གཅུང་བསླབ་གསུམ་གངས་ལྗོངས་གསེར་སྨྱུག་ཡིག་མཁན།

བསླབ་གསུམ།
2023-12-23


གཅུང་བསླབ་གསུམ་གངས་ལྗོངས་གསེར་སྨྱུག་ཡིག་མཁན།


甘南建州70周年标志.jpg


ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལས་མི་༣༦གི་ཁྲོད་དུ་ཚུད་པའི་ཡིག་མཁན་གྱི་བརྩམས་ཆོས་འགྲེམ་སྟོན།




洛松 (15).jpg


བོད་ཀྱི་ཡིག་མཁན་གཅུང་བསླབ་གསུམ་ལགས་ཀྱི་མཚམས་སྦྱོར།



       བོད་ཀྱི་ཡིག་མཁན་གཅུང་བསླབ་གསུམ་མམ་རིག་པའི་རལ་གྲི་ལགས་ནི་སྤྱི་ལོ་1980ལོར་མདོ་སྟོད་སོག་རྫོང་ཁོངས་ཀྱི་དཀར་ཤོད་ཞེས་པའི་ས་ཆར་ལང་ཚོའི་མྱུ་གུ་སྨིན།   ཡབ་ཀྱི་མཚན་ལ་ཕ་བོང་རྒན་པོ་ཁྲི་བཙན་དང་ཡུམ་གྱི་མཚན་ལ་མཚོ་དྲུག་ག་གསས་ཞུ།   ཆུང་དུས་ནས་གཅུང་པའི་ཚ་བོ་དགེ་སློང་གཡག་པ་བྱམས་པ་ལགས་ཀྱི་སྐུ་དྲུང་ནས་བོད་ཡིག་གི་འབྲི་ཀློག་སྤྱི་དང་ཁྱད་པར་དུ་ལན་ཝར་སོགས་ཀྱི་འབྲི་ཚུལ་ལ་སྦྱངས་པ་ཆེན་པོ་གནང་བ་མ་ཟད། རྒན་པད་མ་ཚེ་བརྟན་ལགས་ཀྱི་དྲུང་ནས་ལྷ་རིས་དང་འཇིམ་བཟོ། དཀྱིལ་ཐིག   ཤིང་བརྐོས། འབག་བཟོ་སོགས་བཟོ་རིག་རིག་པའི་གནས་ལའང་སྦྱངས་པ་མཛད། ལྷན་སྐྱེས་དང་སྦྱངས་སྟོབས་ཀྱི་ནུས་པ་ལ་བརྟེན་ནས་བོད་ཀྱི་ས་ཆ་འགའ་ཞིག་གི་དགོན་པའི་འཇིམ་སྐུ་དང་དཀྱིལ་འཁོར་འབྲི་བཞེངས། དཔར་ཤིང་རྐོ་བ་བཅས་ཀྱི་ལག་རྩལ་ཡང་ཁྱད་དུ་འཕགས།   གཞན་ཡང་། བོད་ཀྱི་ཡིག་གཟུགས་མཁས་དབང་རྒན་བསྟན་འཛིན་ལགས་དང་།   རྣམ་རྒྱལ་དབང་གྲགས་ལགས།   མཛུབ་སྨྱོན་ལྷག་པ་ཚེ་རིང་ལགས།   བསོད་ནམས་དབང་ཕྱུག་ལགས། སློབ་དཔོན་ཆེན་མོ་རྡོ་དགོན་གསང་བདག་རྡོ་རྗེ་ལགས་དང་རྒྱལ་དགའ་ལགས་སོགས་བྲིས་ལ་མཁས་པའི་མཁས་དབང་དུ་མའི་དྲུང་ནས་ཡིག་གཟུགས་སྐོར་བཀའ་འདྲི་དང་ལེགས་བཅོས་ཡང་ཡང་གནང་མཐར་ད་ཆར་ཁོང་གིས་གཞུང་བྲིས་ཀྱི་བྲིས་རྒྱུན་ལ་འབད་འབུངས་བྱེད་བཞིན་ཡོད་པ་མ་ཟད་ཁོང་གི་ཕུགས་འདུན་གྱི་འཚོལ་སྙེགས་ལམ་བུའི་ཁྲོད་འོད་དུ་འཚེར་བའི་མཛད་འཕྲིན་དག་ནི།   2012ལོར་འབྲི་རུ་རྫོང་ཤག་ཆུ་སློབ་ཆུང་གི་རི་མོའི་དགེ་རྒན་གནང་།   2015ལོར་བོད་ཡིག་སློབ་ཁྲིད་ཀྱི་ལས་ལ་བཞུགས་པ་མ་ཟད་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཡིག་གཟུགས་དགེ་རྒན་གནང་།   2016ལོར་ནག་ཆུ་གྲོང་ཁྱེར་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་ཁོང་གི་སྒྱུ་རྩལ་ཡིག་གཟུགས་ལ་བྱ་དགའ་རིམ་པ་དང་པོ་ཐོབ།2017ལོར་ལྗོངས་ཡོངས་ཀྱི་སྐབས་དང་པོའི་མེས་རྒྱལ་གྱི་མེ་ཏོག   མི་རིགས་ཀྱི་རེ་བ་ཞེས་པའི་སློབ་མའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཁོང་གི་སློབ་མ་བདུན་ལ་ལྗོངས་རིམ་པའི་བྱ་དགའ་ཐོབ་ཅིང་། ཁོང་རང་ཉིད་ལ་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་མཚན་སྙན་ཐོབ་ཡོད་ལ་ཤག་ཆུ་སློབ་གྲྭར་ཡང་གཟི་བརྗིད་ཀྱི་མཚན་སྙན་ཐོབ།2017ལོར་འཛམ་གླིང་རྒྱལ་ཡོངས་སྐབས་གསུམ་པའི་དྲྭ་ཐོག་གི་རི་མོ་དང་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ནང་ཕུལ་བྱུང་མི་སྣར་བདམས་ཐོན་བྱུང་། 2018ལོར་གཡག་གུའི་པིར་རྩལ་ཞེས་པའི་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དགེ་རྒན་གྱི་བོད་རྒྱ་ཡིག་གཟུགས་ཀྱི་འགྲན་བསྡུར་ཆེན་མོའི་ནང་དབུ་ཅན་གྱི་བྱ་དགའ་རིམ་པ་གསུམ་པ་ཐོབ།   དྲྭ་ཐོག་ནས་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེ་འབྲིང་ཆུང་གསུམ་ལས་ཨང་དང་པོའི་བྱ་དགའ་ཐེངས་གསུམ་ཐོབ་པ་དང་།   ད་དུང་ལོ་དེ་གའི་ནང་ནག་ཆུ་གྲོང་ཁྱེར་ལམ་བཟང་སློབ་གྲྭས་གཙོ་གཉེར་གནང་བའི་ཡིག་གཟུགས་དུས་ཆེན་ཉིན་མོར་ཆོལ་གསུམ་ཡིག་གཟུགས་འགྲན་བསྡུར་ནང་ཨང་གཉིས་པའི་བྱ་དགའ་ཐོབ།   ནག་ཆུ་གྲོང་ཁྱེར་གྱི་སྐབས་གསུམ་པའི་དགེ་སློབ་ཡོངས་ཀྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་སྐབས་ཨང་དང་པོའི་བྱ་དགའ་ཐོབ་པ་མ་ཟད་བསྟུད་མར་ལྗོངས་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་གསོ་སྦྱོང་སྐབས་གསུམ་པ་དང་བཞི་པར་ཕུལ་བྱུང་སློབ་གཉེར་བའི་མཚན་སྙན་ཐོབ།   2019ལོར་ཀྲུང་གོ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་ཀྱི་འགྲན་བསྡུར་ཆེན་མོའི་ཁྲོད་ཚུགས་ཆུང་ལ་ཨང་གཉིས་པའི་བྱ་དགའ་ཐོབ། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་དགེ་རྒན་དང་སློབ་མའི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་ནང་ཁོང་གིས་བྲིས་པའི་རི་མོར་ཨང་གསུམ་པའི་བྱ་དགའ་ཐོབ།    གཞན་ཡང་ལས་ཞོར་དུ་དགེ་རྒན་དང་ཁྱིམ་བདག་མང་པོར་ཡིག་གཟུགས་སྐོར་གྱི་སློབ་ཁྲིད་མང་དག་ཅིག་གནང་མྱོང་བ་མ་ཟད་དེང་གི་ཆར་དེ་དག་གི་ཁྲོད་ནས་བྲིས་ལ་མཁས་པའི་སློབ་མ་མང་པོ་ཐོན་དང་ཐོན་བཞིན་ཡོད།   མ་ཟད་ཁོང་གིས་ཐེངས་མང་པོར་རང་ཉིད་ཀྱིས་ཕྱག་བྲིས་གནང་བའི་ཡིག་གཟུགས་ཀྱི་མཆོད་པ་གྲངས་མེད་སྐྱེ་བོ་དུ་མའི་སྤྱན་ལམ་དུ་བཤམས་སྟོན་གནང་བར་བརྟེན།ཁོང་རང་ཉིད་གནས་སའི་ཁོར་ཡུག་གམ་ཡང་ན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཁྲོད་དུ་གདེང་འཇོག་མཐོ་པོ་བྱེད་ཀྱིན་ཡོད་ལ་ཁོང་གནས་སའི་ཡུལ་སྟོད་སྨད་བར་གསུམ་དུ་ཡིག་གཟུགས་སྦྱོང་བའི་ཚ་རླབས་དྲག་པོ་ཞིག་འཕྱུར་ཐུབ་པའང་བྱུང་ཡོད།    2018ལོའི་ཟླ་10པའི་ཚེས་30ཉིན་དངོས་སུ་འབྲི་རུ་རྫོང་སློབ་ཆུང་དང་པོར་ལས་བསྒྱུར་བྱས་ཤིང་།ལོ་དེ་ནས་བཟུང་རང་སློབ་གྲྭའི་ལོ་རིམ་དང་པོའི་སློབ་མ་དང་དེ་བཞིན་དུ་རྫོང་ཐོག་གི་སློབ་ཆུང་གསུམ་དང་།   སློབ་འབྲིང་གཉིས། བྱིས་གསོ་ཁང་བཞི་བཅས་ཀྱི་སློབ་གྲྭ་སོ་སོའི་བོད་ཡིག་དགེ་རྒན་གྱིས་གཙོས་པའི་བོད་ཡིག་ལ་དད་ཞེན་ཟབ་པའི་མི་བུ་མང་པོ་ཞིག་ལ་ཡིག་གཟུགས་སློབ་ཁྲིད་ཀྱི་ལས་ལ་བཞུགས་ནས་ལྷག་བསམ་བཟང་པོའི་སྐུལ་སློང་ལས་གཞན་ཕན་གྱི་ཕྲིན་ལས་བསྐྱངས་པར་མཛད། 2019ལོར་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཁོངས་མི་དང་ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཁོངས་མིར་བདམས་ཐོན་བྱུང་བ་མ་ཟད་ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲྭ་བའི་གཙོ་གཉེར་ཚན་པ་ལྗོངས་ཞིང་ལྔའི་ཡིག་གཟུགས་མཁས་དབང་རྣམ་པས་ཁོང་གི་ཡིག་གཟུགས་ལ་དཔྱད་འདེམས་བྱས་པས་གདེང་འཇོག་ཐོན་པོས་ཚད་ལྡན་ཡིག་གཟུགས་ལ་ངོས་འཛིན་བྱས་ནས་2019ལོའི་ཟླ་12པའི་ཚེས་11ཉིན་དངོས་སུ་ཀྲུང་གོའི་བོད་ཡིག་དྲྭ་བའི་སྟེང་ཡིག་གཟུགས་འགྲེམ་སྟོན་ཆོག་པའི་ཆོག་མཆན་ཐོབ།   2021ལོའི་ཟླ་7པའི་ནང་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ནས་ལྗོངས་ཡོངས་ལ་ཡིག་གཟུགས་སློབ་གསོའི་རྟེན་གཞི་ཞེས་པ་ས་གནས་རེར་གཏན་འཁེལ་བྱས་རྗེས་དེའི་ནང་གི་ཨང་དང་པོ་དེ་འབྲི་རུ་རྫོང་སློབ་ཆུང་དང་པོར་འཛུགས་ཐུབ་པ་བཅས་བྱུང་ཡོད།

ཁོང་གིས་མི་ལོ་དུ་མར་རང་གི་དགའ་ཕྱོགས་ལམ་དུ་སོང་སྟེ་ནག་ཤོད་ཡུལ་གྱི་བུ་ཕྲུག་མང་པོར་སྔོན་བྱོན་མེས་པོས་བཞག་པའི་རིག་གནས་ཀྱི་ཉིང་བཅུད་དག་ལོངས་སྤྱོད་ཐུབ་ཕྱིར་སྲོལ་རྒྱུན་གྱི་བོད་ཤོག་བཟོ་རྩལ་ལ་སློབ་སྦྱོང་ལག་ལེན་གནང་ཞིང་སློབ་གྲྭ་དེ་གའི་དགེ་སློབ་ཡོངས་ལ་བོད་ཤོག་ལག་ཤེས་བཟོ་རྩལ་སྐོར་གྱི་ཤེས་བྱ་བརྒྱུད་སྤྲོད་གང་ལེགས་གནང་ཐུབ་པ་བྱུང་བ་དེས་ཡུལ་དེ་གའི་མི་དམངས་མང་ཚོགས་སམ་སྤྱི་ཚོགས་ཁྱོན་ཡོངས་ལ་མིག་དཔེ་བཟང་པོ་ཞིག་སྟོན་གནང་མཛད་ཡོད་ཅིང་།   གཞན་རང་ཉིད་ཀྱིས་གཟའ་མཇུག་ངལ་གསོའི་རིང་ཤེས་འདོད་བློ་གསལ་ཅན་གྱི་སློབ་མ་དུ་མར་གཞུང་བྲིས་ཚུགས་རིང་གཙོ་བོར་བྱས་པའི་ཡིག་གཟུགས་ཁག་ལ་སྤྱི་ཕན་རང་བཞིན་གྱིས་ལམ་སྟོན་སློབ་ཁྲིད་གནང་བ་མ་ཟད།དེའི་ཞོར་དུ་རིམ་པ་མི་འདྲ་བའི་ཡིག་གཟུགས་འགྲན་བསྡུར་ནང་བཞུགས་ཤིང་2023ལོར་སྔ་རྗེས་སུ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲྭ་བས་གཙོ་གཉེར་གནང་བའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་ཁྲོད་ཕུལ་བྱུང་བྱ་དགའི་མཚན་སྙན་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱིས་གཉེར་བའི་ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་དོན་སློབ་སྦྱོང་སྐོར་གྱི་དྲྭ་ལམ་ཡིག་གཟུགས་འགྲེམ་སྟོན་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་བཅས་སོ།།


མདོར་ན།   ཡིག་མཁན་གཅུང་བསླབ་གསུམ་ལགས་ནི་ཕྱི་ནང་ཀུན་གྱི་ཡོན་ཏན་ལྷག་པར་འཛོམས་ཤིང་སྔོན་བྱོན་མེས་པོའི་བློ་གྲོས་ལས་བལྟམས་པའི་ཤུལ་བཞག་རིག་གནས་སྤྱི་ལ་སྒོ་གསུམ་གུས་པ་ཆེན་པོས་དང་དུ་ལེན་པར་སྤྲོ་ཞིང་། ཁྱད་པར་དུ་རང་གི་བློ་གྲོས་ཀྱི་ཉིང་ཁུ་དག་ཕངས་སེམས་ཅི་ཡང་མེད་པའི་སྒོ་ནས་ཤེས་འདོད་སློབ་བུའི་ཚོགས་ལ་བར་མེད་རྟག་ཏུ་འབབ་པའི་ཆུ་ཕྲན་བཞིན་བཀའ་སློབ་ལམ་སྟོན་གྱི་ཕྲིན་ལས་སྐྱོང་བཞིན་པའི་མི་བུ་རྣམ་དག་ཅིག་ཡིན།   

སླར་སྨྲས་པ།              མེས་པོའི་རིག་གཞུང་སྤྱི་བོའི་གཙུག་ཏུ་བཀུར།།

                              རང་གི་སློབ་མ་གཅེས་པའི་བུ་བཞིན་སྐྱོངས། །

                            ལྷག་བསམ་གཙང་མའི་གཞན་ཕན་ཕྲིན་ལས་ཀྱིས། །

                                   ཞིང་ས་གཤིན་པོར་རེ་བའི་མྱུ་གུ་རྒྱས། །

         ཅེས་པ་འདི་ནི་སྤྱི་ལོ་༢༠༢ལོའི་ཟླ་༡༢པའི་ཚེས་༢༡ཉིན་སྨྱུག་མིང་དུ་ཐོ་ཤར་བུ་རུ་འབོད་པ་གང་དེས་སྦྱར་བ་དགེའོ།


洛松 (1).jpg



洛松 (2).jpg



洛松 (3).jpg



洛松 (4).jpg



洛松 (5).jpg



洛松 (6).jpg



洛松 (7).jpg



洛松 (8).jpg



洛松 (9).jpg



洛松 (10).jpg



洛松 (11).jpg



洛松 (12).jpg



洛松 (13).jpg



洛松 (14).jpg














阅读2413
分享
写下您的评论吧