སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐོར་གྱི་བརྡ་ཐོ།
དེ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཀྱི་ཡིད་ཆེས་དང་རིག་གནས་ཀྱི་གདེང་ཚོད་མཐོ་རུ་གཏོང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ། གསར་བཏོད་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་སུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་བ། བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གྱི་ནུས་པ་ཐོན་ཞིང་། སྔར་ལས་མང་བའི་བོད་ཀྱི་ས་གནས་ཁག་ཏུ་སྲོལ་རྒྱུན་རིག་གནས་དང་བོད་ཀྱི་ཡིག་གཟུགས་ཀྱི་སྒྱུ་རྩལ་ཤེས་རྟོགས་ཡོང་བའི་ཆེད་དུ། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་སྐབས་བསྟུན་ནས། པདྨ་གསེར་སྨྱུག་རྟགས་མའི་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་དང་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། ཞིབ་དོན་གཤམ་གསལ་ལྟར།
གཅིག བྱེད་སྒོའི་བརྗོད་བྱ་གཙོ་བོ།
སྲོལ་རྒྱུན་བྲིས་གཟུགས་རྒྱུན་འཛིན་བྱེད།དུས་རབས་གསར་པར་བསྟོད་གླུ་འབུལ།
གཉིས།རྩ་འཛུགས་ལས་ཁུངས།
1.གཙོ་གཉེར་ལས་ཁུངས།
པདྨ་གསེར་བྲིས་གླིང་།
ཁམས་པའི་བརྙན་འཕྲིན་ཁང་།
སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།
2.འགན་སྒྲུབ་ལས་ཁུངས།
པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།
སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་།
3.རོགས་སྒྲུབ་ལས་ཁུངས།
སི་ཁྲོན་ཞིང་ཆེན་ཐང་ཀ་དང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཡར་སྐུལ་ལྷན་ཚོགས།
སི་ཁྲོན་དབལ་ཤུལ་རྨེ་བ་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་།
བོད་ལྗོངས་འདོད་འཇོ་དཔལ་འཁྱིལ་རིག་གནས་ཐོན་ལས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།
སི་ཁྲོན་ནུབ་རྒྱུད་བོད་བཟོ་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་བཟོ་ཚོགས་ཨུ་ཡོན་ལྷན་ཁང་།
བོད་ལྗོངས་སྐུ་དྲག་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།
བོད་ལྗོངས་གླ་རྩིའི་གན་ཤོག་ཚད་ཡོད་སྤྱི་གཉེར་ཁང་།
ཙ་ཀ་ལི་ཐང་ག་རིག་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར།
གསུམ།བྱེད་སྒོའི་དུས་ཚོད།
1.བརྩམས་ཆོས་བསྡུ་ཡུན།
2024ལོའི་ཟླ་3ཚེས་1ཉིན་ནས་ཟླ་4ཚེས་5ཉིན་བར།
2.དཔྱད་འདེམས་དུས་ཡུན།
2024ལོའི་ཟླ་4ཚེས་6ཉིན་ནས་ཟླ་4ཚེས་20ཉིན་བར།
3.མཇུག་འབྲས་སྤྱི་བསྒྲགས།
2024ལོའི་ཟླ་4ཚེས་30ཉིན།
4.དྲ་ཐོག་འགྲེམ་གཏོང་།
2024ལོའི་ཟླ་5ཚེས་1ཉིན་ནས་ཟླ་6ཚེས་20བར།
5.འགྲེམ་སྟོན་དུས་ཚོད།
2023ལོའི་ཟླ་7ཚེས་15ཉིན་ནས་ཟླ་7ཚེས་30ཉིན་བར།
བཞི།བརྩམས་ཆོས་བསྡུ་བའི་ཁྱབ་ཁོངས།
རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཆེད་མཁས་དང་བོད་ཡིག་ཡིག་གཟུགས་ལ་དགའ་མོས་བྱེད་མཁན་ཡོངས་ལ་ཁ་ཕྱོགས་པ།
ལྔ།བརྩམས་ཆོས་ཀྱི་བླང་བྱ།
1.འགྲན་བསྡུར་ནང་ཞུགས་པའི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ལ་ཡིག་གཟུགས་ཀྱི་ཚད་བཀག་མེད་དེ། བོད་ཀྱི་རྒྱུན་ལྡན་ཡིག་གཟུགས་དབུ་ཅན་དང་།ཚུགས་རིང་ཐུང་། འབྲུ་ཚ། དཔེ་ཚུགས། རྒྱུགས་བྲིས། འཁྱུག་བྲིས། ལན་ཝར་དང་མཛེས་བྲིས་སམ་རྣམ་པ་གསར་བའི་ཡིག་གཟུགས་བརྩམས་ཆོས་སོགས་འགྲན་ཞུགས་བྱས་ཆོག
2.འགྲན་བསྡུར་ནང་ཞུགས་མཁན་གྱི་བྲིས་པ་རེས་བརྩམས་ཆོས་གསུམ་ལས་བརྒལ་མི་ཆོག།
3.བརྩམས་ཆོས་འབྲི་ཤོག། བོད་ཤོག་དང་ཤོན་ཤོག་གི་རིགས་ཡིན་དགོས།
4.བརྩམས་ཆོས་ཀྱི་ནང་དོན་ལ། སྙན་ངག་དང་ལེགས་བཤད། བསླབ་བྱ། གཞས་ཚིག། གཏམ་དཔེ་ལ་སོགས་པའི་ཡ་རབས་སྤྱོད་བཟང་དང་ཡར་སྐུལ་གྱི་དོན་དང་ལྡན་ཞིང་།དུས་རབས་གསར་པའི་སྙིང་སྟོབས་དང་འཚོ་བ་མཚོན་པ། དྲག་ཤུགས་སོགས་མ་རབས་སྤྱོད་ངན་དང་།བཅའ་ཁྲིམས་ཀྱིས་བཀག་སྡོམ་བྱས་པ་དང་འབྲེལ་བ་ཡོད་པའི་ནང་དོན་ཡོད་མི་ཆོག།
5.བརྩམས་ཆོས་ངེས་པར་དུ་རང་ཉིད་གཅིག་པུས་རྩོམ་དགོས་པ་མ་ཟད་གསར་རྩོམ་བརྩམས་ཆོས་ཡིན་པ་དང་པར་དབང་གནད་དོན་མེད་པ་ཡིན་དགོས།
དྲུག་པ།ཤོག་བུའི་ཆ་ཚད།
1.རྒྱ་ཤོག་ལ་སྤྱིའི་རིང་ཚད་137cmདང་། ཞེང་ཚད་ལ་69cmཅན་གྱི་ཤོག་བུ་ཚད་ལྡན་ལས་མི་ཆུང་བ། བོད་ཤོག་ལ་རིང་ཚད་ལ་130ཞེང་ཚད་ལ་60ལས་མི་ཆུང་བ།
7.བརྩམས་ཆོས་འབྲི་སྟངས་ངེས་པར་གོང་ནས་གཤམ་ལ་འབྲི་བ་ལས་འཕྲེད་དུ་བྲིས་མི་ཆོག
8.འགྲན་ཞུགས་པས་ངེས་པར་དུ་བརྩམས་ཆོས་ཀྱི་རྒྱབ་ཕྱོགས་ཀྱི་གཡོན་ངོས་སུ་འགྲན་ཞུགས་པའི་མིང་དང་།བརྩམས་ཆོས་ཀྱི་མིང་། ཐོབ་དཔང་ཨང་གྲངས་བཅས་ཞ་སྨྱུག་གིས་གསལ་པོར་འགོད་དགོས་ལ།ཤོག་བུ་གཞན་པའི་སྟེང་དུ་རྒྱ་ཡིག་གིས་རྩོམ་པ་པོའི་མིང་དང་ཐོབ་དཔང་ཨང་གྲངས། ཞིབ་ཕྲའི་འབྲེལ་གཏུག་ས་གནས། འབྲེལ་གཏུག་ཁ་པར།བརྩམས་ཆོས་ཀྱི་ནང་དོན་མདོར་བསྡུས་རྒྱ་ཡིག་ལ་བསྒྱུར་བ། འགྲན་ཞུགས་བརྩམས་ཆོས་ཀྱི་བྲིས་རྒྱུན་གྱི་མིང་དང་། རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས་སོགས་ཀྱི་ནང་དོན་ངེས་པར་ཚང་དགོས།
9.འགྲན་ཞུགས་བརྩམས་ཆོས་ཆ་ཚང་པདྨ་གསེར་བྲིས་གླིང་དུ་ཉར་ཚགས་བྱ་རྒྱུ་ལས་ཕྱིར་བསྐུར་རྒྱུ་མིན།
བདུན། བྱ་དགའི་རྣམ་གྲངས་གསལ་བཤད།
1.བྱ་དགའ་ཨང་དང་པོ༡།(བྱ་དགའི་དངུལ་དམངས་སྒོར3000)
2.བྱ་དགའ་ཨང་གཉིས་པ༢།(བྱ་དགའི་དངུལ་དམངས་སྒོར་2000་ཡིན། )
3.བྱ་དགའ་ཨང་གསུམ་པ༣།(བྱ་དགའི་དངུལ་དམངས་སྒོར་1000་ཡིན)
གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གོང་ཚད་སྒོར་10000རིན་པའི་ཟངས་གསེར་གྱིས་མགར་བཟོ་བྱས་པའི་བྱ་དགའི་གཟེངས་བུམ་འབུལ་རྒྱུ།
4.དྲ་ལམ་ཆེས་དགའ་བསུ་ཐོབ་པའི་བརྩམས་ཆོས་ཀྱི་བྱ་དགའ༡།(བྱ་དགའི་དངུལ་དམངས་སྒོར1000ཡིན)
5.ཕུལ་བྱུང་བྱ་དགའ་མི་༢༠། (བྱ་དགའི་གཟེངས་བུམ་དང་དཔང་ཡིག)
གོང་གི་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་གོང་ཚད་སྒོར་3000རིན་པའི་ཟངས་གསེར་གྱིས་མགར་བཟོ་བྱས་པའི་བྱ་དགའི་གཟེངས་བུམ་འབུལ་རྒྱུ།
6.འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་100བདམ་རྒྱུ། (འགྲེམ་སྟོན་དཔང་ཡིག)
7.བྱ་དགའ་ཐོབ་པའི་བྲིས་པ་དག་ལ་བྱ་དགའི་དཔང་ཡིག་དང་གཟེངས་རྟགས་བུམ་པ་འབུལ་རྒྱུ་དང་།འགྲེམ་ཚུད་བརྩམས་ཆོས་ལ་འགྲེམ་སྟོན་དཔང་ཡིག་སྤྲོད་རྒྱུ།
8.འགྲན་བསྡུར་བྱ་དགའ་ཨང་དང་པོ་ནས་ཨང་27བར་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ་དང་ཁམས་པའི་བརྙན་འཕྲིན་ཤམ་བྷ་ལའི་མགྲོན་སྣེའི་འགྲེམ་སྟོན་ཁང་ཕྱེ་བའི་དབང་ཆ་ལོ་གཅིག་ལ་སྤྲོད་རྒྱུ།
9.བྱ་དགའ་ཨང་རིམ་དང་པོ་ནས་གསུམ་པའི་བར་གྱི་བྲིས་པ་དག་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་མཛད་སྒོའི་སྐབས་སུ་གདན་འདྲེན་ཞུས་ཏེ། ཡུལ་དངོས་ནས་གཟེངས་རྟགས་འབུལ་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པས་ཡུལ་དངོས་སུ་ཐོན་དགོས། (འགྲོ་འདུག་སོགས་ཀྱི་འགྲོ་སོང་ཆ་ཚང་གཙོ་སྒྲུབ་ལས་ཁུངས་ནས་འགན་ཁུར་བ།)
མཛད་སྒོའི་གནས་ཚུལ་ཁག་་ཁམས་པའི་བརྙན་འཕྲིན་ཁང་སོགས་དྲ་ལམ་ཁག་ནས་ཐད་གཏོང་དང་དྲིལ་སྒྲོག་བྱེད་རྒྱུ་ཡིན།
10.བྱ་དགའ་ཐོབ་པའི་བརྩམས་ཆོས་དང་འགྲེམ་སྟོན་ལ་ཚུད་པའི་བརྩམས་ཆོས་དག་པདྨ་གསེར་བྲིས་གླིང་གིས་ཡིག་གཟུགས་དུས་ཆེན་ཉིན་མོའི་མཛད་སྒོའི་སྟེང་འགྲེམ་སྟོན་བྱེད་རྒྱུ་དང་། སྤྱི་ཟླ་བདུན་པའི་ནང་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་དུ་འགྲེམ་སྟོན་དང་ཁམས་པའི་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་ནས་ཐད་གཏོང་དང་བརྩམས་ཆོས་ཁག་ངོ་སྤྲོད་བྱེད་རྒྱུ་ཡིན།
11.ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ཞིབ་རྒྱས་ཁམས་པའི་བརྙན་འཕྲིན་གྱི་འཕྲིན་སྟེགས་དང་། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། པད་མ་གསེར་བྲིས་གླིང་གི་འཕྲིན་སྟེགས་སུ་གཟིགས་པར་འཚལ།
བརྩམས་ཆོས་དཔྱད་འདེམས།
པདྨ་གསེར་བྲིས་གླིང་གི་བོད་ཀྱི་ཡིག་གཟུགས་ཆེད་མཁས་ལྷན་ཚོགས་ཀྱི་ཚོགས་མི་གཙོ་བྱས་པའི་བོད་ཀྱི་ཡིག་གཟུགས་ཆེད་མཁས་དག་གིས་འགྲན་ཞུགས་བརྩམས་ཆོས་ལ་འདྲ་མཉམ་དང་། ཡོངས་བསྒྲགས། དྲང་གཞག་བཅས་ཀྱི་སྒོ་ནས་ཞིབ་དཔྱད་བྱ་རྒྱུ་ཡིན། དཔྱད་འདེམས་མཇུག་འབྲས་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྟེགས་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། པདྨ་གསེར་བྲིས་གླིང་གི་འཕྲིན་སྟེགས་སོགས་ནས་སྤྱི་བསྒྲགས་བྱ་རྒྱུ་ཡིན།
བརྒྱད།དོན་ཚན་གཞན་དག།
འགྲན་ཞུགས་བྱེད་མཁན་གྱི་བྲིས་པ་ཚང་མས་《སྐབས་དང་པོའི་པདྨ་གསེར་སྨྱུག་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་འབྲེལ་ཡོད་ལམ་སྲོལ》དང་དེ་བཞིན་བརྩམས་ཆོས་བསྡུ་བའི་གསལ་བརྡའི་ནང་གི་གཏན་འབེབས་ཁག་ལ་བརྩི་སྲུང་བྱ་དགོས།བརྩམས་ཆོས་དེ་དག་ངེས་པར་དུ་རྩོམ་པ་པོས་བརྩམས་པའི་བརྩམས་ཆོས་ཡིན་དགོས་པ་ལས།མི་གཞན་གྱི་བརྩམས་ཆོས་འདྲ་བཤུས་བྱས་ཏེ་འགྲན་ཞུགས་བྱས་མི་ཆོག། གཏན་འབེབས་འདིར་བརྩི་སྲུང་མ་བྱས་པར་ཁྲིམས་ལུགས་ཀྱི་རྩོད་གཞི་གང་རུང་ཐོན་ན་བརྩམས་ཆོས་ཀྱི་བདག་པོས་འགན་འཁུར་དགོས།བརྡ་ཐོ་འདིའི་འགྲེལ་བཤད་དབང་ཆ་རྩ་འཛུགས་ལྷན་ཚོགས་ལ་ཡོད།
དགུ།བརྩམས་ཆོས་སྐུར་ཡུལ།
ས་གནས། 成都市温江区凤凰北大街669号花沐里
འབྲེལ་གཏུགས་བྱེད་ས། བསོད་ནམས་མཚོ། 索郎初
ཁ་པར། 19130442307
སྦྲག་ཨང་། 611100
པདྨ་གསེར་བྲིས་གླིང་ནས།
པདྨ་གསེར་བྲིས་གླིང་ངོ་སྤྲོད་མདོར་བསྡུས།
པདྨ་ཚུལ་ཁྲིམས་བཀའ་བསྟན་གསེར་བྲིས་རིག་གནས་ཞིབ་འཇུག་གླིང་ངམ་པདྨ་གསེར་བྲིས་གླིང་ནི། བོད་ཀྱི་སྲོལ་རྒྱུན་གསེར་བྲིས་རིག་གནས་དང་གསེར་བྲིས་ལག་རྩལ་ལ་ཞིབ་འཇུག་གཙོས།སྲོལ་རྒྱུན་བོད་ཤོག་བཟོ་རྩལ་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་གསུང་རབ་འབྲི་བཞེངས་ཀྱི་ལས་ཀ་གཙོ་བོ་གཉེར་བཞིན་པའི་དེང་རབས་ཚད་ལྡན་གྱི་ཁེ་ལས་ཤིག་ཡིན།༢༠༡༣ལོར་ཁྱུང་མཆུ་རྫོང་པདྨ་ཚུལ་ཁྲིམས་ཤེས་རིག་སྒྱུ་རྩལ་སློབ་གླིང་ནས་རི་མོ་དང་ཡིག་གཟུགས། མགར། རྐོས་བཟོ་སོགས་ཀྱི་འཛིན་གྲྭ་ཐོག་མ་བཙུགས་པ་ནས་གསེར་བྲིས་ལག་རྩལ་བ་གསོ་སྐྱོང་བྱས་ཏེ་རྨང་གཞི་བཏིངས་ཤིང་།༢༠༡༦ལོར་ཁྲིན་ཏུའུ་རུ་གསེར་བྲིས་འབྲི་བཞེངས་ཀྱི་ཚོད་ལྟའི་དབུ་བཙུགས་ཏེ། ༢༠༡༧ལོར་ཁྲིན་ཏུའུ་གྲོང་ཁྱེར་དུ་པདྨ་གསེར་བྲིས་གླིང་དངོས་སུ་དབུ་བཙུགས་པ་ཡིན། ད་ལྟའི་བར་དུ་མི་ལོ་མང་པོའི་རིང་ཕྱོགས་སོ་སོའི་དགེ་བའི་བཤེས་གཉེན་དང་བླ་སྤྲུལ། རིགས་ལ་ཞེན་པ་དཀར་བའི་སྐྱེས་ཆེན་དག་གི་ཐུགས་ཁུར་རྒྱབ་སྐྱོར་དང་།སྒོས་སུ་པདྨ་གསེར་བྲིས་གླིང་གི་དགེ་སློབ་ཀུན་གྱི་ལོ་མང་དཀའ་སྤྱད་འབད་འབུངས་འོག མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་འབུམ་༼མཐོང་གྲོལ་་༽པོད་བཞི་ཅན། དཔལ་རོང་ཟོམ་ཆོས་བཟང་མཆོག་གི་གསུང་འབུམ་༼རོང་ཟོམ་སྤྲུལ་བའི་གླེགས་བམ་༽པོད་བརྒྱད་ཅན་སོགས་གཙོར་བྱས་སྲོལ་རྒྱུན་ལག་རྩལ་གྱི་ཁྱད་ཆོས་མ་བོར་བའི་གསེར་བྲིས་ཀྱི་བརྩམས་ཆོས་མང་པོ་ལེགས་གྲུབ་བྱུང་བ་ལ་བོད་ཀྱི་ཤེས་ལྡན་པ་མང་པོས་ཚད་མཐོ་བའི་གདེང་འཇོག་དང་སྤྱི་ཚོགས་ཁྲོད་དགའ་བསུ་ཆེན་པོ་ཐོབ་ཡོད་ལ་དེ་མིན་བཀའ་འགྱུར་གསེར་བྲིས་པོད་བརྒྱ་ལྷག་ཅན་འབྲི་བཞེངས་བྱེད་མུས་ཡིན།དེང་སྐབས་ལས་ཁུངས་ནང་ལོ་ངོ་མང་པོར་ཆེད་སྦྱོང་ལག་ལེན་ཡོད་པའི་གསེར་བྲིས་པ་དང་ལས་བཟོ་བ་བརྒྱ་ལ་ཉེ་བ་ཙམ་ཡོད་ལ།བོད་ལྗོངས་ལྷ་ས་དང་རྔ་བ་ཁྱུང་མཆུ་སོགས་སུ་ཡན་ལག་ལས་ཁུངས་བཙུགས་ཡོད།
སྲོལ་རྒྱུན་ལག་རྩལ་དང་སྒྱུ་རྩལ་སོགས་རིག་གནས་སྤྱི་དང། ཁྱད་པར་གསུང་རབ་འབྲི་བཞེངས་དང་འབྲེལ་བའི་རིག་གནས་ལག་རྩལ་སྐོར་ཏེ། སྲོལ་རྒྱུན་གྱི་བོད་ཤོག་དང་མཐིང་ཤོག་བཟོ་སྟངས། རིན་ཆེན་སྣ་ལྔའི་འདུལ་ཐབས་དང་སྤྱོད་ཐབས། ཐང་ག ཡིག་གཟུགས། གསེར་བྲིས། འཇིམ་བཟོ། མགར་བཟོ། ཤིང་བཟོ། རྡོ་བརྐོས། རིན་པོ་ཆེའི་ཕྲ་རྒྱན་བཟོ་བ།འཚེམ་བཟོ་སོགས་ལ་རིག་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་གྱིས་ཞིབ་འཇུག་དང་སླར་གསོ། རྒྱུད་འཛིན་དང་དར་སྤེལ་བཅས་ལ་འབད་བཞིན་ཡོད།
བོད་ཁུལ་གྱི་མིང་དུ་གྲགས་པའི་རིག་གནས་རྒྱུད་འཛིན་མཁན་མང་པོ་ལས་ཁུངས་ནང་དུ་གདན་འདྲེན་ཞུས་ནས་ཆེད་ལས་རང་བཞིན་ཅན་གྱི་བྲིས་པ་དང་ལྷ་རིས་པ་སོགས་གསོ་སྐྱོང་བྱེད་པ། ཕྱོགས་མང་པོའི་ཆེད་ལས་དགེ་རྒན་དག་གི་མདུན་ནས་དུས་ཡུན་ངེས་ཅན་ནང་སློབ་སྦྱོང་གི་གོ་སྐབས་སྤྲད་ནས་ལག་རྩལ་ཟབ་སྦྱོང་བྱེད་པ།མདོ་དབུས་ཁམས་གསུམ་སོགས་སུ་ཡུལ་དངོས་བརྟག་དཔྱད་དུ་བསྐྱོད་ནས་རྩ་ཆེ་བའི་རིག་དངོས་དང་ལག་རྩལ་སོགས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པ་སོགས་ཡོད་ལ། དེ་མིན་དུས་ཐུང་གི་ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭ་ཡང་ཐེངས་མང་པོར་བསྡུས་ནས་སྔ་ཕྱིར་སློབ་མ་ཉིས་བརྒྱ་ལྷག་གསོ་སྐྱོང་བྱས་ཡོད། མདོར་ན་གསེར་བྲིས་ཀྱི་མཚོན་པའི་ལག་རྩལ་རྣམས་ཉམས་པ་སླར་གསོ་དང་དར་རྒྱས་གོང་འཕེལ་དུ་བཏང་ནས། བོད་ཀྱི་གསེར་བྲིས་རིག་གནས་ནང་ནས་དེང་རབས་ཁྲོམ་རའི་ཚོང་དོན་རིན་ཐང་སྔོག་འདོན་བྱས་ཏེ། གསེར་བྲིས་རིག་གནས་ལ་བསྟེན་ནས་ན་གཞོན་དག་ལ་ལས་ཀ་སྤྲོད་ཐུབ་པ། བོད་ཀྱི་ཐུན་མིན་རིག་གནས་རྒྱུད་འཛིན་དང་ཁྱབ་བསྒྲགས་ནུས་པ། མི་རིགས་རང་གི་རིག་གནས་ཀྱི་བྱིན་རླབས་དང་རིན་ཐང་ལ་ཡིད་ཆེས་ཡོད་པའི་འདུ་ཤེས་གསོ་སྐྱོང་བྱས་ནས། དུས་རབས་གསར་བའི་བོད་ཀྱི་ཚབ་མཚོན་དང་མིག་དཔེར་འོས་པའི་ཁེ་ལས་ཤིག་ཆགས་ཐུབ་པར་འབད་བརྩོན་བྱེད་པའི་སྙིང་རུས་དང་ཡིད་ཆེས་བཅངས་ཡོད།