བོད་གངས་ཅན་གྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེའི་བྱུང་བ་བརྗོད་པ།

སེང་ཁྲི་འཇམ་དཔལ་རྒྱ་མཚོ།
2024-02-19



༄༅།།བོད་གངས་ཅན་གྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེའི་བྱུང་བ་བརྗོད་པ།


སེང་ཁྲི་འཇམ་དཔལ་རྒྱ་མཚོ།


ནང་དོན་གནད་བསྡུས།    དཔྱད་རྩོམ་འདིའི་ནང་དོན་གནད་བསྡུས་ཏེ་བཤད་ན་འཛམ་གླིང་སྤྱིའི་ཡི་གེའི་འཕེམ་རིམ་དང་སྦྱར་ནས་བོད་གངས་ཅན་གྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེ་འདི་དུས་རབས་བདུན་པའི་སྐབས་སུ་བོད་རྒྱལ་སྲོང་བཙན་སྒམ་པོའི་ཐུགས་བཀོད་བཞིན་སློབ་དཔོན་ཐོན་མི་སམྦྷོ་ཊས་གསར་དུ་བཏོད་པར་མཛད་ཅིང་།ཁོང་གིས་དཔེར་བྱས་པའི་ཡི་གེའང་རྒྱ་གར་གྱི་གུཔྟའི་རྒྱལ་རབས་རྗེས་མ་གསུམ་གྱི་སྐབས་སུ་དར་བའི་ཡི་གེ་ཡིན་པ་བསྒྲུབས་པར་བྱས་ཡོད་ལ།གཞན་དུ་ད་ལྟའི་ང་ཚོའི་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པ་དང་ཞང་ཞུང་གི་ཡི་གེ་འགྱུར་བ་ལས་གྲུབ་པ་སོགས་དུས་རབས་བདུན་པའི་སྔར་ནས་བོད་ལ་དབྱངས་གསལ་གྱི་ཡི་གེ་འདི་ཡོད་པར་འདོད་པའི་ཕྱོགས་ལ་གནོད་བྱེད་ཀྱི་ལུང་དང་དེ་མཐུན་གྱི་རིགས་པ།ཁས་བླངས་ཀྱི་འགལ་འདུ་སོགས་བརྗོད་པ་ཉིད་བརྗོད་བྱའི་ནང་སྙིང་དུ་ཆགས་ཡོད་དོ།།

བརྡ་ཆད་གཙོ་བོ།   ཡི་གེ དབྱངས་གསལ་གྱི་ཡི་གེ འཕྲུལ་ཡིག སྨར་ཡིག་ཆེ་ཆུང་།ཐོན་མི་སམྦྷོ་ཊ།སྟོན་པ་གཤེན་རབ།   སྟག་གཟིག་འོལ་མོ་ལུང་རིང་།


སྐབས་དོན་དངོས་ལ་བརྗོད་བྱ་དག་སྡེ་ཚན་དུ་བྱས་ཏེ་འཆད་པར་བྱ་བ་ལ།

དང་པོ།འཛམ་གླིང་སྤྱིའི་ཡི་གེའི་བྱུང་རིམ་དང་།ཡི་གེའི་ངོ་བོ་ངོས་བཟུང་བ།

    དེ་ཡང་སྤྱིར་ང་ཚོ་བོད་ཀྱི་ཡིག་ཚང་རྙིང་པ་དག་ལས་བོད་མི་རིགས་རང་གི་མཆེད་ཁུངས་ཐོག་མ་དེ་ཕ་སྤྲེའུ་བྱང་ཆུབ་དང་མ་བྲག་སྲིན་མོ་གཉིས་ལས་བྱུང་བར་སྨྲ་བའི་ལྷ་སྒྲུང་གི་ངང་ཚུལ་ཅན་གྱི་གཏམ་རྒྱུད་རིང་མོ་དེ་དང་།ད་ལྟའི་འཛམ་གླིང་གི་མིའི་རིགས་རིག་པའི་མཁས་དབང་དག་གིས་གནའ་ཤུལ་ལས་རྙེད་པའི་མིའི་རུས་བཀྲའི་འགྱུར་རྡོ་སོགས་ལ་ཚན་རིག་གི་དཔྱད་ཐབས་ཀྱི་སྒོ་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་དག་ལས་རྗེས་སུ་དཔག་ན།ང་ཚོ་འགྲོ་བ་མིའི་རིགས་འདི་ཐོག་མར་སྤྲ་སྤྲེའུ་རིགས་ལས་བྱུང་བར་གྲུབ་ལ།དེ་ཡང་ལོ་ངོ་ས་ཡ་གསུམ་དང་འབུམ་བདུན་ཙམ་ནས་མིའི་རིགས་ཐོག་མར་ས་སྒང་གོ་ལ་རིལ་བོ་འདིར་གཞིས་ཆགས་པ་ཡིན་ཞིང་།དུས་དེ་ནས་བཟུང་ད་ལྟའི་བར་གྱི་དུས་ཡུན་རིང་མོ་འདིའི་ནང་དུ་ང་ཚོ་མིའི་རིགས་ཀྱི་སྐད་དང་ཡི་གེ་བྱུང་བའི་ལོ་རྒྱུས་ནི་ཧ་ཅང་ཐུང་ལ།དེ་ལས་ཀྱང་ཡི་གེ་བྱུང་བའི་ལོ་རྒྱུས་འདི་ཤིན་ཏུ་ཐུང་སྟེ།དེང་སྐབས་ཀྱང་གནའ་རྫས་རྟོག་དཔྱོད་རིག་པའི་དཔྱད་འབྲས་ལྟར་ན་འཛམ་གླིང་གི་ཡི་གེ་ཆེས་སྔ་ཤོས་དེ་ཡང་སྤྱི་ལོ་སྔོན་གྱི་ལོ་༨༠༠༠ཙམ་ནས་བྱུང་བ་སྟེ།དུས་དེ་ཡི་མི་རྣམས་ཀྱི་འཚོ་བའི་རྣམ་པའི་བརྗོད་དོན་སྣ་ཚོགས་པ་ཕ་རོལ་ལ་གོ་བའི་ཐབས་དང་།དོན་གང་ཞིག་མི་བརྗེད་པའི་ཆེད་དུ་ཤིང་དང་བྲག་དང་སྣོད་ཆས་སོགས་ལ་མཚོན་བྱེད་ཀྱི་རི་མོར་བཀོད་པའམ་རྟགས་འདེབས་པ་སོགས་ཡིན་ཏེ།དཔེར་ན་བྱ་དང་རི་དྭགས་སོགས་ལ་རང་གི་གཟུགས་དབྱིབས་ཀྱི་རྣམ་པས་འབྲི་བ་དང་།གཞན་ཡང་མི་ནད་ཀྱིས་བཏབ་ན་དེའི་མཚོན་བྱེད་དུ་མིའི་གཟུགས་ཐང་ལ་འགྱེལ་བ་ལྟ་བུ་འབྲི་བ་དང་།ད་དུང་རི་ཆུ་དང་སྲོག་ཆགས་རྩི་ཤིང་སོགས་མཉམ་དུ་བསྡེབས་ནས་བརྗོད་བྱ་གང་རུང་ཞིག་མཚོན་པར་བྱེད་པ་ལྟ་བུ་དེའོ།།འདི་ནི་འཛམ་གླིང་གི་ཡི་གེ་བྱུང་བའི་འཕེལ་རིམ་གྱི་ངོས་ནས་བལྟས་ན་འཕེལ་རིམ་དང་པོ་སྟེ།ད་ལྟའི་དུས་སུ་གདོད་མའི་ཡི་གེའམ་འདྲ་རིས་ཡི་གེ་ཞེས་འབོད་པ་དེའོ།།དེ་ཡང་ད་ལྟའི་རྒྱ་ནག་གི་ཡི་གེ་འདི་ནི་སྤྱི་ལོ་སྔོན་གྱི་ལོ་༡༣༠༠ཡི་སྔོན་ཙམ་སྟེ་ཀྲུང་གོའི་རྒྱལ་རབས་གཉིས་པ་ཧྲང་རྒྱལ་རབས་商朝ཀྱི་སྐབས་ཙམ་ནས་བྱུང་བའི་སྐོགས་རུས་ཡི་གེ་甲骨文ཞེས་པ་འདི་རིམ་གྱིས་འགྱུར་ནས་བྱུང་བ་ཡིན་ལ།སྐོགས་རུས་ཡི་གེ་འདི་ནི་འཛམ་གླིང་གི་ཡི་གེ་བྱུང་བའི་འཕེལ་རིམ་གཉིས་པ་སྟེ་གནའ་རབས་ཡི་གེའམ་དོན་རྟགས་ཡི་གེའི་གྲས་ཡིན་ཞིང་།ཡི་གེ་འདི་ཉིད་ཀྱང་གོང་གི་གདོད་མའི་འདྲ་རིས་ཡི་གེ་དེ་དག་རིམ་བཞིན་འགྱུར་བ་ལས་གྲུབ་པ་ཡིན་པར་འདོད་དོ།།འོན་ཀྱང་འགའ་ཞིག་གིས་གནའ་བོའི་རྒྱ་ནག་གི་སྐོགས་རུས་ཡི་གེ་འདི་སོས་མེར་གྱི་མཛེར་ཡིག་དང་ཨེ་ཅིབ་ཀྱི་ལྷ་ཡིག་སོགས་ལས་འབྱུང་བ་ཅུང་འཕྱི་བས་ནུབ་ཕྱོགས་ཀྱི་ཡི་གེ་ལ་བརྟེན་ནས་བྱུང་བར་ཡང་འདོད་དོ།།ཡིན་ཡང་དེ་ནི་ཕྱོགས་ཞེན་གྱི་འཐེན་ཤུགས་ཤིག་ལས་མ་འདས་ཏེ།རྒྱུ་མཚན་ནི་མིའི་རིགས་ཀྱི་སྐད་ཆའི་བྱུང་རིམ་ལ་རྗེས་སུ་དཔག་ན་ཡི་གེའང་སོ་སོའི་འཚོ་བའི་དགོས་མཁོ་ལྟར་ཞེ་འདོད་ཀྱིས་གསར་དུ་བཟོ་ཆོག་པས་མཐའ་གཅིག་ཏུ་གཅིག་ལ་གཅིག་བརྟེན་གྱི་ངེས་པ་ག་ལ་ཡོད།གང་ལྟར་ལོ་ངོ་ས་ཡ་དུ་མའི་མིའི་རིགས་ཀྱི་ལོ་རྒྱུས་རིང་མོ་འདིའི་ཁྲོད་འཚོ་གནས་ཀྱི་དགོས་མཁོའི་ཆེད་དུ་རིག་གནས་སྣ་མང་ཞིག་རྣམ་དཔྱོད་ཀྱི་རྩལ་ལས་གསར་དུ་བཏོད་པར་བྱས་ཀྱང་།ཡི་གེ་འདི་ཉིད་ནི་ཆེས་རིན་ཐང་ལྡན་ཞིང་སྤྱོད་གལ་ཆེ་བ་ཞིག་ཡིན་པ་ནི་སྨོས་མ་དགོས་སོ།།འོ་ན་ཡི་གེའི་ངོ་བོ་ལ་ང་ཚོའི་བོད་ཀྱི་བརྡ་སྤྲོད་སོགས་གཞུང་ལུགས་ཕལ་ཆེར་ལས་ནི།མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་བཞག་སྟེ་ཡི་གེ་ནི་སྐད་ལས་གཟུགས་མ་ཡིན་པར་འདོད་ཀྱང་།འདིར་ཁོ་བོའི་ནི་དེ་ལས་ལྡོག་སྟེ་ཡི་གེའི་ངོ་བོ་ནི།ཚད་མ་རྣམ་འགྲེལ་ལས།སྒྲ་རྣམས་བརྗོད་འདོད་རྗེས་འབྲང་ཕྱིར།།སྨྲ་བོས་བསམ་པ་སྟོན་པར་བྱེད།།ཅེས་གསུངས་པ་ལྟར།རང་གི་བསམ་བློའི་ཡུལ་དུ་འཁོར་བའི་བརྗོད་དོན་དེ་ཉིད་མཚོན་བྱེད་ཀྱི་སྒྲ་གདངས་སམ་སྐད་ཆ་ཉིད་གཟུགས་ཀྱི་ཚབ་མཚོན་ནམ་རི་མོར་འབྲི་རྒྱུ་ཡོད་པ་ཞིག་ལ་འདོད་དོ།།གལ་སྲིད་ཡི་གེ་ཉིད་སྐད་ཀྱི་གདངས་ལ་བཞག་ན་ང་ཚོ་མི་སུ་ཡིན་ཡང་སྐད་ཆ་བཤད་ཐུབ་པ་ནས་བཟུང་ཡི་གེ་མ་བསླབས་པར་ཤེས་ཡོད་པར་ཐལ་ཞིང་།དེ་ལྟར་ན་ད་ལྟའི་མི་རིགས་གང་ཡིན་ཡང་རུང་རང་ལ་སྐད་རེ་ཡོད་པར་ངེས་པས་ཡི་གེ་མེད་པའི་མི་རིགས་ཤིག་འཛམ་གླིང་དུ་ཡོད་མི་སྲིད་མོད།ད་ལྟར་ཟ་ལར་མི་རིགས་དང་།ཀོ་ཧྲན་མི་རིགས་སོགས་མི་རིགས་སུམ་ཅུ་རྩ་ཞིག་གིས་རང་ལ་རང་གི་སྐད་ཡོད་ཀྱང་ཡི་གེ་མེད་པར་འདོད་ཀྱིན་ཡོད་པས་དེ་ཡང་དོན་ལ་མི་གནས་པ་ཞིག་ག་ལ་ཡིན།དེ་ཕྱིར་སྐད་གདངས་ལས་ཡི་གེ་བྱུང་བར་ངེས་ཀྱང་སྐད་དང་ཡི་གེ་ནི་གཞི་མཐུན་མི་སྲིད་སྙམ་མོ།།


གཉིས་པ། ད་ལྟའི་ང་ཚོ་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་སུས་གསར་དུ་

བཏོད་པ་དང་དཔེ་ཕྱིའི་ཡི་གེ་ངོས་བཟུང་བ།


    དེས་ན་སྐབས་འདིའི་གླེང་གཞི་དངོས་ལ་ཞུགས་ན་ད་ལྟའི་ང་ཚོ་བོད་ཀྱི་སྐད་དང་མཐུན་པའི་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་ཅན་གྱི་དབྱངས་གསལ་གྱི་ཡི་གེ་འདི་ཇི་ལྟར་བྱུང་ཚུལ་ཡིན་ལ།འདི་ནི་སྤྱི་ལོ་༦༡༩ལོར་གཙང་གི་ད་ལྟའི་སྙེ་མོ་རྫོང་གི་མངའ་ཁོངས་ཐོན་ལུག་ར་ཁའམ་ཐོན་ལུང་ར་ཁ་རུ་འབོད་པའི་ཡུལ་དེར་ཡབ་ཨ་ནུ་ར་ག་ཏའི་སྲས་སུ་སྐུ་འཁྲུངས་པའི་མི་བུ་སྟེ།ཡོངས་གྲགས་སུ་ཐོན་མི་སམ་བྷོ་ཊ་ཞེས་འབོད་པ་སྟེ་ལོ་རྒྱུས་དེབ་ཐེར་རྣམས་སུ་འཐོན་མི་ཨ་ནུའི་བུ་སམ་བྷོ་ར་མི་ཆུང་ཞེས་དང་།གཞན་ཡང་།ཐུ་མི་སཾ་བྷོ་ཊ།ཐོན་མི་སམྦྷོ་ཊ།མི་ཆུང་སམ་བྷོ་ཊ།མཐོན་མྱིན་སམ་པོ་རེ།མཐོན་མྱི་བསམ་པོ་ཊ།འཐོན་མི་གསམ་པོ་ར།འགོན་མི་སཾ་བ་ར།ཐོན་མི་བསམ་བུ་སོགས་འབྲི་ཚུལ་སྣ་ཚོགས་ཤིག་སྣང་ཡང་།དེ་ཐམས་ཅད་ཀྱང་དོན་དུ་བརྗོད་བྱ་མི་གཅིག་པའི་མིང་འབྲི་ཚུལ་ཐ་དད་ཙམ་ལས་མ་འདས་པ་ཡིན་ལ།ཁོང་ཉིད་བོད་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་ཐུགས་བཀོད་བཞིན་དགུང་ལོ་བཅོ་ལྔའི་སྟེང་སྟེ་སྤྱི་ལོ་༦༣༣ལོར་ཁོང་དང་སྟག་རོ་ལོ་ཤོག་སོགས་དཔོན་གཡོག་བཅུ་ཕྲག་ཅིག་རྒྱ་གར་དུ་ཕེབས་ཏེ་ལོ་ངོ་བདུན་ལྷག་ལ་ཁོང་གིས་རྒྱ་གར་གྱི་པཎྜིཏ་ལྷ་རིག་པའི་སེང་གེ་དང་བྲམ་ཟེ་ལི་བྱིན་ཀ་ར་གཉིས་སློབ་དཔོན་དུ་བསྟེན་ནས་རྒྱ་གར་གྱི་ཡིག་རིགས་སྣ་ཚོགས་དང་ད་དུང་སྒྲ་རིག་པའི་བསྟན་བཅོས་སོགས་རིག་པའི་གནས་ལ་སྦྱངས་བ་མཐིལ་ཕྱིན་པ་མཛད་དེ། དེ་ཡང་ས་སྐྱ་བསོད་ནམས་རྒྱལ་མཚན་དང་།དཔའ་བོ་གཙུག་ལག་ཕྲེང་བ།རྒྱལ་དབང་ལྔ་པ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་ཀྱི་ཡིག་ཚང་ཕལ་ཆེ་བར་གོང་གི་སློབ་དཔོན་དེ་གཉིས་བསྟེན་པར་བཞེད་ཀྱང་།བུ་སྟོན་རིན་ཆེན་གྲུབ་དང་འགོས་ལོ་གཞོན་ནུ་དཔལ་གྱིས་ལྷ་རིག་པའི་སེང་གེ་གཅིག་པུ་བསྟེན་པར་བཞེད་པ་སྟེ་འདོད་ཚུལ་གཉིས་སུ་སྣང་ངོ་།།སླར་བོད་ཡུལ་དུ་ལོག་ནས་བོད་རང་གི་སྐད་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་ཕོ་བྲང་སྐུ་མཁར་མ་རུ་སྟེ་ད་ལྟར་ཕ་བོང་ཁ་རུ་འབོད་པའི་གནས་དེར་གཞི་ནས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་བདག་ཉིད་དུ་གྲུབ་པ་འདི།གུཔྟའི་རྒྱལ་རབས་རྗེས་མ་གསུམ་ཀྱི་རིང་ཆེས་ཆེར་དར་བའི་ཡི་གེ་པྲཧྨི་ཀྵརྡ་ཞེས་པ་སྟེ་བྲམ་ཟེའི་ཡི་གེ་ཀྵརྡའི་ཡིག་གཟུགས་ལ་དཔེར་བླངས་ཏེ་གསར་གཏོད་མཛད་པ་ཡིན་ནོ།།འོན་ཀྱང་ཁོང་གིས་རྒྱ་གར་གྱི་ཡི་གེ་གང་ལ་དཔེ་མཛད་ཚུལ་གྱི་ཐད་ལ་སྔོན་བྱོན་མཁས་པ་དག་གི་བཞེད་ཚུལ་མི་འདྲ་བ་དུ་མ་སྟེ།དེ་ཡང་།ས་སྐྱ་བསོད་ནམས་རྒྱལ་མཚན་དང་།དཔའ་བོ་གཙུག་ལག་ཕྲེང་བ།རྒྱལ་དབང་ལྔ་པ།ཞ་ལུ་ལོ་ཆེན་སོགས་སྔོན་མཁས་པ་མང་ཤོས་ཀྱིས་རྒྱ་གར་གྱི་ལཉྩ་ལ་དཔེར་བྱས་ནས་དབུ་ཅན་དང་ཝརྟུ་ལ་དཔེར་བྱས་ནས་དབུ་མེད་མཛད་པར་གསུངས་ལ།རྒྱལ་བའི་བཀའ་ཐང་དང་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཆེན་མོ་སོགས་ལས་ན་ག་རའི་ཡི་གེར་དཔེར་བྱས་ཏེ་དབུ་ཅན་དང་།ཝརྟུའི་ཡི་གེ་ལ་དཔེར་བྱས་ཏེ་དབུ་མེད་བཟོས་པར་གསུངས་ཤིང་།སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ཀྱིས་ན་ག་རའི་ཡི་གེ་ལ་དཔེར་བྱས་ནས་མཛད་པར་བཞེད་པ་དང་།གཞན་ཡང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་ལཉྩ་དང་ཁ་ཆེའི་ཡི་གེ་ལ་དཔེར་བྱས་ཏེ་དབུ་ཅན་དང་།ཝརྟུ་ལ་དཔེར་བྱས་ཏེ་དབུ་མེད་བཟོས་པར་བཞེད་ལ།བུ་སྟོན་རིན་ཆེན་གྲུབ་ཀྱིས་ཁ་ཆེའི་ཡི་གེ་ལ་དཔེར་བྱས་པར་བཞེད་པ་དང་།ད་དུང་དགེ་འདུན་ཆོས་འཕེལ་གྱིས་གུཔྟའི་ཡི་གེ་ལ་དཔེར་བྱས་ནས་མཛད་པར་བཞེད་པ་སོགས་གཅིག་ཏུ་མི་ངེས་པར་རང་རང་གི་ཡིག་ཆ་དག་ལས་གསུངས་ཤིང་།འདིར་དེ་དག་གི་ཡིག་ཆའི་ཚིག་སྒྲ་ཇི་བཞིན་མི་འདྲེན་པ་ནི་ཡིག་ཚོགས་ཀྱི་སྤྲོས་པ་བསྐྱུང་བའི་དགོས་པར་སྣང་བས་མ་དྲངས་བ་ཡིན་ནོ།།དེ་བས་འདིར་བདག་གིས་ནི་བཞེད་ཚུལ་དེ་དག་ལས་བོད་ཀྱི་ཡི་གེ་ཉིད་གུཔྟའི་ཡི་གེ་ལ་དཔེ་བྱས་པ་འཐད་ལྡན་དུ་འདོད་ཅིང་།དེ་ཡང་གུཔྟའི་པྲཧྨི་ཀྵརྡ་ཞེས་པ་སྟེ་བྲམ་ཟེའི་ཡི་གེ་ཀྵརྡ་ལ་དཔེ་བླངས་པ་ཉིད་དུ་འདོད་དོ།།རྒྱུ་མཚན་ནི་སློབ་དཔོན་ཁོང་རྒྱ་གར་དུ་ཕེབས་པའི་དུས་ཡུན་ནི་དུས་རབས་བདུན་པའི་སྟོད་ཙམ་དུ་ཁེལ་ཡོད་པ་སྟེ་སྤྱི་ལོ་༦༣༣ཡིན་ཞིང་།དེ་དུས་རྒྱ་གར་དུ་གུཔྟའི་རྒྱལ་རབས་ཕྱི་མ་གསུམ་གྱི་བར་མ་སྟེ་རྒྱལ་བོ་ད་མོ་ད་ར་གུཔྟའི་རྒྱལ་རྒྱུད་ཀྱི་དུས་སུ་ཕལ་ཆེར་ཁེལ་ཡོད་ལ།མ་ཟད་དེ་དུས་སུ་རྒྱ་གར་གྱི་ཆབ་སྲིད་དང་དཔལ་འབྱོར་ཤེས་རིག་སོགས་སྔར་ལས་འཕེལ་བའི་དུས་ཡིན་ལ།པྲཧྨི་ཀྵརྡའི་ཡི་གེ་འདི་ཡང་དེའི་དུས་སུ་ཆེས་ཆེར་སྤྱོད་པའི་ཡི་གེ་ཡིན་ནོ།།དེ་བས་དེའི་དུས་སུ་ད་དུང་ན་ག་རའི་ཡི་གེ་བྱུང་མེད་ལ།ལཉྩ་དང་ཝརྟུ་ནི་དེ་ལས་ཀྱང་འབྱུང་འཕྱི་བས་དེ་དག་དཔེར་བྱས་ཏེ་གསར་དུ་བཏོད་པའི་རྒྱུ་མཚན་ནི་འཇོག་ཏུ་མེད་པས་དུས་གྱི་དབང་དུ་བྱས་ན་བོད་ཀྱི་ཡི་གེ་ཉིད་གུཔྟའི་ཡི་གེ་ལ་དཔེར་མཛད་པར་དོན་ལ་གནས་ཞིང་།རྒྱུ་མཚན་གཞན་ཡང་བོད་ཀྱི་ཡི་གེ་དང་གུཔྟའི་ཡི་གེ་གཉིས་ཀྱི་གཟུགས་འདྲ་བོ་ཡོད་པར་མ་ཟད་ཡི་གེའི་སྐྱེ་གནས་དང་ཀ་མད་ཀྱི་གོ་རིམ་འགོད་ཚུལ་ཡང་འདྲ་ལ།གཞན་ཡང་ང་རོ་འབྱིན་ཚུལ་དང་མཐར་གནས་འཇོག་ཚུལ་ཡང་འདྲ་བོ་ཡོད་པས་བོད་ཀྱི་ཡི་གེ་ཉིད་གུཔྟའི་ཡི་གེ་ལ་དཔེར་མཛད་པ་ཡིན་པར་དོན་ལ་གནས་པར་འདོད་དོ།།འོན་ཀྱང་སློབ་དཔོན་ཁོང་གིས་ཐོག་མར་བོད་ཀྱི་ཡི་གེ་ཉིད་རྒྱ་གར་གྱི་ཡི་གེ་ལ་དཔེར་མཛད་སྐབས་དབུ་ཅན་གཟབ་མ་ཉིད་ལ་དཔེར་མཛད་པ་ལས་དབུ་མེད་ནི་དབུ་ཅན་རིམ་བཞིན་བྲིས་འགྱུར་བ་ལས་གྲུབ་པ་ཡིན་ནོ།།འོ་ན་ཞར་བྱུང་དུ་གུཔྟའི་ཡི་གེའམ་པྲཧྨི་ཀྵརྡའི་ཡི་གེ་འདི་ཇི་ལྟར་བྱུང་བ་ཡིན་ཟེར་ན།འདི་ནི་ཐོག་མར་རྒྱ་གར་རང་ས་རུ་སྤྱི་ལོ་སྔོན་གྱི་དུས་རབས་བདུན་པ་དང་བརྒྱད་ཙམ་ནས་སྤྱོད་བཞིན་པ་སྟེ་རྒྱ་གར་གྱི་ཡི་གེ་ཀུན་གྱི་ཕྱི་མོར་གྱུར་པ་པྲཧྨ་Brami.婆罗米ཞེས་བྱ་བའི་ཡི་གེ་ཉིད་རིམ་གྱིས་འགྱུར་ནས་བྱུང་ལ།ཡི་གེ་འདིའི་འབྱུང་ཁུངས་ལ་རྒྱ་གར་པ་རྣམས་ཀྱིས་ནི་རྒྱ་གར་རང་ལས་བྱུང་བར་འདོད་དེ།ལྷ་ཚངས་པས་བྱས་པ་ཡིན་པར་འདོད་དོ།།དེ་ཡང་དགེ་འདུན་ཆོས་འཕེལ་གྱིས་འདི་ལ་དེང་སང་བྲམ་ཟེའི་ཡི་གེའམ་ཚངས་པའི་ཡི་གེར་འབོད་དོ།།ཞེས་གསུངས་པ་ལྟར།རྒྱ་གར་པ་དག་གིས་ཡི་གེ་འདི་རྒྱ་གར་རང་གི་དབྱངས་གསལ་གྱི་ཡི་གེ་ཐོག་མ་ཡིན་ཞིང་ཆེས་སྔ་མོ་ནས་དར་བའི་རྒྱུ་མཚན་གྱིས་ཚངས་པས་བྱས་པར་འདོད་པ་ལས་རྒྱུ་མཚན་གཞན་མ་མཐོང་ངོ་།།དེ་ལས་གཞན་ཡི་གེ་འདི་མི་རིགས་གཞན་ལས་བྱུང་བར་འདོད་པ་ཡང་ཡོད་དེ།དེ་ཡང་གནའ་བོའི་ནུབ་ཕྱོགས་ཡོ་རོབ་ཀྱི་ས་དབུས་རྒྱ་མཚོའི་ཤར་འགྲམ་སི་རི་ཡ་ཕ་ལི་སི་ཐན་Syria_palestine叙利亚,巴勒斯坦ཞེས་བྱ་བའི་ཡུལ་དེར་གནས་པའི་མི་དམངས་ཚོང་པ་དག་གིས་སོས་མེར་གྱི་མཛེར་ཡིག་དང་ཨེ་ཅིབ་ཀྱི་ལྷ་ཡིག་གཉིས་ཀྱི་ནང་དུ་ཡོད་པའི་སྒྲ་གདངས་མཚོན་བྱེད་ཀྱི་རྟགས་རྣམས་ལ་ལད་མོ་བྱས་ཏེ།ཁོ་ཚོའི་སྐད་ཆའི་གདངས་རྣམས་མཚོན་བྱེད་ཀྱི་རྟགས་སམ་རི་མོ་གསར་དུ་བཟོས་ཤིང་དེ་ལ་བརྟེན་ནས་ཁོང་ཚོའི་ཚོང་རྫས་ལ་མིང་དང་རིན་གོང་སོགས་ཐོ་འགོད་བྱས་ཤིང་།འདིའི་སྔོན་གྱི་ཡི་གེ་རྣམས་གཙོ་བོར་གཟུགས་སམ་དབྱིབས་ལ་བལྟས་ནས་རང་གི་བརྗོད་དོན་དེའི་སྐད་ཆའི་ཐ་སྙད་དག་མཚོན་པར་བྱེད་པ་ཡིན་ལ།ཡི་གེ་འདི་བྱུང་བ་ནས་བཟུང་དབྱིབས་སམ་གཟུགས་ཀྱི་ཆ་ལ་མི་ལྟོས་པར་གཙོ་བོ་སྒྲ་གདངས་ཀྱི་ཆ་ནས་བརྗོད་དོན་དེའི་སྐད་ཆའི་ཐ་སྙད་དག་མཚོན་པར་བྱེད་པ་སྟེ།དབྱངས་གསལ་གྱི་ཡི་གེའམ་ཡི་གེའི་འཕེལ་རིམ་གསུམ་པ་ཉིད་ཐོག་མར་བྱུང་ལ།འདིའི་མིང་ལ་ད་ལྟའི་དུས་སུ་བྱང་སེ་མུའུ་ཐིའི་ཡི་གེ་Semites闪米特ཟེར་ཞིང་།འདི་ཉིད་རིམ་གྱིས་འཕེལ་ནས་རྗེས་སུ་དབྱངས་གསལ་གྱི་མ་ལག་བཞི་རུ་གྱེས་པ་སྟེ།ཁ་ནནCanaanite迦南དང་།ཨ་ར་མ་Aramaic阿拉马དང་།ས་པ་Saba撒巴དང་།ཧེ་ལིན་Greek alphablet希腊དབྱངས་གསལ་མ་ལག་གོ།དེ་དག་རིམ་བཞིན་འཛམ་གླིང་ཤར་ནུབ་ཀུན་ཏུ་དར་ཞིང་ཤར་ཕྱོགས་རྒྱ་གར་གྱི་ཡུལ་དུ་ཨ་ར་མའི་དབྱངས་གསལ་གྱི་མ་ལག་འདི་དར་བས་དེ་རིམ་བཞིན་རྒྱ་གར་དབྱངས་གསལ་མ་ལག་ཏུའང་གྱུར་པ་སྟེ་ཐོག་མར་རྒྱ་གར་དུ་པྲཧྨའམ་ཚངས་པའི་ཡི་གེ་འདི་བྱུང་ངོ་།།དེ་བས་ད་ལྟའི་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདིའི་འཕེམ་རིམ་ཡང་ཐོག་མར་འདྲ་རིས་ཀྱི་ཡི་གེ་ནས་རིམ་བཞིན་དོན་རྟགས་ཀྱི་ཡི་གེདེ་ནས་བྱང་སེ་མུའུ་ཐིའི་དབྱངས་གསལ་གྱི་ཡི་གེ་དང་།དེ་ལས་ཨ་ར་མའི་དབྱངས་གསལ་གྱི་མ་ལག་ཏུ་རྒྱ་གར་གྱི་པྲཧྨའི་ཡི་གེའམ་ཚངས་པའི་ཡི་གེ་དང་།དེ་ལས་རིམ་བཞིན་གུཔྟའི་ཡི་གེ་འམ་ཀྵརྡའི་ཡི་གེ་བྱུང་ཞིང་།བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་ནི་དེ་ལ་དཔེར་བྱས་ཏེ་སློབ་དཔོན་ཐོན་མིའི་གསར་དུ་བཏོད་པར་མཛད་པ་ཡིན་ནོ།།


གསུམ་པ།བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་དུས་རབས་བདུན་པའི་སྔོན་ནས་ཡོད་པར་འདོད་པའི་ཕྱོགས་ཀྱི་འདོད་པ་བཀོད་ཅིང་དེ་ལ་གནོད་པ་བརྗོད་པ།


     ཡིན་ཡང་བོན་པོའི་ཕྱོགས་ཀྱི་ཡིག་ཆ་དང་།དེ་མིན་ད་ལྟའི་དུས་སུ་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་ཏུན་ཧོང་གཏེར་ཡིག་སོགས་སྒྲུབ་བྱེད་དུ་དྲངས་ཏེ་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་སློབ་དཔོན་ཐོན་མིས་གསར་གཏོད་མཛད་པ་མ་ཡིན་པ་དང་།ཁོང་གི་སྔ་རོལ་ཏུའང་བོད་ལ་ད་ལྟའི་དབྱངས་གསལ་གྱི་ཡི་གེ་འདི་ཡོད་པར་གླེང་གིན་ཡོད་ཀྱང་།དེ་དག་ཚང་མའི་དགོངས་དོན་མཐར་གཏུགས་ན་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་ཞང་ཞུང་གི་ཡི་གེ་འགྱུར་བ་ལས་བྱུང་བ་དང་།དེ་ཡང་བོན་གྱི་སྟོན་པ་གཤེན་རབ་མྱི་བོ་ཆེ་རུ་འབོད་པས་མཛད་པ་ཡིན་པར་ཁུངས་གཏུགས་ཀྱིན་འདུག་གོ།ཡིན་ཡང་ཏུན་ཧོང་ཡིག་ཆ་དང་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་ཡིག་ཆ་སྟེ་དུས་རབས་བཅུ་བའི་སྔ་རོལ་གྱི་བོན་དང་འབྲེལ་བའི་ཡིག་ཆ་དག་ལ་ཁུངས་གཏུགས་ཏེ་དཔྱད་ན།དེ་དག་ལས་ཕ་གཤེན་རབ་མི་བོ་ཞེས་མང་དུ་འབྱུང་བ་ལས་སྟོན་པ་གཤེན་རབ་མི་བོ་ཞེས་ཚིག་གཅིག་ཀྱང་མི་འབྱུང་ལ།དེ་མིན་མཚན་གྱི་རྗེས་སུ་ཆེ་ཞེས་སྦྱོར་བ་ཡང་མི་སྣང་ལ།ད་དུང་སྟག་གཟིག་འོལ་མོ་ལུང་རིང་སོགས་སུ་འཁྲུངས་ཚུལ་ཡང་མི་གསལ་ཞིང་།དེ་མིན་སྟོན་པ་གཤེན་རབ་མི་བོ་ཆེ་ཞེས་འབོད་པ་དེ་དུས་རབས་བཅུ་གཅིག་པའི་རྗེས་ཀྱི་བོན་པོའི་ཡིག་ཆ་དང་བཅུ་བའི་སྔོན་གྱི་ཏུན་ཧོང་དང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་པོའི་ཕྱོགས་ཀྱི་ཡིག་ཆ་དག་བསྡུར་བ་བྱས་ཚེ་རྩ་བའི་ཆ་ནས་མི་འདྲ་བ་མང་བས་དཔྱད་དགོས་པ་མང་ཡང་།སྐབས་འདིར་སྟོན་པ་གཤེན་རབ་མི་བོ་ཆེ་རུ་འབོད་པའི་ཡིག་ཆ་དག་གཞིར་བཞག་སྟེ་དཔྱད་པ་ལ།དེ་ཡང་སྟོན་པ་གཤེན་རབ་ཁོང་འཁྲུངས་སའི་ཡུལ་དང་ཡབ་ཡུམ་ད་དུང་མཚན་ཇི་ལྟར་གསོལ་ཚུལ་སོགས་ནི།བོན་པོའི་ཡིག་ཆ་༼   མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་མདོར་བསྡུས་པ་   ༽ཞེས་པ་ལས། ངོ་མཚར་ཆེ་བའི་ཡོན་ཏན་འབུམ་གྱིས་བརྒྱན་པའི་སྟག་གཟིག་འོལ་མོ་ལུང་རིང་གི་ཞིང་ཁམས། རྒྱལ་ས་མཁར་བར་སོ་སོ་བརྒྱད་དུ།དམུ་རིགས་འཕྲུལ་གྱི་རྒྱལ་པོའི་གདུང་འཛིན། ཡབ་ནི་མི་བོན་ལྷ་བོན་རྒྱལ་བོན་ཐོད་དཀར་ཞེས་བྱ་བ་དང་། ཡུམ་ནི་མི་ཕྱི་ལྷ་ཕྱི་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། ཟླ་བའི་དང་པོ་དཔྱིད་ར་མོ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས། སྐར་མ་རྒྱལ་གྱི་རུ་གོང་ལ་སྟོན་པ་མཆོག་གི་གསང་གསུམ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་གྱི་མཚན་དཔེ་མཁའ་མཉམ་བསྟན་འགྲོ་ཡོངས་ཀྱི་དཔལ་དུ་འཁྲུངས་པ་ནས་བཟུང་།ངོ་ཐོག་ཆུ་ཡོས་འདི་ཡན་ལ་འདས་ལོ་༡༧༩༧༩དེ་ལ་བྲམ་ཟེ་གསལ་ཁྱབ་འོད་ལྡན་གྱིས་མཚན་བརྟགས་པས། མཚན་བཟང་པོ་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ། ངེས་པའི་ཐོ་ཡིག་བཞི་བཅུ། ལེགས་པའི་ཡོན་ཏན་བརྒྱ་རྩ་བརྒྱད། འོད་ཟེར་གྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ། མཁྱེན་པའི་ཡེ་ཤེས་སུམ་བརྒྱ་དྲུག་ཅུ་མངའ་བ། རིན་པོ་ཆེ་ཡི་མི་ལ་འོད་ཟེར་ཕྱོགས་བཅུར་འཕྲོ་བ་རུ་འདུག་པས་མཚན་ལ། སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་མཚན་གསོལ།ཞེས་གསུངས་ཤིང་།གཞན་ཡང་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་༼ རྒྱལ་རབས་གསལ་བའི་མེ་ལོང་ལས། ༽རྒྱལ་བློན་འདི་གཉིས་ཀྱི་དུས་སུ་གཡུང་དྲུང་བོན་བྱུང་སྟེ།སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོའི་ལུང་རིང་དུ་སྐུ་འཁྲུངས།ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད།ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ།དར་ཞིང་རྒྱས་པར་མཛད།ཅེས་གསུངས་པ་སོགས་བན་བོན་གཉིས་ཀྱི་ཡིག་ཆ་ལས་ཁོང་ཉིད་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་པར་གསུངས་ལ།དེ་ཡང་སྟག་གཟིག་ནི་གནའ་བོའི་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་波斯པར་ཟིག་ཟེར་བ་དེ་ཡིན་ལ་བོད་ཀྱི་དེབ་ཐེར་ཁག་ཏུ་དེ་ལ་སྟག་གཟིག་དང་ཏ་ཟིག་ཅེས་ཀྱང་འབོད་ཅིང་།ད་ལྟའི་རྒྱ་ནག་གི་སྐད་དུ་ས་དེ་ལ་伊朗ཞེས་པར་འདུག་ལ་དེང་དུས་སུ་ང་ཚོས་ཀྱང་རྒྱ་ནག་གི་སྐད་ཐད་སྦྱར་གྱི་སྒོ་ནས་དབྱི་ལང་ཞེས་འབོད་ཀྱིན་པ་མང་ངོ་།།འོལ་མོ་ལུང་རིང་ནི་རྒྱལ་ཁབ་དེའི་ཁོངས་གཏོགས་ཀྱི་ཡུལ་བྱེ་བྲག་པ་ཞིག་སྟེ།ད་ལྟའི་ལོ་རྒྱུས་ཞིབ་འཇུག་པ་ཚོས་དབྱི་ལང་དུ་འོལ་མོ་ལུང་རིང་ཟེར་བའི་ས་ཆ་ཞིག་ངོས་འཛིན་བྱེད་ཐུབ་ཡོད་པ་དེ་ཡིན་པར་འདུག་གོ།དེའི་ཕྱིར་སྟོན་པ་ཁོང་ནི་པར་ཟིག་གམ་དབྱི་ལང་དུ་འཁྲུངས་པའི་མི་ཞིག་ཡིན་འདུག་པས་ཁོང་གིས་བོད་ཀྱི་སྐད་དང་མཐུན་པའི་དབྱངས་གསལ་གྱི་ཡི་གེ་འདི་གསར་དུ་མཛད་པ་ཡིན་ནོ་ཟེར་ན།དེ་ནི་ཆེས་ངོ་མཚར་ཞིང་དཔེ་མི་སྲིད་པའི་གནས་ཤིག་ཡིན་པ་སྨོས་མ་དགོས་ལ།གཞན་ཡང་ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་༼ ཉང་རལ་ཆོས་འབྱུང་ལས། ༽བོན་ལུགས་ནི་སྟག་གཟིག་ཡུལ་གྱི་སྒོང་སྐྱེས་ལྟ་བུའི་ལུགས་འཛིན་མཁན་ཡིན་པས་དེ་ནི་མུ་སྟེགས་པའོ།།ཞེས་གསུངས་པ་ལས་རྗེས་སུ་དཔག་ནའང་སྟོན་པ་ཁོང་དབྱི་ལང་གི་ཡིན་པར་མ་ཟད་ཁོང་གི་ལྟ་བའི་འབྱུང་ཁུངས་དེ་ཡང་དབྱི་ལང་ཡིན་པར་ཤེས་ཐུབ་པར་འདུག་གོ།འོ་ན་བོན་པོའི་ཡིག་ཆ་དག་ལས་ད་ལྟའི་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་ཐོག་མར་ཇི་ལྟར་བྱུང་བར་ངོས་འཛིན་བྱེད་པ་རེད་ཅེ་ན།༼ མཛད་པ་དྲུག་ཅུའི་མདོ་ ༽ལས།མ་འོངས་འགྲོ་ཀུན་ཐར་པ་འདྲེན་པའི་དཔལ།།གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་།།དེ་ཕྱིར་ང་ཉིད་མི་འབྱོན་ཡི་གེ་འབྱོན།།སངས་རྒྱས་བསྟན་པ་ཡི་གེས་འཛིན་དགོས་པས།།འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར།།ཞེས་དང་།༼ རིན་ཆེན་གཏེར་ཁྱིམ ༽ལས།ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ།།འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས།།ཡི་གེའི་འབྱུང་ཁུངས་ཐོག་མ་དེ་ནས་བྱུང་།།ཞེས་དང་།༼ བརྡ་སྤྲོད་ཉི་ཤུ་བདུན་པ་ ༽ལས།ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར།།དོན་ལ་སྦྱོར་བའི་མཚན་ཉིད་འཛིན།།ངོ་བོ་འཕྲུལ་ཡིག་བཞི་བཅུའོ།།དཔའ་བོ་འབྲུ་ལྔ་ལས་བྱུང་བའི།།ཞེས་གསུངས་པ་དང་།གཞན་ཡང་།༼ མདོ་གཟེར་མིག་ ༽ལས།ཡི་གེའི་ས་བོན་དཔའ་བོ་འབྲུ་ལྔ་ལས།འཕྲུལ་གྱི་ཡི་གེ་སུམ་ཅུ་རྩ་བརྒྱད་གྱེས་སོ།།ཞེས་གསུངས་པ་དང་།ཡང་དེ་ཉིད་ལས།གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས།།བྱིན་གྱིས་རླབས་པས་དཔའ་བོ་འབྲུ་ལྔ་ལུས།།སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ།།ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས།།ཞེས་དང་།༼ གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས། ༽མཐོན་མཐིང་བཻཌཱུར་འོད་ཀྱི་གླེགས་བམ་ལ།།སྟོན་པའི་ཐུགས་ལས་བདེན་པའི་འོད་བྱུང་ནས།།སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས།།འཕྲུལ་གྱི་ཡིག་རྨད་སུམ་བཅུའི་འབྲུ་བཀོད་ནས།།ལྷག་པའི་ཡིག་འབྲུ་བརྒྱད་ཀྱིས་རྒྱན་བཀོད་ཅིང་།།སྟོང་གི་སྤྱི་ཕུད་ལྟ་བུར་གྱུར་པའོ།།ཞེས་སོགས་བོད་ཀྱི་དབྱངས་གསལ་གྱི་ཡི་གེའི་ཐོག་མ་ནི་འཕྲུལ་ཡིག་བཞི་བཅུའམ་སུམ་ཅུ་རྩ་བརྒྱད་སོགས་གྲངས་ངེས་ལ་བཞེད་ཚུལ་གཅིག་ཏུ་མ་བབས་པ་དུ་མར་གསུངས་ཀྱང་།དོན་གྱིས་དཔའ་བོ་འབྲུ་ལྔ་ལས་མཆེད་པའི་འཕྲུལ་ཡིག་དེ་དག་ཡིན་ཞིང་།དེ་ཉིད་སྟོན་པ་གཤེན་རབ་མཆོག་གིས་གསར་གཏོད་མཛད་པར་མགྲིན་གཅིག་ཏུ་སྨྲ་བར་སྣང་ངོ་།།དེ་ཡང་དཔའ་བོ་འབྲུ་ལྔ་ནི་ཡིག་འབྲི་ཁྲི་དང་འབུམ་གཉིས་ཀྱི་བྱེ་བྲག་ཅིག་སྟེ།ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་པའི་གཏོ་སྒྲོམ་ཆེན་པོ་དེ་དཔོན་བཟའ་ཐང་མོ་ཉིད་བདུད་རྒྱལ་ཁྱབ་པ་ལག་རིང་གིས་བསླུས་དེ་མེར་བསྲེགས་པའི་ཤུལ་དུ་ལུས་པ་རྣམས་ཡིན་པར་འདོད་དོ།།དེ་ཡང་།༼ མདོ་གཟེར་མིག་ལས། ༽སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད།།ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི།།སྣང་སྲིད་སིལ་བར་མཆེད་པའི་རྒྱུ།།ཞེས་དང་།༼ མདོ་དྲི་མེད་གཟི་བརྗིད་ལས། ༽ཐབས་ཀྱི་རྒྱལ་པོ་སངས་པོ་ཡི།།ཡིག་འབྲུ་ཁྲི་དང་འབུམ་ཡོད་ན།།དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱི།།ཡིག་རྩིས་མ་བསླབས་རང་རྡོལ་ཤེས།།གཤེན་རབ་སྟོན་པའི་བསྟན་པ་བཞིན།།བསྟན་པ་བཞིན་དུ་ངེས་པར་གོ།ཞེས་སོགས་ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་པར་གསུངས་ལ།གཞན་འཕྲུལ་ཡིག་དེ་དག་སྟག་གཟིག་སྤུངས་ཡིག་དང་ཞང་ཞུང་ཡིག་རྒན།སྨར་ཡིག་ཆེ་ཆུང་དང་བོད་ཡིག་དབུ་ཅན་དབུ་མེད་སོགས་སུ་བསྒྱུར་བར་ཡང་འདོད་པ་སྟེ།དེ་ཡང་།༼ དར་རྒྱས་གསལ་སྒྲོན་ལས། ༽དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར།ཡིག་རྒན་སྨར་སྦྲག་ཏུ་བསྒྱུར་དེ་སྨར་ཆེ་ཆུང་དུ་བསྒྱུར།སྨར་ཆེན་དབུ་ཅན་ནམ་གཟབ་ཏུ་བསྒྱུར།སྨར་ཆུང་འབྲུ་མར་བསྒྱུར།ཡིག་འབྲུ་སྣ་ཚོགས་འབྲུ་མ་ལས་བརྩམས་སོ།།ཞེས་དང་།༼ གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་དབང་མགྲིན་རྒྱན་ལས། ༽དང་པོ་དག་པ་ལྷའི་ཡི་གེ་ནི་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།དེ་ཉིད་ལས་ཞང་ཞུང་ཡིག་རྒན་དུ་བསྒྱུར།ཡིག་རྒན་དེ་སྨར་ཡིག་ཏུ་བསྒྱུར།དེ་ཉིད་སྨར་ཆེ་ཆུང་།དེ་ལས་བོད་ཡིག་གཟབ་གཤར་རིམ་པར་འགྱུར།།ངོ་བོ་འཕྲུལ་ཡིག་བཞི་བཅུ་སྣོན་བྲི་མེད།།ཡུལ་གྱི་སྐད་གདངས་དང་བསྟུན་སྒྲའི་འབོད་སྟངས།།དག་ཕྱིར་སྔོན་རྗེས་འཇུག་སོགས་སྐབས་སྦྱོར་བསྒྱུར།།དེ་ལྟར་བོད་ཡིག་འདི་ཕུག་སངས་རྒྱས་གསུངས།།ཞེས་དང་།གཞན་ཡང་།༼ དྲན་པའི་བཀའ་ཐང་ལས། ༽དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་།།བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང་།།ལ་ཤུ་སྟག་རིང་ལ་སོགས་པཎ་གྲུབ་འགའ།།རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་དུ་བྱོན།།བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་དྲངས།།ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙཱ་མཛད།།དག་པ་ལྷ་ཡི་སྐད་ཀྱི་ཡི་གེ་ནི།།སྟག་གཟིག་སྐད་དུ་སྤུངས་ཡིག་དག་ཏུ་བསྒྱུར།།སྤུངས་ཡིག་ཞང་ཞུང་ཡིག་རྒན་ཉིད་དུ་བསྒྱུར།།ཡིག་རྒན་སྨར་སྦྲག་སྨར་ཆེན་སྨར་ཆུང་བསྒྱུར།།སྨར་ཆུང་དབུ་ཆེན་གཟབ་ཏུ་བསྒྱུར་བར་བྱས།།གཟབ་ལས་འབྲི་ཚ་བོད་ཀྱི་ཡི་གེར་བསྒྱུར།།ཅེས་པ་ལ་སོགས་གསུངས་པས།དེ་དག་ལ་དཔྱད་པའི་གནས་འདི་དག་སྣང་སྟེ།དང་པོ་སྟོན་པ་ཁོང་གིས་འཕྲུལ་ཡིག་དག་མ་བཟོས་པའི་སྔར་ནས་དཔའ་བོ་འབྲུ་ལྔའམ་ཡང་ན་ཡིག་འབྲུ་ཁྲི་དང་འབུམ་གཉིས་པོ་དེ་དག་ཡོད་པར་གསུངས་པས།འདི་དག་ཡི་གེ་ཡིན་དང་མིན་པར་དཔྱད་དགོས་པར་སྣང་ལ།གལ་སྲིད་དེ་དག་ཡི་གེ་ཡིན་ལ་མི་རིགས་གང་གི་སྐད་དང་མཐུན་པའི་ཡི་གེ་ཡིན་ཟེར་ན།སྟོན་པ་ཁོང་ཉིད་སྟག་གཟིག་གི་ཡུལ་དུ་འཁྲུངས་པར་གསུངས་པ་དང་།ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི་སངས་པོ་འབུམ་ཁྲིའི་ཐབས་ལས་བྱུང་བར་འདོད་ཅིང་།བོན་ཆོས་གྱི་ཕུགས་ཀྱང་དེར་ཐུག་པར་གསུངས་པས་སྟག་གཟིག་གི་ཡི་གེ་ཞིག་ཡིན་ནམ་སྙམ་ཡང་།འོན་ཀྱང་དབྱངས་གསལ་གྱི་ཡི་གེ་ཞིག་ཡིན་མིན་དཔྱད་དུས་གོང་གི་མདོ་དྲི་མེད་གཟི་བརྗིད་ལས་དྲངས་པ་སྟེ།ཡིག་རྩིས་མ་བསླབས་རང་རྡོལ་ཤེས།།ཞེས་གསུངས་པ་ལ་རྗེས་སུ་དཔག་ན་དེ་ནི་མི་རིགས་ལ་དབྱེ་བ་མེད་པར་ཐམས་ཅད་ཀྱིས་མ་བསླབས་པར་ཤེས་ཐུབ་པའི་འདྲ་རིས་ཡི་གེ་ཞིག་ལས་མི་རིགས་ཐུན་མིན་གྱི་སྐད་དང་མཐུན་པའི་ཡི་གེ་སྟེ་དབྱངས་གསལ་གྱི་ཡི་གེ་ཞིག་མིན་པར་སེམས་ཤིང་།གལ་སྲིད་དེ་དབྱངས་གསལ་གྱི་ཡི་གེ་ཞིག་ཡིན་པའི་དབང་དུ་བཏང་ན་བོད་ཀྱི་ཡི་གེའི་ཕྱི་མོ་ཉིད་སྟོན་པ་གཤེན་རབ་ཀྱིས་མཛད་པ་ཡང་མ་ཡིན་པར་དེའི་སྔོན་ནས་ཀྱང་ཡོད་པར་འདོད་དགོས་པར་འགྱུར་ལ།དེ་དག་ཡི་གེ་མ་ཡིན་པར་སྨྲ་མི་ནུས་ཏེ།བོན་པོའི་ཡིག་ཆ་དག་ལས་ཡི་གེ་ཡིན་པར་ཚིག་ཟིན་ལ་དངོས་སུ་གསུངས་པ་དང་འགལ་ལོ།།གཉིས་པ་འཕྲུལ་ཡིག་བཞི་བཅུ་ལས་སྟག་གཟིག་སྤུངས་ཡིག་དང་ཞང་ཞུང་ཡིག་རྒན་ད་དུང་སྨར་ཡིག་ཆེ་ཆུང་སོགས་བསྒྱུར་བར་གསུངས་པ་ལ་དཔྱད་ན།འཕྲུལ་ཡིག་བཞི་བཅུ་ལ་ཕྲི་སྣོན་ཅུང་ཙམ་ཡང་མ་བྱས་པར་སྟག་གཟིག་དང་ཞང་ཞུང་ད་དུང་བོད་ཀྱི་སྐད་དང་མཐུན་ཐུབ་ཡོད་པའི་དབྱངས་གསལ་གྱི་ཡི་གེ་ཞིག་ཏུ་ཆགས་ཐུབ་ཡོད་པར་བཞེད་པས།ཡི་གེ་དེ་དག་གི་གཟུགས་འགྱུར་བ་ཙམ་ལས་མི་རིགས་འདི་དག་གི་སྐད་རིགས་གཅིག་ཡིན་པར་ཁས་ལེན་ནམ་ཅི་སྟེ།མིན་ན་སྐད་རིགས་མི་གཅིག་པའི་མི་རིགས་དུ་མས་དབྱངས་གསལ་འདྲ་མཚུངས་ཀྱི་ཡི་གེ་སྟེ་ཀ་མད་སུམ་ཅུ་བོ་འདི་གཅིག་པུ་ཉིད་རང་རང་གི་སྐད་དང་མཐུན་པར་ཇི་ལྟར་བཀོལ་སྤྱོད་བྱེད་ནུས་ཏེ་དཔེ་མི་སྲིད་ལ།གལ་སྲིད་མི་རིགས་དེ་དག་གི་སྐད་རིགས་གཅིག་ཡིན་ཟེར་ན།གོང་དུ་དྲངས་པའི་དྲན་པའི་བཀའ་ཐང་ལས་སྟོང་རྒྱུང་མཐུ་ཆེན་དང་ཤ་རི་དབུ་ཆེན་སོགས་ཀྱིས་ལོ་ཙཱ་མཛད་ཚུལ་དེ་ཇི་ལྟར་ལགས་ཏེ་སྐད་རིགས་གཅིག་ལ་ལོ་ཙཱ་མཛད་ཚུལ་མེད་པས་སྒྲུབ་བྱེད་ཀྱི་ལུང་དང་འགལ་ལ།གཞན་ཡང་སྟག་གཟིག་འོལ་མོ་ལུང་རིང་ཉིད་ཞང་ཞུང་གི་ཡུལ་བྱེ་བྲག་པ་ཞིག་ཡིན་པའི་འདོད་ཚུལ་འཆད་མཁན་ཡང་ཡོད་པས་དེ་དག་གིས་ཞང་ཞུང་ལའང་སྐད་དང་ཡི་གེ་མི་མཐུན་པ་གཉིས་སམ་ཡང་ན་དུ་མ་ཡོད་པར་འདོད་དམ་ཅི་སྟེ།དེ་མིན་ན་ལོ་ཙཱ་བ་དེ་དག་གིས་སྐད་སུམ་བསྒྱུར་བྱ་ཚུལ་ཡང་ག་ལ་ཡོད།གལ་སྲིད་དེ་ལྟར་འདོད་ན་དག་པ་ལྷའི་ཡི་གེ་ལས་ཞང་ཞུང་ཡིག་རྒན་དང་དེ་ལས་སྨར་ཆེ་ཆུང་དག་ཀྱང་ཡི་གེའི་གཟུགས་འགྱུར་བ་ཙམ་མ་ཡིན་པར་སྐད་རིགས་མི་མཐུན་པའི་དབྱངས་གསལ་གྱི་ཡི་གེ་ཐ་དད་པ་ཞིག་ཏུ་གྱུར་པ་ཡིན་པར་འདོད་དགོས་པས།ཞང་ཞུང་ལ་སྐད་རིགས་མི་མཐུན་པའི་ཡིག་རིགས་དུ་མ་ཡོད་པར་འདོད་དགོས་ལ།བོད་ཀྱི་དབུ་ཅན་དང་དབུ་མེད་གཉིས་ཀྱང་ཞང་ཞུང་གི་སྐད་རིགས་མི་མཐུན་པའི་དབྱངས་གསལ་གྱི་ཡིག་རིགས་གཉིས་འགྱུར་བ་ལས་བྱུང་བར་འདོད་དགོས་པས་དོན་གྱིས་ད་ལྟ་ང་ཚོའི་དབུ་ཅན་དང་དབུ་མེད་གཉིས་ཀྱང་དབྱངས་གསལ་གྱི་ཡི་གེ་ཐ་དད་པ་གཉིས་ཡིན་དགོས་ཤིང་།དེ་ལྟར་ན་ང་ཚོས་དེ་གཉིས་ཀློག་སྟངས་མི་གཅིག་པར་གྱུར་ཆོག་མོད།ཀློག་སྟངས་གཅིག་ལས་མེད་པའི་ཕྱིར་རོ།།དེ་མིན་འདོད་ཚུལ་དེ་ལྟར་ན་དང་པོ་སྟོན་པ་གཤེན་རབ་ཁོང་གིས་དཔའ་བོ་འབྲུ་ལྔ་ལས་དྲངས་པའི་དག་པ་ལྷའི་ཡི་གེའམ་འཕྲུལ་ཡིག་བཞི་བཅུ་བོ་དེ་དག་ཀྱང་མི་རིགས་གང་གི་སྐད་དང་མཐུན་པའི་དབྱངས་གསལ་གྱི་ཡི་གེ་ཞིག་ཡིན་མིན་དཔྱད་པའི་གནས་སུ་འགྱུར་ལ།མ་ཟད་དེ་ལས་བསྒྱུར་བའི་སྟག་གཟིག་སྤུངས་ཡིག་ཀྱང་ད་ལྟའི་ཆར་སྤྱོད་བཞིན་པའི་པར་ཟིག་གམ་དབྱི་ལང་གི་ཡི་གེ་དེ་དང་མི་མཐུན་པ་མངོན་སུམ་གྱིས་གྲུབ་པས།སྟག་གཟིག་ལའང་དེ་དུས་སུ་སྐད་རིགས་མི་མཐུན་པའི་ཡིག་རིགས་དུ་མ་ཡོད་དམ་ཅི།གཞན་ཡང་དེ་ལས་རིམ་བཞིན་བསྒྱུར་བའི་ཞང་ཞུང་སྨར་ཡིག་ཆེ་ཆུང་གཉིས་ལས་བོད་ཡིག་འགྱུར་བར་བཤད་པས་དེ་ལས་འཕྲོས་དེ་དོགས་པ་ཁ་ཤས་ཤིག་ཀྱང་འདུག་སྟེ།གོང་དུ་དྲངས་པའི་དྲན་པའི་བཀའ་ཐང་སོགས་བོན་པོའི་ཡིག་ཆ་དག་ལས་སྟོང་རྒྱུང་མཐུ་ཆེན་ཟེར་བ་དང་ཤ་རུ་དབུ་ཆེན་ཟེར་བ་སོགས་ཀྱིས་བོན་ཆོས་མང་པོ་སྒྲ་བསྒྱུར་ལོ་ཙཱ་མཛད་ཚུལ་སོགས་མང་དུ་གསུངས་ཤིང་།ལོ་ཙཱ་བ་དེ་དག་དུས་ནམ་དུ་བྱོན་པའི་ཐད་ལ་བོན་པོའི་ཡིག་ཆ་དག་ལས་སྟོང་རྒྱུང་མཐུ་ཆེན་ཟེར་བ་དེ་སྤུ་རྒྱལ་གསུམ་པ་དིང་ཁྲི་བཙན་པོ་ལས་ལོ་དགུ་ཙམ་གྱིས་སྔ་བར་གསུངས་ཡོད་པས།ལོ་ཙཱ་བ་གཞན་དག་ཀྱང་ཕལ་ཆེར་སྤུ་རྒྱལ་གཉིས་པ་དང་གསུམ་པའི་རིང་ལ་བྱོན་པར་ངེས་ཤིང་།དེའི་དུས་སྐབས་སུ་བོན་ཆོས་མང་པོ་སྟག་གཟིག་ལས་ཞང་ཞུང་དང་།དེ་ལས་བོད་ཀྱི་སྐད་ལ་ལོ་ཙཱ་མཛད་པར་བདེན་ན་བོད་ཡིག་ནི་དེའི་སྔོན་ནས་ཏེ་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སམ་ཡང་ན་དེའི་སྔོན་ནས་ཀྱང་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་ཡོད་པར་ཁས་ལེན་དགོས་པས།དེ་ལྟར་ན་ཁྱེད་ཅག་གིས་གསུངས་པའི་བོད་ཀྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེའི་འཕེལ་རིམ་སྟེ།འཕྲུལ་ཡིག་ལས་སྟག་གཟིག་སྤུངས་ཡིགདེ་ལས་ཞང་ཞུང་ཡིག་རྒན།དེ་ལས་སྨར་ཡིག་ཆེ་ཆུང་།དེ་ནས་བོད་ཡིག་དབུ་ཅན་དབུ་མེད་སོགས་སུ་རིམ་གྱིས་འགྱུར་བར་གསུངས་པ་དང་འགལ་ལ།དེའི་ཕྱིར་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་སྟོན་པ་ཉིད་ཀྱིས་མཛད་པ་མ་ཡིན་པར་ཡང་དོན་གྱིས་ཁས་བླངས་པ་ལྟ་བུར་ཆགས་སོང་བས་གནོད་དོ།།དེའི་ཕྱིར་བོད་ཀྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེ་འདི་ཞང་ཞུང་གི་ཡི་གེ་ལས་འགྱུར་བར་གསུངས་ཀྱང་དོན་གྱིས་གནའ་བོའི་ཞང་ཞུང་གི་ཡི་གེ་འདི་ཡིན་ནོ་ཞེས་སྤྱི་མཐུན་གྱི་མིག་གི་དབང་པོའི་འདྲེན་བྱེད་དུ་མ་མཆིས་ལ།དེང་གི་དུས་སུ་ཞང་ཞུང་སྨར་ཆེ་ཆུང་ཡིན་ཟེར་ནས་བྲིས་པ་རྣམས་ཀྱིས་འབྲི་བཞིན་པ་དེས་སྒྲ་སྦྱོར་ཚུལ་ནི་ད་ལྟའི་བོད་རང་གི་དབྱངས་གསལ་གྱི་ཡི་གེ་འདིའི་སྒྲ་སྦྱོར་རང་ཡིན་ལ།ཞང་བོད་སྐད་གཉིས་ཤན་སྦྱར་གྱི་ཞང་སྐད་དེ་ཚོ་སྔགས་ཡིག་ལྟར་མི་གོ་བར་སྣང་བས།ད་ལྟར་གནའ་བོའི་ཞང་ཡིག་ཟེར་བའི་བྲིས་གཟུགས་དེ་དག་ནི་དུས་རབས་བཅུ་བའི་རྗེས་སུ་བྱུང་བའི་བོད་ཀྱི་ཡིག་གཟུགས་ཀྱི་བྲིས་ལ་མཁས་པའི་མི་བུ་ཞིག་གི་སྒྱུ་རྩལ་གྱི་ཐབས་ལས་འཁྲུངས་པ་རང་ཡིན་པ་ལས་མ་འདས་སོ།།འོན་ཀྱང་མ་མཐོང་ཕྱིར་ན་མེད་པས་མི་ཁྱབ་པ་དེའི་ཕྱིར་སྔར་ཞང་ཞུང་གི་ཡུལ་དུ་ཡིག་རིགས་དེ་འདྲ་སྣ་མང་ཞིག་དར་མྱོང་སྲིད་ཀྱང་།རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཀྱི་སྐབས་ནས་རིམ་བཞིན་བཙན་པོ་སྲོང་བཙན་སྒམ་པོས་ཞང་ཞུང་དབང་དུ་མ་བསྡུས་པའི་བར་དུ།ཞང་ཞུང་ནི་སྟོབས་འབྱོར་མངའ་ཐང་ཆེ་བའི་ཡུལ་ཞིག་ཏུ་བོན་གྱི་ལོ་རྒྱུས་ཡིག་ཆ་རྣམས་སུ་ངོས་འཛིན་བྱེད་ཅིང་།དེའི་སྐབས་སུ་ཆབ་སྲིད་དང་དཔལ་ཡོན་དར་རྒྱས་ཆེ་བར་གཞིགས་ནའང་ཞང་ཡིག་སྨར་ཆེ་ཆུང་སོགས་སྐབས་དེར་ཡོད་པ་ཡིན་ན་སྔར་ལས་ལྷག་པའི་བཀོལ་སྤྱོད་དང་རྒྱུན་འཛིན་བྱེད་མ་ཐུབ་ཀྱང་།སྐབས་དེར་ཆོས་སྲིད་གཉིས་ཀར་བཀོལ་སྤྱོད་བྱེད་པ་ནི་སྨོས་མ་དགོས་ལ།སྲོང་བཙན་གྱི་སྐབས་སུ་ཡང་ཞང་ཞུང་དབང་དུ་བསྡུས་པ་ལས་ཞང་ཞུང་གི་མི་རིགས་དང་ཆོས་ལུགས་སོགས་རྩ་མེད་དུ་བཏང་བ་མ་ཡིན་པས་ཁོང་ཚོས་ཅིའི་ཕྱིར་མུ་མཐུད་དུ་སྲོང་བཙན་གྱི་རྗེས་ནས་ཀྱང་ཞང་ཡིག་བཀོལ་སྤྱོད་མ་བྱས་པ་ཡིན།གལ་སྲིད་ཁྲི་སྲོང་ལྡེ་བཙན་གྱིས་བོན་ཆོས་བསྣུབས་པའི་སྐབས་དེར་ནུབ་པ་ཡིན་ཟེར་ནའང་དེའི་དུས་སུ་བོན་ཆོས་བསྣུབས་པ་ལས་ཞང་ཞུང་མི་རིགས་རྩ་མེད་དུ་བཏང་བ་མ་ཡིན་པས་ཞང་ཡིག་ནི་ག་ལ་འཇིག་སྟེ།གལ་སྲིད་དེ་ལྟར་ཞིག་པ་ཡིན་ན་ཞང་ཡིག་ནི་ཆོས་ཕྱོགས་ཁོ་ན་ལས་རྒྱལ་པོའི་སྲིད་ཕྱོགས་དང་འབངས་ཀྱི་འཚོ་བའི་ཕྱོགས་སུ་སྤྱོད་ཐུབ་པའི་ཡི་གེ་ཞིག་མ་ཡིན་པར་དོན་གྱིས་ཁས་བླངས་པ་ཡིན་ལ།དེ་ལྟར་ཡང་དོན་ལ་གནས་པར་བསམ་སྟེ།དེ་ཡང་།༼ཐང་གི་ལམ་སྲོལ་གནད་བསྡུས་ཞེས་པ་ལས།༽ཞང་ཞུང་གི་སྐོར་བཤད་སྐབས་སུ། ཞང་ཞུང་羊同ཡུལ་ཟོག་ནི་བོད་དང་མཚུངས། ཡི་གེ་མེད་ཅིང་ཤིང་ལ་རི་མོ་རྐོ་བ་དང་ཐ་གུར་མདུད་པ་བརྒྱབས་ནས་ཡི་གེའི་ཚབ་བྱེད། ཅེས་པ་ལས་ཞང་ཞུང་ལའང་ཡི་གེ་མེད་པར་བསྟན་འདུག་པས་གནའ་བོའི་ཞང་ཞུང་གི་ཡུལ་དུ་ཡིག་རིགས་སྣ་མང་ཞིག་དར་སྲོལ་བཤད་པ་དེ་ཚོ་བདེན་པའི་དབང་དུ་བཏང་ནའང་མཐར་གཏུགས་ན་ཆོས་ཕྱོགས་ཁོ་ན་ལ་སྤྱོད་ཐུབ་པའི་ཡི་གེ་ཞིག་ལས་འཚོ་བ་དངོས་སུ་སྤྱོད་ཐུབ་པ་དང་ཤིན་ཏུ་དར་ཁྱབ་ཆེ་བའི་ཡི་གེ་ཞིག་མ་ཡིན་པར་གྲུབ་བོ།།རྒྱུ་མཚན་གཞན་ཡང་བོན་པོའི་ཡིག་ཆ་ཁག་ཏུ་ཁྱུང་ལུང་དངུལ་མཁར་ཟེར་བའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ཀྱི་ཞང་ཞུང་རྒྱལ་རབས་གྱི་མཁར་རྫོང་ཆེ་ཤོས་དང་བོན་ཆོས་དར་བའི་བསྟི་གནས་སུ་གསུངས་པ་དེའི་མཁར་རྫོང་གི་གནའ་ཤུལ་ཡིན་ཟེར་བ་དེའི་ཁྲོད་ནས་རྙེད་པ་དང་།ད་དུང་དེའི་ཉེ་འདབས་ཀྱི་གུ་རུ་གྱམ་དགོན་པའི་རྒྱལ་སྒོའི་འགྲམ་ནས་ལོན་པའི་གནའ་བོའི་དུར་ཁུང་ནང་གི་གནའ་རྫས་དག་ལ་རྗེས་སུ་དཔག་ན།ད་ལྟའི་གནའ་རྫས་རྟོག་དཔྱོད་རིག་པ་པ་ཚོས་གནའ་ཤུལ་དེ་མཁར་རྫོང་ཙམ་དུ་མ་ཟད་གནའ་བོའི་རྒྱལ་པོ་ཞིག་གི་རྒྱལ་ས་ལ་ཚང་དགོས་པའི་ཆ་རྐྱེན་ཚང་ཡོད་པར་ངེས་འཛིན་བྱེད་པར་འདུག་ཅིང་།མཁར་རྫོང་གི་གནའ་ཤུལ་དེར་མཁར་རྫོང་སྲུང་སྐྱོབ་བྱེད་པའི་རགས་དང་ཆུ་ལེན་སའི་ཡུར་བུ་དང་ཕྱུགས་འཚོ་སའི་རྭ་བ་སོགས་མང་དུ་རྙེད་ཡོད་ལ།དེའི་འགྲམ་གྱི་དུར་ཁུང་དེ་ལས་ཀྱང་ཤིང་ཆ་དང་སྦ་སྨྱུག་ལས་བཟོས་པའི་ཡོ་ཆས།དར་གོས་དང་ལི་ལས་གྲུབ་པའི་མཚོན་ཆ་སོགས་མཐའ་ན་ཟས་རིགས་ཀྱི་སྙིགས་རོ་སོགས་ཀྱང་རྙེད་པར་གྲགས་ཀྱང་།སྔར་འདོད་པའི་ཞང་ཞུང་གི་ཡིག་རིགས་དེ་དག་ལས་བྲིས་པའི་ཡིག་རྡོག་གཅིག་ཀྱང་བྱུང་བ་མ་རྙེད་པ་འདིས་ཀྱང་སྔར་ཞང་ཞུང་གི་ཡུལ་དུ་དེ་འདྲའི་ཡིག་རིགས་སྣ་མང་ཞིག་བྱུང་བའི་ཟེར་སྒྲོས་ཙམ་ལས་དོན་ལ་དེ་འདྲ་ཞིག་མ་བྱུང་བར་སྙམ་མོ།།

བཞི་བ།དུས་རབས་བདུན་པའི་སྔོན་དུ་བོད་ལ་དབྱངས་གསལ་གྱི་ཡི་གེ་མེད་པའི་སྒྲུབ་བྱེད་བཀོད་ཅིང་དེ་མཐུན་གྱི་རིགས་པ་བཀོད་པ།

    དེ་བས་ཐོན་མིའི་སྔོན་ནམ་དུས་རབས་བདུན་པའི་སྔོན་དུ་བོད་ལ་ད་ལྟའི་དབྱངས་གསལ་གྱི་ཡི་གེ་འདི་མེད་པ་དང་ཁོང་གིས་གསར་དུ་བཟོས་པའི་སྒྲུབ་བྱེད་གང་འདྲ་ཞིག་འདྲེན་ཞེ་ན།སྤྱིར་བཏང་ང་ཚོའི་བོད་ཀྱི་ལོ་རྒྱུས་༼ བཀའ་ཆེམས་ཀ་ཁོལ་མ་ལས། ༽དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་དེ་འཛམ་བུའི་གླིང་ན་དབང་ཆེ་བ་ཡིན་པས།དེ་ལ་མཐའི་རྒྱལ་པོ་ཐམས་ཅད་ཀྱིས་ནོར་དང་ཟས་ཀྱི་སྐྱེས་ལན་ལོ་ཐད་དུ་འབུལ་བ་ལ་ཡོང་བ་ལ།འདི་ཙམ་ལ་ཟས་ནོར་འདི་འདྲ་ཁྱེར་ལ་ཤོག་ཟེར་བ་ལ་ཁ་འཕྲིན་གཏོང་བ་མ་གཏོགས་ཡི་གེ་མེད་པས།དེ་ལ་བོད་ལ་ཡི་གེ་ཡོད་པར་བྱེད་པའི་ཕྱིར་དུ་བོད་ཀྱི་མི་བློ་རྣོ་བ་མང་པོ་རྒྱ་གར་དུ་ཡི་གེ་སློབ་ཏུ་བཏང་བས།མི་ལ་ལ་ནི་རྒྱ་འདྲེ་ལ་གདུགས།མི་ལ་ལ་ནི་ཚད་པས་གུམ་ནས་ཤི་བས།ཡང་བློན་པོ་བཅུ་དྲུག་གི་ནང་གི་བློ་གསལ་ལ་ཤེས་རབ་ཆེ་བའི་ཐོན་མི་སམ་བྷོ་ཊ་ལ་གསེར་ཕྱེ་བྲེ་གང་རྒྱགས་སུ་བསྐུར་ནས་ཡི་གེ་སློབ་ཏུ་བཏང་བས།ཞེས་གསུངས་ལ།དེ་དང་འདྲ་བར་རྒྱལ་རབས་གསལ་བའི་མེ་ལོང་།རྭ་ལོ་ཙཱ་བའི་རྣམ་ཐར།ལྡེའུ་ཆོས་འབྱུང་།འབའ་བཞེད།བུ་སྟོན་ཆོས་འབྱུང་།མཁས་པའི་དགའ་སྟོན།དེབ་ཐེར་དཀར་པོ་སོགས་བོད་ཀྱི་སྔ་ཕྱིའི་ལོ་རྒྱུས་དེབ་ཐེར་ཁག་ཀུན་ཏུ་བོད་ཀྱི་ཡི་གེ་ཉིད་སློབ་དཔོན་ཐོན་མིས་གསར་གཏོད་མཛད་པ་དང་།སྔོན་སྦྱངས་ཀྱི་སློབ་དཔོན་གང་ལ་བསྟེན་ཚུལ།ཡུལ་གང་དུ་གསར་གཏོད་མཛད་ཚུལ།མི་རིགས་གང་གི་ཡི་གེ་ལ་དཔེར་མཛད་ཚུལ།དེ་བོད་ཀྱི་རྒྱལ་པོ་གང་གི་རིང་དང་མཐུན་རྐྱེན་ཇི་ལྟར་མཛད་ཚུལ་སོགས་རྒྱས་པར་གསུངས་ཡོད་ན་ཡང་འདིར་དེ་དག་གིས་སྒྲུབ་བྱེད་བྱས་ཏེ་བོད་གངས་ཅན་གྱི་དབྱངས་གསལ་གྱི་ཡི་གེ་ཉིད་སློབ་དཔོན་ཐོན་མིས་གསར་གཏོད་མཛད་པ་སྒྲུབ་པར་མི་བྱེད་དེ།རྒྱུ་མཚན་ནི་རྒོལ་པའི་ཞེ་འདོད་ལ་འདི་དག་ནི་ཆོས་ལུགས་ཀྱི་འགལ་རྩོད་དང་འཐེན་ཤུགས་ཀྱིས་བསླད་པའི་དྲི་མ་ཅན་དུ་འདོད་པས་སོ།།དེ་བས་འདིར་སྒྲུབ་བྱེད་དུ་འགོད་པ་ནི་སྤྱི་མཐུན་དུ་ཁས་ལེན་དུ་རུང་བ་སྟེ་དུས་རབས་བརྒྱད་པའི་ནང་ནས་བཟུང་ལོ་ངོ་སྟོང་ཕྲག་ལྷག་ཙམ་ལ་བྲག་ཕུག་ཏུ་ཉར་ནས་ཕྱིས་ཀྱི་མཁས་པ་སུས་ཀྱང་བསྒྱུར་བཅོས་དང་ལག་ཐུག་མེད་པའི་༼ ཏུན་ཧོང་གི་ཡིག་རྙིང་ལས། ༽བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་།བཙན་པོ་འདྀའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང།བློན་པོ་འི་རིམ་པ་དང། ཆེ་ཆུང་གིས་ཀྱྀ་དབང་ཐང་དང།ལེགས་པ་ཟིན་པ་འྀ་བྱ་དགའ་དང།ཉེ་ཡོ་བ་འི་ཆད་པ་དང།ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང།སླུངས་ཀྱི་གོ་བར་བསྙམས་པ་དང།པྲེ་པུལ་དང།སྲང་ལ་སྩོགས་པ།བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན།བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལས་བྱུང་ངོ་།མྱི་ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས།སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ།།ཞེས་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐབས་སུ་དེ་ལྟར་ཁོང་གི་སྔོན་གྱི་བཙན་པོ་དག་གི་སྐབས་སུ་བོད་ལ་ཡི་གེ་མེད་པ་དང་བཙན་པོ་འདིའི་སྐབས་སུ་བྱུང་ཚུལ་དངོས་སུ་གསལ་བ་དང་།གཞན་ཡང་དེ་དུས་ཀྱི་ང་ཚོ་བོད་ཀྱི་ཁྱིམ་མཚེའི་རྒྱལ་ཁབ་སྟེ་ད་ལྟའི་རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཀྱི་༼ ཐང་ཡིག་རྙིང་མ་ལས། ༽རྒྱལ་ཁབ་དེའི་མིས་རྒྱལ་པོར་བཙན་ཕོ་ཞེས་སུ་འབོད།ཙའེ་ཞང་བློན་པོར་བློན་ཆེན་བློན་ཆུང་དུ་འབོད་ཅིང་དེ་དག་གིས་རྒྱལ་སྲིད་མཐའ་དག་སྐྱོང་།ཡི་གེ་མེད་པར་ཤིང་ལ་རི་མོ་རྐོ་བ་དང་ཐ་གུར་མདུད་པ་བཏབ་ནས་ཁ་ཆད་བྱེད།ཅེས་གསུངས་ལ།ད་དུང་༼ ཐང་ཡིག་གསར་མ་ ༽ལས་ཀྱང་།དཔོན་རིགས་ཀྱིས་སྲིད་སྐྱོང་བར་ཡི་གེ་མེད་པར་ཐ་གུར་མདུད་པ་འདེབས་པ་དང་ཤིང་ལ་རི་མོ་བརྐོས་ནས་ཁ་ཆད་བྱེད།ཅེས་དང་།དེ་མིན།༼ ཐང་གི་ལམ་སྲོལ་གནད་བསྡུས་སོགས་སུ་འཁོད་པའི་བོད་ཀྱི་སྐོར་ ༽ཞེས་པ་ལས་ཀྱང་།ཡི་གེ་མེད་པར་ཤིང་ལ་རི་མོ་རྐོ་བ་དང་ཐ་གུར་མདུད་པ་བརྒྱབ་ནས་ཁ་དན་བྱེད།ཅེས་པ་སོགས་དེ་དུས་ཀྱི་ཁྱིམ་མཚེའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཡིག་ཆ་དག་ལས་ཀྱང་ང་ཚོ་བོད་ཀྱི་གནས་ཚུལ་མཐོང་སྐབས་དེ་ལྟར་གསལ་ཞིང་།དེ་ལས་སྒྲུབ་བྱེད་ཀྱི་རིགས་པ་གཞན་ཡང་བཙན་པོ་སྲོང་བཙན་སྒམ་པོ་ནས་མ་གཏོགས།ཁོང་གི་སྔར་གྱི་བཙན་པོ་རིམ་བྱོན་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་འགོད་དུ་མེད་པ་དང་ཁོང་གི་སྐུ་རིང་ནས་བོད་རང་གི་ཆོས་སྲིད་འབངས་གསུམ་སོགས་སྤྱི་ཚོགས་ཀྱི་གནས་བབས་ཀྱང་ཅུང་ཙམ་གསལ་བར་བྱུང་ཡོད་ལ།མ་ཟད་སྐབས་དེ་ནས་བཟུང་བཙན་པོ་རིམ་བྱོན་གྱིས་བཞེངས་པའི་རྡོ་རིང་དང་རྡོ་རིང་སྟེང་བྲིས་པའི་ཡི་གེ་ད་དུང་བྲག་ལ་བརྐོས་པའི་ཡི་གེཤོག་ཧྲུལ་དང་ཁྲམ་ཤིང་།དྲིལ་བའི་འབུལ་བྱང་སོགས་ད་ལྟའང་ང་ཚོའི་ཁྲ་ཆུང་མིག་གི་དན་རྟགས་སུ་བཞུགས་ཡོད་ལ།དེའི་སྔོན་གྱི་ཡིན་པའི་དེ་འདྲའི་ཡི་གེ་སྣ་གཅིག་ཀྱང་མཐོང་དུ་མེད་པ་འདི་དག་གིས་བོད་ཀྱི་ད་ལྟའི་དབྱངས་གསལ་གྱི་ཡི་གེ་འདི་ཐོན་མིས་གསར་དུ་བཏོད་པ་དང་དེའི་སྔར་བོད་ལ་ད་ལྟའི་ཡི་གེ་འདི་མེད་པས་སྒྲུབ་བྱེད་ལྷག་པ་ཞིག་མི་དགོས་སོ།།འོན་ཀྱང་ཐོན་མིའི་གོང་དུའང་ང་ཚོ་བོད་ལ་གོང་དུ་བཤད་ཟིན་པའི་འདྲ་རིས་ཡི་གེ་དང་བརྡ་རྟགས་ཀྱི་ཡི་གེ་སོགས་དར་མྱོང་བ་ནི་སྔར་ཐང་ཡིག་གསར་རྙིང་སོགས་ཀྱི་ལུང་དྲངས་པ་དེ་དག་ལས་ཀྱང་ཤེས་ནུས་སོ།།ཡིན་ཡང་ད་ལྟའི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་ཡིག་ཆ་འདི་དག་ཀྱང་ཇི་བཞིན་ཁས་མི་ལེན་པར་མ་ཟད་ད་དུང་༼ ཏུན་ཧོང་ཡིག་རྙིང་ ༽ལས་བོད་བཙན་པོའི་བློན་རབས་བཤད་སྐབས་སུ་འདི་ལྟར།དེའྀ་འོག་དུ་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་བྱསྟེ།འཛངས་ཀྱི་ཚད་ནྀ།ཙང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ།དཀུའ་ཆེད་པོ་བློད་པའྀ་ཚེ།དེང་ཕོ་ཉ་ཞྀག་རིངས་པར་འོང་བ་སྙམ་གིས།ཕོ་ཉའི་ལན་མྱུར་དུ་བགྱི་འཚལ་ཞེས་མཆི་ནས།ཕོ་ཉའྀ་ལན་ཇི་ལ་མ་རག་པར་བྱས་པ་ལས།འུང་གི་རྗེས་ལའ།ཕོ་ཉ་མཆིས་ནས།གསོད་བྱ་མྱི་དགོས་པར།སྔར་སུག་ལས་བགྱིས་ལག་སྟེ།འུང་ཙམ་མོ།།ཞེས་པའི་ཡིག་ཆ་འདི་ཐོན་མིའི་སྔ་རོལ་ཏེ་བོད་རྒྱལ་གནམ་རི་སྲོང་བཙན་གྱི་སྐབས་སོགས་སུ་ཡང་བོད་ཀྱི་དབྱངས་གསལ་གྱི་ཡི་གེ་འདི་ཡོད་པའི་སྒྲུབ་བྱེད་དུ་འདྲེན་པ་མང་ཡང་། ཁོ་ཚོས་ཡིག་ཆ་དེའི་དོན་ལ་འགྲེལ་ནོར་ཐེབས་ཏེ་སུག་ལས་བགྱིས་པ་ཞེས་བྱ་བའི་དོན་དེ་ཡི་གེ་འབྲི་བའི་དོན་ལ་གོ་བཞིན་འདུག་ཀྱང་།ཡིག་ཆ་དེའི་ནང་དོན་ནི་དེ་སྔོན་ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ལགས་ཀྱིས་འགྲེལ་པ་ནི་ཡང་དག་ཏུ་སྣང་སྟེ།དེ་ཡང་ཁོང་གིས་འདི་ལྟར།ཁྱུང་པོ་སྤུང་ཟད་ཟུ་ཙེས་གཙང་བོད་ཀྱི་ཇོ་བོ་མར་མུན་གྱི་རྒྱལ་སྲིད་བརླགས་ཏེ།དཀུའ་འམ་གཡོ་ཐབས་ཀྱི་སྦྱོར་བ་ཆེན་པོ་བྱ་རྒྱུ་བློད་པའམ་གྲོས་བགྱིས་པའི་ཚེ། ཕོ་ཉ་ཞིག་སྤུ་རྒྱལ་བཙན་པོ་གནམ་རིའི་དྲུང་དུ་བཏང་བ་ན།སྤུ་རྒྱལ་བའི་བློན་ཆེན་མོང་ཁྲི་དོ་རེ་སྣང་ཚབ་ཀྱིས་དེའི་ཚུལ་སྔོན་དཔག་གིས་ཤེས་ནས་དེང་ཁྱུང་པོ་སྤུང་ཟད་ཟུ་ཙེའི་ཕོ་ཉ་ཞིག་མྱུར་བའམ་རིངས་པར་འོང་བ་སྙམ་གིས་ཏེ་འདྲ་བས།ཕོ་ཉ་པ་དེའི་ལན་མྱུར་བར་གྲ་སྒྲིག་འདི་ལྟར་བགྱི་འཚལ་ཞེས་བགྱིས་ནས་ཕོ་ཉའི་ལན་གཞན་ཇི་ལ་མ་རག་པའམ་གང་ལའང་རག་མ་ལས་པར་བཀོད་སྒྲིག་བྱས་ཏེ་བསྒུགས་པ་ལས།འུང་གི་རྗེས་སམ་དེའི་རྗེས་ལ་ཕོ་ཉ་བ་མཆིས་པའམ་ཐོན་པ་ནས་གཟོད་བཀའ་ལན་གྲ་སྒྲིག་བྱ་མི་དགོས་པར་སྔར་ནས་སུག་ལས་སམ་ལག་བསྟར་བགྱིས་ཟིན་པ་དེས་འཐུས་པ་ལགས་ཏེ། བློན་ཆེན་མོང་ཁྲི་དོ་རེ་སྣང་ཚབ་ནི་འུང་ཙམ་མོ་སྟེ་དེ་ཙམ་བློ་རིགས་འཛངས་སོ། །ཞེས་སུག་ལས་བགྱིས་པའི་དོན་དེ་ལག་བསྟར་བགྱིས་པར་འགྲེལ་པ་འདི་དོན་ལ་གནས་སོ།།དེའི་ཕྱིར་ཏུན་ཧོང་གཏེར་ཡིག་སོགས་ཡིག་ཆ་ཁུངས་བཙན་དག་ལ་དཔྱོད་ལྡན་དག་གིས་རྣམ་དཔྱོད་ཀྱི་རྩལ་ཁ་འཁྱོག་ཏུ་མ་བཅུག་པར་གཟུར་གནས་ཀྱི་བློ་ཡིས་ལེགས་པར་བརྟགས་ན་བློ་ལྡན་དགྱེས་པའི་སྐྱེས་སུ་འགྲོ་བར་ངེས་སོ་ཞེས་ཡིག་ཚོགས་ཀྱི་སྤྲོས་པ་བསྐྱུངས་ཏེ་མཇུག་རྗོགས་པར་བྱས་སོ།།   །།

སྤྱི་ཁྱབ་ལྟ་སྐུལ་བ། རྟ་མགྲིན་མགོན་པོ།

རྩོམ་སྒྲིག་པ།   ཚེ་རིང་སྒྲོལ་མ།


阅读1685
分享
写下您的评论吧