི་སྐུ་རིང་ནས་སྡེར་ནང་ས་བྲིས་འདི་ལ་ད་གཟོད་དོན་དངོས་ཀྱི་རང་རྐང་དོད་པའི་བྲིས་རྒྱུན་ཞིག་ཆགས་པར་སྙམ་མོ། མཐར་དགུང་གྲངས་དོན་བརྒྱད་སྟེ་བོད་ཤིང་ཕོ་བྱི་བའི་ལོའམ་སྤྱི་ལོ༡༩༢༤ལ་གསང་བ་སྔགས་ཀྱི་ནང་དུ་གསལ་བ་ཇི་བཞིན་ས་གཡོ་བ་དང་། འཇའ་ཤར་བ་སོགས་ངོ་མཚར་བའི་རྟགས་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་མོ།


གཉིས་པ།   བྲིས་རབས་དྲུག་པ་གློ་སྤྲུལ་ཀ་དག་ཡེ་ཤེས།

       ཡབ་གློ་གཡུ་པོའམ་གཡུ་རྩེ་བསྟེན་དང་། མ་ཡུམ་མགར་བཟའ་གསེར་ལོ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་མེ་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ༡༩༠༦ལོར་སྡེར་ནང་རབ་ཁ་མདའ་བར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། དགུང་ལོ་དྲུག་གི་སྟེང་ཁུ་བོ་བླ་མ་བཤད་སྒྲུབ་ཀྱི་མདུན་དུ་བོད་ཡིག་གསལ་བྱེད་ནས་དབུ་བརྩམས་ཏེ་སྔ་འགྱུར་སྙིང་མའི་འདོན་ཆ་ཡོངས་རྫོགས་ལ་སྦྱང་བ་ལེགས་པར་བྱེད་སྐབས་ཁུ་བོ་བླ་མས་བཀའ་བཀྱོན་དང་། ཕྱག་འབེབས་མང་པོ་གནང་བས་དཀའ་ཁག་རྒྱ་ཆེན་པོ་ཁུར་བའི་ལོ་རྒྱུས་ཡོད་ཀྱང་། རྗེས་སོར་འདོན་ཕྱག་ལེན་དང་གར་དབྱངས་ཐིག་གསུམ་ལ་མཁས་པར་གྱུར་ཏེ། འདོན་གཤིབ་བྱེད་ཚེ་རང་དགོན་གྱི་བླ་གྲྭ་ཡོངས་ཀྱི་རྩེ་བུད་ཞིག་ཡིན་པས་ཁོང་གི་སྔོན་དུ་ཤོར་མཁན་གཅིག་ཀྱང་མེད་པར་བཞེད། དགུང་ལོ་བཅུ་གཅིག་སྟེང་སྡེར་ནང་བྱ་བླ་མ་འོད་གསལ་རིག་པའི་རྡོ་རྗེའི་མདུན་ནས་གླིང་སྤྲུལ་སྐྱབས་འགྲོ་སོགས་དང་ཁྱད་པར་དུ་བོད་ཡིག་ས་བྲིས་ཡིག་ཆེན་དང་། ཡིག་འབྲིང་། ཡིག་ཆུང་། འབྲུ་ཚ་བཅས་ལེགས་པར་སྦྱངས། རྗེས་སུ་ཁོང་གིས་བྲིས་ལ་བརྩོན་པ་རྒྱ་ཆེར་བྱས་པ་དང་། སྐོར་མང་པོར་བྱ་བླ་མའི་མདུན་དུ་བྱོན་ཏེ་ས་བྲིས་སོགས་ཀྱི་ཕྱོགས་ལ་བླ་མའི་མདུན་ནས་གདམས་ངག་མང་པོ་ཞུས་པས་བྱ་བླ་མའི་སློབ་མའི་གཙོ་བོ་དང་། སྡེར་ནང་ས་བྲིས་ཀྱི་རྒྱུད་འཛིན་པ་ཆེན་པོར་གྱུར། ཕྱིས་སུ་དུས་འགྱུར་གྱི་དབང་གིས་དགུང་ལོ་ལྔ་བཅུ་རྩ་གསུམ་སྟེང་རིམ་བཞིན་རྫོང་དང་། ཁུལ། ཟི་ལིང་བཅས་ཀྱི་ཁྲིམས་ཁང་དུ་ཁྱེར་ནས། དེར་བཞུགས་སྐབས་གོང་རིམ་རྣམས་ཀྱི་རིག་གནས་སྦྱང་དགོས་ཟེར་བས་ཁྲིམས་མི་རྣམས་ཀྱིས་སློབ་སྦྱོང་བྱས་ཏེ་བྲིས་འབྲི་སྐབས་ལཉྫ་དང་། ཝརྟུ། དབུ་མེད་སོགས་བྲིས་པས་ཁྲིམས་ཁང་དེར་བཞུགས་པའི་བླ་སྤྲུལ་བརྒྱད་བརྒྱ་ལྷག་ཡོད་པའིི་ནང་ནས་གློ་སྤྲུལ་ཀ་དག་ཁོང་གི་ཕྱག་བྲིས་ཀྱི་ཡག་གཅིག་ཀྱང་མ་བྱུང་། ཁོང་ཁྲིམས་ཁང་དེར་བཞུགས་སྐབས་དྷི་ཚ་རི་ཁྲོད་ཀྱི་ཨ་ལགས་གསུང་རབ་རྒྱ་མཚོའི་ཚ་བུ་ཞིག་ཡོད་པ་དེ་ཁྲིམས་ནས་བཙོན་བཀྲོལ་བཏང་སྐབས། སྤྲུལ་ཀ་དག་ལ་ཁྱེད་ཀྱི་ཕྱག་བྲིས་དང་རྩོམ་ཡིག་ཅིག་འབྲི་རོགས་ཞུས་པས། ཁོང་གིས་ཤོ་ལོ་ཀ་གཉིས་བརྩམས་ཤིང་འབྲི་རོགས་བྱས་ནས་གནང་། དེ་ཕྱིར་རང་ཡུལ་ལ་བྱོན་ནས་རྩོམ་དང་བྲིས་དེ་གཉིས་ཨ་ལགས་གསུང་རབ་རྒྱ་མཚོ་ལ་ཕུལ་ཏེ། མགོ་ལོག་གི་གློ་སྤྲུལ་ཀ་དག་ཞུ་བ་དེའི་ཕྱག་བྲིས་དང་རྩོམ་ཡིག་རེད་ཞུས། ཁོང་གིས་གཟིགས་རྗེས་འདི་འདྲ་བའི་སྙན་རྩོམ་ཡག་པོ་ཞིག་དང་བྲིས་ཡག་པོ་ཞིག་སྲིད་ན་དཀོན་པར་འདུག མགོ་ལོག་ཕྱོགས་ན་དེ་འདྲའི་མཁས་པ་ཡ་མཚན་ཅན་ཡོད་ན་ཅིའི་ཕྱིར་ཡིག་མཁན་མཁས་པའི་ཚད་དུ་མི་འཇོག་ཅེས་བསྔགས་བརྗོད་གནང་བར་མ་ཟད། མགོ་ལོག་ཁུལ་ཐོག་ཏུ་ལོན་ཐབས་བྱས་ན་ཡག་པོ་རེད་གསུངས་ཏེ། ཕྱིས་སུ་དགུང་ལོ་ང་བདུན་གྱི་སྟེང་ཁྲིམས་ནས་དགེ་བཤེས་གསུང་རབ་རྒྱ་མཚོའི་ཐབས་བཀོལ་གྱིས་ཕྱིར་བྱོན་ཐབས་བྱུང་། སྤྲུལ་རིན་པོ་ཆེས་སློབ་བུ་རྣམས་ལ་ང་ཁྲིམས་ནས་བུད་ཐུབ་པ་ནི་དགེ་བཤེས་གསུང་རབ་རྒྱ་མཚོ་དང་། ངའི་ཆོས་སྐྱོང་གི་གཙོ་བོ་གནོད་སྤྱིན་ཡང་ལེ་བེར་གཉིས་ཀྱི་བཀའ་དྲིན་ཡིན་གསུངས།ཁྲིམས་ནས་ཕྱིར་རང་ཡུལ་དུ་བྱོན་ཡང་རིག་གནས་གསར་བརྗེ་ཆེན་པོའ་ིལས་འགུལ་དང་ཐུག་ནས་བྲིས་རྒྱུན་ལེགས་པོ་སྤེལ་མ་ཐུབ། ཁོང་གི་སྐུ་ཚེ་གང་ལ་གཞན་ལ་སྡང་སེམས་ཀྱི་ཁོང་ཁྲོ་སྐྱེ་མ་མྱོང་ཞེས་བཤད་པ་དོན་ལ་གནས། འདི་ལྟ་བུའི་མཛད་སྤྱོད་དག་ལ་དཔག་ན་རྣམ་དཔྱོད་ལྡན་པའི་སྐྱེ་བོ་དག་གིས་ངེས་པར་དུ་ཁོང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་སྟེང་ན་འགྲན་ཟླ་དང་བྲལ་བ་ཞིག་ཡིན་པ་ཡིད་ཆེས་བྱེད་ཐུབ་པ་ཞིག་ཡིན་ནོ། རིན་པོ་ཆེ་མཆོག་ནི་མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མངའ་དབང་འབྱོར་བའི་མཁས་པ་ཞིག་ཡིན་པར་མ་ཟད། སྐབས་དེར་བོད་ཡིག་དབུ་མེད་སྡེར་ནང་ས་བྲིས་འབྲི་སྲོལ་གཅིག་པུ་ལ་ཡང་བྱ་བླ་མ་དང་། ཁོང་རྣམ་གཉིས་ཀྱི་བྲིས་ལྟ་བུ་ཐོན་མཁན་གཅིག་ཀྱང་མེད་སྟབས། ཀཿཐོག་སི་ཏི་ཆོས་ཀྱི་རྒྱ་མཚོ་དང་། རྡོ་གྲུབ་རིན་པོ་ཆེ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་སོགས་དམ་པ་དུ་མས། སྤྱིར་སྡེར་ནང་ས་བྲིས་དང་ཁྱད་པར་དུ་ཁོང་གཉིས་ཀྱི་ཕྱག་བྲིས་ནི་མཐོང་གྲོལ་ཡིན་པར་ཞལ་གྱིས་བཞེས། གཞན་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་ཀྱང་གློ་སྤྲུལ་ཀ་དག་གི་ཕྱག་བྲིས་སུམ་བུད་ཅིག་ལ་མཇལ་ཚེ། མགོ་ལོག་ལ་འདི་འདྲ་བའི་ཡིག་མཁན་མཁས་པ་ཡོད་ན་བདག་ནི་ཡི་གེ་བའི་མིང་ཙམ་དུ་ཟད་དོ། ཞེས་བསྔགས་བརྗོད་མཛད་པར་གྲགས་སོ། ད་ལྟ་ཁོང་གི་ཕྱག་བྲིས་ཀར་གླིང་ཞི་ཁྲོ་མཆོག་ལྷ་རྣམས་པད་མ་དངོས་གྲུབ་ཀྱིས་ལྷ་རིས་བགྱིས་པ་ཞིག་ཡོད་པས། དེ་ནི་མཇལ་བ་ཙམ་གྱིས་ཡིད་དབང་མེད་དུ་འཕྲོག་པར་འགྱུར་བ་ཞིག་གོ གཞན་ཡང་ཁོང་གིས་ཕྱག་བྲིས་ཀྱི་སྐོར་ནི། རྡོར་སེམས་བླ་མཆོད་དང་། སྙིང་ཐིག་རྩ་གསུམ་སོགས་གསར་རྙིང་རིས་མེད་ཀྱི་ཞལ་འདོན་ཕྱོགས་བསྒྲིགས་གཅིག གཟུངས་འབུར་ལག་ལེན་ལྡེབ་གྲངས་བཞི་བཅུ་ཡོད་པ་ཞིག སྨིན་གླིང་རྡོར་སེམས་རུས་ཚ་དང་བཅས་པ། སྤྱོད་འཇུག་རྩ་བ་ཞིག ཆེ་བོས་སྤྲུལ་སྐུའི་གསུང་དུམ་ཆེན་གསུམ་ཡོད་པ་སོགས་ཕྱག་བྲིས་ཧ་ཅང་མང་ནའང་རིག་གསར་སྐབས་མེ་སྦྱང་དང་། རླུང་སྐུར་སོགས་བྱས་ཏེ་ད་ལྟ་མི་བཞུགས་པ་ཡང་མང་ངོ། ཁོང་གི་བྲིས་སློབ་གཙོ་བོ་རྣམས་ནི། ཁྲ་བྲིས་རྒན་པད་གྲགས་མཆོག་དང་། ཁྲ་བླ་མཆོག་རིས། མགར་བཟའ་རིན་སྐྱིད། གདོང་གཡོན་མཁན་པོ་རིག་དཔལ། དམེ་ཚང་དགེ་འཕེལ། རི་སར་འོད་ལོ། རྡོ་བླ་བློ་སྙན། གསའ་སྤྲུལ་འོད་མཆོག་སོགས་མང་ངོ་། མཐར་དགུང་གྲངས་དོན་དགུ་སྟེ་སྤྱི་ལོ༡༩༨༥ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་འཛིན་བཟློག་ཕྱིར། སྐུ་གཟུགས་གླང་ཆེན་ཉལ་སྟབས་ཀྱིས་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ།


阅读377
分享
写下您的评论吧