བརྡ་སྦྱོར།
བོད་ཀྱི་ཡིག་མཁན་རྣམ་པ།
2023ལོའི་ལུགས་རྙིང་གི་ཟླ་12པའི་ཚེས་12ཉིན་ནི། བོད་ཀྱི་ཡིག་མཁན་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་སྐུ་ཞི་བར་གཤེགས་ནས་ལོ་འཁོར་སོ་བཞི་ལོན་པའི་དུས་མཆོད་ཉིན་མོ་ཡིན་ལ། ཉིན་མོ་འདིར་དམ་པ་ཁོང་ལ་རྗེས་དྲན་གྱི་ཚུལ་དུ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས་ཆེད་དུ་དྲ་ལམ་ནས་རྗེས་དྲན་ཡིག་གཟུགས་བརྩམས་ཆོས་བཤམས་སྟོན་གྱི་བྱ་འགུལ་ཐེངས་ཤིག་སྤེལ་རྩིས་ཡོད་པས།ཁྱེད་ཀྱི་ཡིག་གཟུགས་བརྩམས་ཆོས་གྱི་པར་རིས་དྲང་ལ་གསལ་བོ་ཞིག་ངེད་རྩོམ་སྒྲིག་ཚན་ཆུང་ལ་བསྐུར་བའི་རེ་བ་ཞུ།
བརྩམས་ཆོས་བསྐུར་ཡུལ། སྐད་འཕྲིན། DDV5237 13893977852
བརྩམས་ཆོས་བསྡུ་མཚམས། དེ་རིང་ནས་ 2023ལོའི་ལུགས་རྙིང་གི་ཟླ་12བའི་ཚེས་10ཉིན་བར།
ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བས།
2023ལོའི་ཟླ་12ཚེས་22ཉིན།
བྲི་བྱའི་ནང་དོན་གཤམ་གྱི་ཤོ་ལོ་ཀ་ལས་འདེམ་ཆོག་ལ་རང་ཐད་ནས་གསར་རྩོམ་ཀྱང་བྱས་ཆོག
༄༅། །གངས་ཅན་སྨྱུག་འཛིན་དབང་པོ་སློབ་དཔོན་སྨོན་ལམ་རྒྱ་མཚོ་མཆོག་སྐུ་གཤེགས་ནས་ལོ་འཁོར་སོ་བཞི་ལོན་པར་རྗེས་དྲན་ཞུ།
སྐལ་ལྡན་སྨོན་འདུན་འགྲུབ་པར་བརྩོན་འགྲུས་བསྐྱེད།།
མ་ནོར་ལམ་བཟང་སྟོན་ལ་བྱམས་བརྩེས་ཁེངས།།
ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་རབ་ཕྱུག་པའི།།
དྲིན་ཆེ་སློབ་དཔོན་མཆོག་ལ་གུས་ཕྱག་བརྩེགས།།
གངས་ལྗོངས་ཡི་གེ་བྱེད་པོ་སམ་བྷོ་ཊ།།
ཚད་ལྡན་ཐིག་རིས་འབེབས་མཁས་གཡུ་ཁྲི་བ།།
ཞིང་འདིར་བརྒྱུད་པ་སྤེལ་མཛད་ཀུན་མཁྱེན་རྗེ།།
སྨྱུག་འཛིན་མཁན་པོ་སྨོན་ལམ་རྒྱ་མཚོར་འདུད།།
སྔོན་བྱོན་མཁས་པའི་རིག་པའི་བང་མཛོད་ལས།།
ལེགས་པར་བླངས་པའི་ཡོན་ཏན་དྲིན་ཆེན་གྱིས།།
སྐལ་ལྡན་སློབ་བུའི་རེ་བ་བསྐོངས་མཁས་པ།།
སློབ་དཔོན་དམ་པའི་སྐུ་དྲིན་སྙིང་ནས་དྲན།།
ཁྱེད་སྐུ་ཞི་བའི་དབྱིངས་སུ་སིམ་གྱུར་ཀྱང་།།
ལེགས་བྱས་འོད་ཀྱི་ཟེགས་མ་འབུམ་འཕྲོ་བའི།།
ཕྱག་རྗེས་དྲི་མེད་བསྐལ་བར་རྒྱུན་བསྲིང་བར།།
བུ་སློབ་དག་གི་སོར་རྩེ་ཅི་དགར་རྩེན།།
སྔོན་བསགས་ལས་ཀྱི་སྨོན་ལམ་བཟང་བོའི་མཚམས་སྦྱོར་མཐུ་ལས་ལང་ཚོའི་དུས།།
ཀུན་མཁྱེན་བླ་མའི་བཀའ་དང་ལུང་བསྟན་ཡི་གེར་ཕབ་པའི་སྐལ་བཟང་ཐོབ།།
སྤྱི་ཚོགས་གསར་བའི་དུས་ཀྱི་འཕོ་འགྱུར་སྐད་ཡིག་མི་ཉམས་སླར་གསོའི་དུས།།
སྐལ་ལྡན་ཚོགས་རྣམས་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཁྲིད་པའི་དེད་དཔོན་ཆེ།།
གང་སྐུ་མི་མངོན་ཞི་བར་གཤེགས་ནས་བགྲང་བྱ་སོ་བཞི་འདས་གྱུར་ཀྱང་།།
དྲི་མེད་ཕྱག་བྲིས་བློ་གསལ་སྤྱི་ནོར་གཟི་བྱིན་སྔར་ལས་ལྷམ་མེར་འཚེར།།
སྐད་ཅིག་བཞུད་པའི་དུས་ཀྱི་འཁོར་ལོས་དམ་པའི་འཛུམ་ཞལ་རྒྱང་བསྐྱལ་ཀྱང་།།
གངས་ཅན་མཁས་པའི་ལོ་རྒྱུས་དབུས་ན་མཆོག་གི་ཁྲི་འཕང་དགུང་དང་མཉམ།།
སྨོན་པའི་ལས་ལ་ཚེ་གཅིག་བརྩོན།།
ལམ་བཟང་སྟོན་པའི་དེད་དཔོན་མཆོག།
རྒྱ་ཆེའི་ཡོན་ཏན་ནོར་བུའི་གཏེར།།
མཚོ་རུ་འཁྱིལ་ལ་གུས་ཕྱག་བརྩེགས།།
སྨོན་པའི་རྟེན་འབྲེལ་ལས་མཇལ་བཤེས་གཉེན་མཆོག །
ལམ་སྟོན་སྒྲོན་མེ་སྟོང་གི་འོད་ཟེར་ཅན།།
རྒྱ་ཆེར་བརྩེ་བས་སྐལ་ལྡན་རྗེས་བཟུང་བ།།
མཚོ་ལྟར་ཟབ་པའི་སྐུ་དྲིན་སྙིང་ནས་དྲན།།
གངས་ཅན་སློབ་གསོའི་ཞིང་ས་གཤིན་པོ་རུ།།
བརྩོན་པ་དྲག་པོས་ཕན་བདེ་ས་བོན་བཏབ།།
ཤེས་བྱའི་མྱུ་གུ་སྐྱོང་ལ་ཆེས་མཁས་པའི།།
སློབ་དཔོན་དམ་པའི་སྐུ་དྲིན་སྙིང་ནས་དྲན།།
ཚེ་སྔོན་སྨོན་ལམ་མ་འཆུགས་བསོད་ནམས་མཐུས།།
ཁྱོད་སྐུ་དངོས་སུ་བསྟེན་པའི་སྐལ་བཟང་ཐོབ།།
བགྲང་བྱ་ལྔ་ལ་བསྐྱངས་པའི་སྐུ་དྲིན་ཆེ།།
སྟོང་གསུམ་གསེར་གྱིས་གང་ཡང་འཇལ་དུ་མེད།།
གང་སྐུ་མི་མངོན་ཞི་དབྱིངས་སུ་གཤེགས་བགྲང་བྱ་སོ་བཞི་འདས་གྱུར་ཀྱང་།།
ཚད་ལྡན་ཡིག་གཟུགས་བློ་གསལ་སྤྱི་ནོར་མ་ཉམས་མི་ཉམས་ལྗོངས་འདིར་དར།།
མི་རིགས་རང་གི་ལོ་རྒྱུས་གཅིག་གྱུར་གཏན་ཕབ་ཡི་གེ་འབྲི་བའི་སྲོལ།།
བརྩི་མཐོང་མི་བགྱིད་ཁུངས་མེད་སུག་བྲིས་བསམ་མེད་བྱིས་པའི་རྩེད་མོའི་འཕྲུལ།།
གང་སར་ཁྱབ་ཅིང་ཡ་མཚན་འཛིན་པའི་ཅང་མེད་ཟློས་གར་མཐོང་ཐེངས་རེར།།
མཆོག་གི་ཞལ་གདམས་བརྒྱུད་པ་གཙོར་འཛིན་དྲི་མེད་བསླབ་བྱ་ལྷག་ཏུ་དྲན།།
སྐལ་ལྡན་སྨོན་འདུན་འགྲུབ་པར་ངལ་མེད་སྐུ།།
ཡང་དག་ལམ་བཟང་གདམས་ལ་འགགས་མེད་གསུང་།།
ཡོན་ཏན་རྒྱ་མཚོས་ཕྱུག་པའི་ཐུགས་མངའ་བ།།
སློབ་དཔོན་དམ་པའི་མཛད་འཕྲིན་བསྐལ་བརྒྱར་གསོན།།
སློབ་དཔོན་གང་ཉིད་གཙུག་གི་ནོར་བུ་དངོས།།
བསྐལ་བརྒྱའི་བར་དུ་མི་ཕྱེད་དད་པས་མཆོད།།
ཡིད་ཀྱི་མེ་ལོང་རབ་ཏུ་གསལ་བའི་ངོར།།
མ་བརྗེད་ཁྱོད་ཞལ་རྣམ་ཀུན་སྙིང་ནས་དྲན།།
སྦྱངས་སྟོབས་རིག་པའི་དཀྱིལ་འཁོར་རྫོགས་པའི་སྐུ།།
ཀུན་གྱི་རྣ་བའི་དགའ་སྟོན་ལེགས་བཤད་གསུང་།།
བྱམས་བརྩེའི་འོད་སྣང་འཕྲོ་བའི་ཐུགས་མངའ་བ།།
སློབ་དཔོན་དམ་པའི་སྐུ་དྲིན་སྙིང་ནས་དྲན།།
གངས་ལྗོངས་གཙུག་ལག་རབ་འབྱམས་ཀུན་གསལ་ངོས།།
སྣ་ཚོགས་ཡིག་གཟུགས་རྒྱུ་སྐར་མུ་ཏིག་ཕྲེང་།།
འགྲེམ་ལ་དཔའ་བའི་སློབ་དཔོན་དྲིན་ཅན་རྗེ།།
ད་ནི་བདེ་ལྡན་ཞིང་ཁམས་གང་དུ་བཞུགས།།
ང་མཁས་ང་བཙུན་ང་བཟང་སྙམ་པའི་ཆེ་མཆོག་དེང་འདིར་མང་མོད་ཀྱང།།
གང་གི་ཐོས་བསམ་སྒོམ་པའི་མཛད་པར་འགྲན་དུ་ཕོད་པ་ཉིན་སྐར་ཙམ།།
རང་བཟོས་རང་བཅོས་རང་རློམ་ཅན་གྱི་ཡིག་གཟུགས་ཕྱི་མོ་མང་མཆིས་ཀྱང་།།
མཆོག་གི་དྲི་མེད་ཕྱག་བྲིས་ལ་ནི་འགྲན་དུ་སྙམ་པ་བྱིས་པའི་བློ།།
ཁྱུང་བོ་གཡུ་ཁྲིས་གཏན་ལ་ཕབ་པའི་ཡི་གེའི་ཆ་ཚད་རི་མོའི་གར།།
སློབ་དཔོན་མཆོག་གིས་ཇི་བཞིན་སྤེལ་བའི་བརྒྱུད་ལྡན་བློ་གསལ་སྤྱི་ནོར་རྨད།།
དབྱངས་གསལ་སོ་བཞིའི་ཡིད་འོང་འབྲི་སྲོལ་མདོ་སྨད་ལྗོངས་སུ་ལེགས་སྤེལ་བར།།
འཇིགས་མེད་དབང་པོའི་གསེར་གྱི་བཀའ་ལུང་ལོ་རྒྱུས་རྒྱན་པའི་དཔལ་དུ་ཆེ།།
དེང་འདིར་རིག་གནས་ཡང་དར་བསྟན་པའི་ཡིག་རྒྱུན་དྲི་མེད་སྤེལ་བ་ལ།།
སྨོན་ལམ་རྒྱ་མཚོའི་ཕྱག་སོར་ལས་འཁྲུངས་ཡིག་གཟུགས་ལ་ནི་སུ་ཡིས་འགྲན།།
སྨོན་པའི་འདུན་པ་འགྲུབ་པར།།
ལམ་བཟང་དཀའ་བས་སྤྱད་ཅིང་།།
རྒྱ་ཆེའི་ཡོན་ཏན་ནོར་གྱིས།།
མཚོ་ལྟར་ཐུགས་རྒྱུད་ཕྱུག་གོ།
ཐོན་མི་གཡུ་ཁྲི་སོགས་ཀྱི་ཕྱག་སོར་ལས།།
བརྒྱུད་པའི་གངས་ཅན་རིག་བྱེད་ཡི་གེའི་གཟུགས།།
ལྗོངས་འདིར་སྤེལ་མཁས་གཡུ་ཁྲི་གཉིས་པ་དེ།།
སློབ་དཔོན་དམ་པའི་བཀའ་དྲིན་སྙིང་ནས་དྲན།།
བྱམས་བརྩེའི་ཐུགས་ཀྱི་འོ་ཞོ་སྣུམ་པོ་བསིལ་ལྡན་རིགས་ཀྱི་མྱུ་གུ་ཚོའི།།
ལྷན་སྐྱེས་གཤིན་པོའི་ཞིང་ས་ཡངས་པོར་ངལ་མེད་ཡང་ཡང་གཏོར་བ་ལས།།
ཡིག་གཟུགས་རིག་བྱེད་འབྲས་བཟང་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་འདི།།
ཡོན་ཏན་བྱེ་བའི་མཛོད་ཀྱི་སྦྱིན་བདག་རིག་པའི་རྒྱལ་པོ་ཁྱེད་ཉིད་ལགས།།
རྒྱུ་སྐར་དབུས་ནས་ཉ་གང་ཟླ་བ་འཇིག་རྟེན་གཞན་དུ་བཞུད་གྱུར་བས།།
བདག་སོགས་གྲངས་མེད་བུ་སློབ་རྣམས་ནི་མུན་པའི་ཐང་དུ་ལུས་ན་ཡང་།།
ཁྱེད་ཀྱི་རླབས་ཆེན་བཞུད་ལམ་རི་མོར་ལག་གདང་སྦྲེལ་ནས་བགྲོད་དོ་ཞེས།།
གདུང་བའི་སེམས་པ་སྟོབས་སུ་བསྒྱུར་ཏེ་འབྲས་བཟང་མེ་ཏོག་ཕྱོགས་ཀུན་བཞད།།