བོད་ཀྱི་ཡི་གེར་ལྟ་བ།བོད་ཀྱི་ཡི་གེར་ངོས་འཛིན་ཚུལ།

2023-05-02

བོད་ཀྱི་ཡི་གེར་ལྟ་བ།

བོད་ཀྱི་ཡི་གེར་ངོས་འཛིན་ཚུལ།


            སྤྱིར་ན་འཛམ་གླིང་ཧྲིལ་པོའི་ཐོག་ཡིག་རིགས་5561ཡོད་པར་འཇར་མན་གྱིས་དཔར་བསྐྲུན་བྱས་པའི་(སྐད་བརྡ་རིག་པ་དང་སྐད་བརྡའི་འབྲེལ་འདྲིས་ཡོ་བྱད་གནད་དོན་ལག་དེབ།)ལས་གསལ། དེ་དག་སོ་སོའི་སྒྱུ་རྩལ་དང་འབྲི་སྲོལ་གྱི་སྒོ་ནས་ཡིག་གཟུགས་ཀྱང་མི་འདྲ་བར་སྤྱི་ཚོགས་ཡོངས་ལ་སྲི་ཞུའི་ལག་གདང་སྒྲིལ་བཞིན་ཡོད་པ་རེད། དེའི་ནང་ནས་བོད་རང་གི་ཡིག་རིགས་ལ་མཚོན་ན། རྩ་བ་ཀ་མད་སུམ་ཅུའི་ཞིང་སར་སྔོན་རྗེས་མིང་གསུམ་གྱི་ཡལ་འདབ་རྒྱས་ནས་མི་རིགས་འདིའི་ཤེས་དཔལ་རིགས་གསུམ་གྱི་ཆུད་ཚད་གོང་ཐོར་བཏངདང་གཏོང་མུས་ཡིན་པ་མ་ཟད་ཡིག་རིགས་དེ་དག་ལས་གཟུགས་རིས་ཀྱི་རྣམ་པ་དུ་མ་ཞིག་ཀྱང་འབྲི་སྲོལ་བྱུང་ཡོད་ལ། བོད་ཡིག་གི་ཡིག་གཟུགས་སྒྱུ་རྩལ་དག་ནི་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གངས་ལྗོངས་ས་མཐོའི་ཐུན་མིན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་ཡུལ་དུ་བྱོན་པའི་མཁས་པ་ཡོངས་གྲགས་སུ་གྱུར་པ་ཕལ་མོ་ཆེས། བོད་གངས་རིའི་ལྗོངས་ཆེན་པོ་འདིར་དམ་པའི་ཆོས་ཀྱི་བསྟན་པ་རིན་པོ་ཆེ་དབུ་བརྙེས་ནས་བཟུང་།   བོད་ཀྱི་ཡུལ་འདི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཁྱད་པར་ཅན་ཞིག་ཡིན་པ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོ་དེ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་ཁྱད་པར་ཅན་འགྲན་པའི་ཟླ་ཐམས་ཅད་དང་ཡོངས་སུ་བྲལ་བ་ཞིག་ཡིན་པ་དང་། སྤྲུལ་པའི་རྗེ་བློན་དེ་རྣམས་ཀྱི་ཐུགས་རྗེ་དང་བྱམས་པ་ཚད་མེད་པའི་རླབས་ཆེན་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞིག་ཁ་བ་རི་པའི་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ལས་སྐལ་བཟང་པོ་དུས་སུ་སྨིན་པའི་མཐུས། བོད་ཁམས་སུ་དམ་ཆོས་ཉི་མའི་འོད་སྣང་གིས་གསལ་བར་མཛད་པ་ཡིན་ལ། སྤྲུལ་པའི་རྒྱལ་བློན་དེ་རྣམས་མ་བྱོན་པའི་གོང་རོལ་དུ་བོད་མི་རྣམས་བླུན་ཞིང་རྨོངས་པ་དེར་བོད་ཀྱི་ཡི་གེ་མེད་ཅིང་། དེ་དང་འབྲེལ་བའི་ཤེས་རིག་ཀྱང་མེད་དེ་ཕལ་ཆེར་དུད་འགྲོའི་ཁྱུ་ལྟར་དུ་གནས་པའི་ཚུལ་རྒྱས་སྤྲོས་ཀྱིས་བཤད་ཡོད་ལ། ཆོས་ཕྱོགས་ཀྱི་མཁས་པ་ཕལ་མོ་ཆེས་གནའ་ལུགས་ལ་སྨད་ར་ཇི་ཙམ་ཞིག་གཏོང་ཐུབ་ན་གསར་ལུགས་ལ་དགེ་མཚན་ལྷག་ཙམ་ཞིག་ཡོད་པ་ལྟ་བུའི་ལྟ་སྟངས་འདི་འདྲ་ཞིག་གི་གཞི་རྩ་བཟུང་། ཆོས་ཀྱི་བསྟན་པ་བྱུང་ནས་བཟུང་བོད་དུ་ལེགས་ཆ་གང་མང་མང་ཞིག་འཕེལ་ཡོད་པ་དང་། དེ་སྔོན་ཉེས་ཆ་གང་མང་མང་ཞིག་པའི་ཚུལ་འདི་གཉིས་ཀྱི་འགལ་ཆ་བསྟན་ཅི་ཐུབ་གང་ཐུབ་ཅིག་གནང་བ་ལོ་རྒྱུས་ཀྱི་གཞུང་ཆེ་ཕྲ་དུ་མ་ཞིག་སྤེལ་བ་མཛད་ཡོད། འདི་རིགས་ཀྱི་རྗེས་འབྲངས་སུ་བོད་ཀྱི་ལོ་རྒྱུས་མཁན་པོ་མང་ཆེ་བ་ནི་བསྟན་འཛིན་ཆེན་པོ་ཤ་སྟག་ཡིན་སྟབས།   དམ་པའི་ཆོས་སྤེལ་བའི་ཆ་རྐྱེན་ལྟ་བུར་དགོངས་ནས། དེ་ལུགས་ཀྱི་ལོ་རྒྱུས་རྣམས་དར་རྒྱས་སུ་བཏང་ཡོད་མོད། དམ་པའི་ཆོས་ཀྱི་ལུགས་ཁོ་ནའི་དབང་དུ་བྱས་ན། བོད་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་གྱུར་ཅིང་། བོད་ཀྱི་གདུལ་བྱ་རྣམས་འདུལ་བའི་ཆེད་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་བོད་མིའི་གཟུགས་སུ་བཞེངས་ནས་བྱོན་པ་སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཡིན་པ་འདི་རྣམས་མ་འགྲིག་པ་དང་། འགལ་ཟླར་གྱུར་པ་རྡུལ་ཙམ་ཞིག་མེད་ནའང་།   ལོ་རྒྱུས་ཀྱི་གཞི་རྩ་དེ་དངོས་པོའི་གནས་ཚུལ་དང་གནས་སྐབས་ཀྱི་ཆ་རྐྱེན་རྣམས་དང་བསྟུན་ཏེ་དཔྱད་ནས་རིག་པས་གཏན་ལ་འབེབས་ཐུབ་པ་ཞིག་མ་བྱས་པར་ལོ་རྒྱུས་ཀྱི་རྩ་བའི་འབྱུང་ཁུངས་དང་དེ་དག་གི་དགོས་པ་རྒྱུ་མཚན་དང་བཅས་པའི་ཚུལ་ལ་ཡོངས་སུ་རྨོངས་ཤིང་། དད་པ་དང་དག་སྣང་། མོས་པ་དང་ཡིད་ཆེས་ཙམ་ལ་བརྟེན་ན། ལོ་རྒྱུས་ནི་རིགས་པའི་རྗེས་སུ་འབྲངས་པས་འགྲིག་ཐབས་མེད་དོ། །སྲོང་བཙན་སྒམ་པོས་རྒྱ་དཀར་ནག་ནས་དམ་པའི་ཆོས་དང་དེ་འབྲེལ་གྱི་རིག་གཞུང་སྣ་ཚོགས་པ་ཞིག་གདན་དྲངས་པ་དེ་ནི་ཡག་ཐོག་ཡག་བརྩེགས་ཟེར་བ་བཞིན། སྔོན་ཡོད་ཀྱི་ཤེས་རིག་དེ་དག་ད་དུང་དེ་ལས་ལྷག་པར་དར་རྒྱས་གོང་འཕེལ་གྱི་ཆ་རྐྱེན་དུ་སྤེལ་མཛད་པ་ཞིག་ཡིན་པ་ལས། བཀའ་ཆེམས་ཀ་ཁོལ་མ་དང་ལྷོ་བྲག་ཆོས་འབྱུང་སོགས་ལས་གསུངས་པ་ལྟར་ཅི་ཡང་མེད་པས་ཧུ་ཐུག་ནས་གདན་དྲངས་པ་ཞིག་ག་ལ་ཡིན། དེ་ཡང་ལོ་ངོ་4000གི་གོང་ནས་བོད་ཀྱི་མེས་པོ་རྣམས་ཀྱིས་སྟག་གཟིག་གི་སྤུངས་ཡིག་སྤྱོད་སྲོལ་ཡོད་པ་དང་། འདས་ཟིན་པའི་ལོ་ངོ་3000ཙམ་གྱི་དུས་སུ་གཡུང་དྲུང་བོན་གྱི་ཤིང་རྟའི་བྱེད་པོ་གཤེན་རབ་མི་བོ་ཆེས་སྟག་གཟིག་སྤུངས་ཡིག་ལ་དཔེ་བླངས་ནས་སྨར་ཡིག་གསར་གཏོད་གནང་བ་དེ་རེ་ཞིག་ཞང་ཞུང་སྟེ་ད་ལྟའི་བོད་ལྗོངས་མངར་རིས་ས་ཁུལ་དུ་དར། དེ་ལ་ཡང་སྨར་ཆེན་སྨར་ཆུང་ཞེས་ཁྱད་པར་མི་འདྲ་བ་གཉིས་ཡོད། དེ་དུས་ཀྱི་གཡུང་དྲུང་བོན་གྱི་ཕྱག་དཔེ་མང་ཆེ་བ་སྨར་ཡིག་ཐོག་ནས་བྲིས་པ་ཤ་སྟག་ཡིན་པ་མ་ཟད། ད་ལྟའི་དུས་སུ་ཡང་བོམ་གྱི་དགོན་པ་འགར་སྨར་ཡིག་གིས་བྲིས་པའི་ཕྱག་དཔེ་ཉུང་ཆས་ཡོད་སྐད་འདུག   དེ་དང་དུས་མཚུངས་སུ་གཟི་ཡིག་དང་ལྷ་བབ་ཡི་གེ་ཞེས་པའི་ཡིག་གཟུགས་གཉིས་དར་བ་ནི་མཛེས་རྩལ་ཡིག་གཟུགས་སུ་གཏོགས་པ་སྙམ་ཞིང་སྐསབ་དེ་ནས་བཟུང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་འགོ་ཐོག་མ་བརྩམས་པ་རེད།   ཉང་གི་ཆོས་འབྱུང་ལས་བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ།། ཞེས་བོད་ཀྱི་ཡི་གེའི་གདགས་གཞི་ཞིག་ནི་སྔོན་ནས་ཡོད་པའང་གསལ་བར་གསུངས་ཡོད། ལྷོ་བྲག་ཆོས་འབྱུང་ལས། ཐོན་མི་སམ་བྷོ་ཊས་ནཱ་ག་ར་དང་ཁ་ཆེའི་ཡི་གེ་ལ་དཔེ་བླངས་ནས་བོད་ཀྱི་ཡི་གེ་གསར་དུ་བཟོས་པའམ། དེབ་ཐེར་དཀར་པོ་ལས་ཇི་ལྟར་གསུངས་པ་བཞིན། གུསྟའི་ཡིག་གཟུགས་ལ་བརྟེན་ཏེ་བོད་ཡིག་གསར་བཟོ་གནང་བ་གང་ཡིན་རུང་། དོན་དུ་དེང་སང་རང་རེའི་ལ་ཡོངས་གྲགས་ཀྱི་ཡི་གེ་འདི་ཐོན་མིས་མཛད་ཡོད་པ་དང་། དེར་མ་ཟད་ད་ལྟ་དངོས་ཡོད་དུ་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ལས་མེད་ནའང་། དོན་དུ་བརྡ་སྤྲོད་ཀྱི་གཞུང་བརྒྱད་མཛད་པ་དང་རྒྱ་ཆོས་བོད་ཀྱི་སྐད་ཡིག་ཏུ་ཐོག་མར་བསྒྱུར་བའི་དབུ་བཙུགས་པ། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ལ་དུས་རབས་འབྱེད་པའི་འཕོ་འགྱུར་ཆེན་པོ་བྱུང་སྟེ། ཆབ་སྲིད། དཔལ་འབྱོར། ཁྲིམས་འཛིན། དམག་དོན། རིག་གནས། ཆོས་ལུགས། གསོ་རིག   ས་གནས་བར་གྱི་འབྲེལ་བ་སོགས་གོང་དུ་འཕེལ་བར་སྐུལ་མ་ཆེན་པོ་ཐེབས་ཡོད། དེའི་ཁྲོད་ཐོན་མི་སམ་བྷོ་ཊས་བཞག་གནང་བའི་མཛད་རྗེས་ཧ་ཀྱང་ཆེ་བ་ནི་སྨོས་མི་དགོས་པས། བོད་མི་ཡོངས་ནས་རྣམ་པ་ཀུན་ཏུ་བཀའ་དྲིན་རྗེས་སུ་དྲན་དགོས་པའི་འཕྲུལ་བློན་ཁོང་ལ་གུས་བཀུར་བླ་ན་མེད་པ་བྱས་པ་རེད།

            བོད་ཡིག་ཚད་ལྡན་ཆགས་པའི་རྗེས་ཚང་མས་དེའི་ཡིག་གཟུགས་ཡག་པོ་ཡོང་བར་དོ་སྣང་ཆེན་པོ་བྱས། ཐོན་མི་ཁོང་གིས་གསར་གཏོད་མཛད་པའི་དབུ་ཅན་ལ་སྦལ་ནག་བགྲད་འདྲ་ཞུ་ཞིང་། བཙན་པོའི་དུས་སུ་བོད་ལ་ཡིག་གཟུགས་མཁས་པ་མི་བརྒྱད་བྱང་བ་དེ་རྣམས་ཁོང་གིས་མཛད་པའི་སྦལ་ནག་བགྲད་འདྲ་གཞིར་བཟུང་སྟེ།   སོ་ཕག་གཤིབ་འདྲ་དང་། ནས་སྔོན་སེང་དཀར་སྟེང་བཀྲམ་པ་དང་། མུ་ཏིག་སྟར་བརྒྱུས། བྱ་ཕོ་འཇོལ་འདྲ། ཉ་མོ་ཆུ་ནང་ནས་ཕྱུང་འདྲ། སེང་གེ་གནམ་ལ་འཕྱོངས་འདྲ། སྦུར་ནག་བགྲད་འདྲ་བཅས་དབུ་ཅན་གྱི་ཡིག་གཟུགས་གྲགས་ཅན་བརྒྱད་གསར་གཏོད་མཛད་པ་གྲགས། བཙན་པོའི་དུས་སུ་ད་དུང་བརྡ་ཡིག་དང་། གཏེར་ཡིག   འཕྲུལ་ཡིག་ལ་སོགས་པའི་ཡིག་གཟུགས་བཞི་བཅུ་ལྷག་ཡོད་ཀྱང་། ཚད་དང་ལྡན་ལ་ཀུན་གྱིས་ཁས་ལེན་པའི་ཡིག་གཟུགས་ཤིག་མེད་སྟབས། བཙན་པོའི་དུས་མཇུག་ཏུ་མཁས་དབང་གྲགས་ཅན་ཁྱུང་པོ་གཡུ་ཁྲི་ཞེས་པས་༼མཎྜལ་༽བཞེངས་པའི་ཐབས་ལ་བརྟེན་ནས་བོད་ཡིག་འབྲི་སྟངས་ཆ་ཚང་ཚད་དང་ལྡན་པར་བཟོས་ནས།   འགོ་འཛུགས་པ་དང་མཇུག་བསྡུ་ཚུར། གཟུགས་ཆེ་ཆུང་། རྐང་པ་ཕྲ་སྦོམ་སོགས་ཞིབ་པར་གཏན་ལ་ཕབ་པས། དེར་ཀུན་གྱིས་ཁྱུང་བྲིས་ཞེས་བོས་པའོ།། དེ་ནས་བཟུང་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ལ་འགྱུར་བ་ཆེན་པོ་བྱུང་མེད།  

          ཡིག་གཟུགས་དབུ་མེད་ཞེས་པ་དེའང་བཙན་པོའི་དུས་ནས་ཡོད་ལ། གཞུང་ཡིག་ལ་སོགས་པའི་བྱ་བ་གལ་ཆེ་རིགས་རྣམས་དབུ་ཅན་གྱི་ཐོག་ནས་འབྲི་བ་ཕུད། དེ་བྱིངས་དཔེར་ན་དམངས་ཁྲོད་ཀྱིད་འཕྲིན་ཡིག་དང་ཟིན་བྲིས་ལ་སོགས་པའི་བྱ་བ་རྣམས་དབུ་མེད་ཀྱི་ཐོག་ནས་འབྲི་བ་མང་། དབུ་མེད་ཀྱི་ཡིག་གཟུགས་འདི་འབྲི་བདེ་ལ་མགྱོགས་པའི་དབང་གིས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་སོང་བས། གང་བྱུང་མང་བྱུང་དུ་འབྲི་བའི་གནས་ཚུལ་བྱུང་བ་རེད། དུས་རབས་བརྒྱད་པའི་སྐབས་སུ་ཡིག་མཁན་ཆེན་པོ་ལྡན་མ་རྩེ་མང་དང་ལེ་ལུགས་པ་རྣམས་གཉིས་ཀྱིས་དབུ་མེད་ཚད་ལྡན་བཟོས་པ་དེ་ནས་དབུ་མེད་ལ་ཡང་ལྡན་ལུགས་དང་ལེ་ལུགས་ཞེས་པའི་འབྲི་རྒྱུན་མི་འདྲ་བ་བ་ཁག་གཉིས་གཏན་འཁེལ་མཛད། ལྡན་ལུགས་དེ་དར་ནས་ད་བར་རྒྱུན་འཛིན་ཐུབ་ཅིང་ད་ལྟའི་དབུ་མེད་ཡིག་གཟུགས་ཀྱི་རྩ་བའི་རྨང་གཞིར་གྱུར་མོད། འོན་ཀྱང་ཡིད་སྐྱོ་བར་ལེ་ལུགས་ཉམས་ནས་དོར་བར་གྲགས།

       དུས་རབས་བཅུ་གསུམ་པའི་སྔ་རྗེས་ས་སྐྱ་བའི་དུས་སུ་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ཚུགས་རིང་། ཚུགས་ཐུང་། དཔེ་ཚུགས། འབྲུ་ཚ་ལ་སོགས་བྱུང་བ་རེད།   ཡང་མཁས་པ་ཁ་ཅིག་གིས་འབྲུ་ཚ་འདི་ཐོན་མིས་མཛད་པའང་བཤད་སྲོལ་ཡོད། ས་སྐྱ་གོང་མའི་བཀའ་རྒྱ་དང་། བསྒྲགས་ཡིག   རྡོ་རིང་ཡི་གེ་ཚང་མ་འབྲུ་ཚ་ཞབས་སྒོང་མ་ཤ་སྟག་རེད།   ས་སྐྱ་གོང་མའི་དུས་སུ་འབྲུ་ཚ་ཞབས་སྒོང་མའི་ཡིག་གཟུགས་སྒྱུ་རྩལ་ལ་འཕེལ་རྒྱས་ཧ་ཀྱང་ཆེན་པོ་བྱུང་རེད། ཡང་དུས་རབས་བཅུ་བདུན་པའི་དུས་དཀྱིལ་ཏེ་དགའ་ལྡན་ཕོ་བྲང་གི་དུས་སུ། སྲིད་ཀྱི་སྒྲིག་གཞི་འཐུས་ཚང་དུ་སོང་བ་དང་སྦྲགས་ཡིག་ཆ་འབྲི་སྟངས་ཚད་ལྡན་བཟོ་རྒྱུར་དེ་བས་དོ་སྣང་ཆེན་པོ་བྱས་ནས། ཡིག་གཟུགས་ཐོག་ནས་གོང་ལ་འབུལ་བྱེད་ཀྱི་སྙན་ཞུ་དང་། གཤམ་ལ་འགྲེམས་བྱེད་ཡིག་ཆ། འདྲ་མཉམ་བར་ཡི་གེ་གཏོང་སྟངས། དམངས་ཁྲོད་ཀྱི་གཏོང་ཡིག་སོགས་དེའི་ནང་དོན་དང་རྣམ་པ་གཉིས་ཀ་ཚད་གཞི་ནན་པོ་གཏན་འབེབས་གསལ་པོ་བྱས།   དུས་རབས་ཉི་ཤུ་པའི་དུས་འགོར་འབྲུ་ཚ་ཞབས་ཐུང་འདི་མི་མང་ཆེ་བས་དགའ་མོས་བྱེད་པའི་ཡིག་གཟུགས་སུ་གྱུར། འབྲུ་ཚ་ཞབས་ཐུང་ལ་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། དེ་ལས་བྱུང་བའི་འཁྱུག་ཡིག་མགྱོགས་ལ་གཟུགས་མཛེས་པས། འདི་ནི་དུས་རབས་བཅུ་དགུ་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ཀྱི་མཛད་རྗེས་ཆེན་པོ་ཞིག་རེད། འཁྱུག་ཡིག་དེ་ལའང་འབྲེལ་མཐུད་ཆེ་ཆུང་གི་དབང་དུ་འཁྱུག་ཆེན་དང་འཁྱུག་ཆུང་ཞེས་འབྲི་སྲོལ་གཉིས་ཡོད།   ད་ལྟ་བོད་རིགས་རྣམས་ཀྱིས་ལག་བྲིས་བྱེད་ཡས་མང་ཆེ་བ་འཁྱུག་ཡིག་དེ་ཡིན། ཡིག་རིགས་གཅིག་ལ་གཟུགས་མི་འདྲ་བ་དུ་མ་སྣང་བ་ནི་བོད་ཀྱི་ཡི་གེའི་ཁྱད་ཆོས་གལ་ཆེན་ཞིག་རེད།   


ཡིག་གཟུགས་ཀྱི་མ་འོངས་པ།

       “ན་ནིང་བཏུང་བའི་ཆུ་ཡིས་ད་ལོའི་སྐོམ་སེལ་མི་འོང་ལ། ཁ་སང་གི་གཟི་བརྗིད་ཀྱིས་དེ་རིང་གི་ཚབ་བྱེད་ག་ལ་འོང་།” ང་ཚོར་དུས་ཡུན་རིང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ལོ་རྒྱུས་ཡོད་ཀྱང་། བརྟན་ཅིང་བརླིང་བའི་ཡིག་གཟུགས་ཀྱི་རྨང་གཞི་ཞིག་ཡོད་ནའང་དེ་ཙམ་གྱིས་མི་ཆོག་སྟེ།   དུས་རབས་གསར་པས་སྤྱི་ཚོགས་ཀྱི་གསར་པ་བསྐྲུན་ཏེ། སློབ་གསོ་རྒྱ་ཆེར་ཕྱིན་ཅིང་། མི་རྣམས་ཀྱི་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་སོང་བདང་། ཚན་རྩལ་ཁྱབ་གདལ་དུ་ཕྱིན་པ། འཇིག་རྟེན་ལྟ་ཚུལ་འགྱུར་ལྡོག་མངོན་གསལ་དུ་ཐོན། དེར་བརྟེན་སྤྱི་ཚོགས་ཀྱི་སེམས་ཁམས་སྤྱི་དང་བསྟུན་པའི་ཡུལ་སྲོལ་གོམས་གཤིས་དང་། མི་རྣམས་ཀྱི་བསམ་པའི་འཁྱེར་སོ། རིན་ཐང་ལྟ་བ། མཛེས་འཛིན་འདུ་ཤེས། མི་ཚེའི་ལྟ་སྟངས་དང་ཚོར་འདུ་སོགས་འདུ་ཤེས་ཀྱི་ཁྱབ་ཁོངས་ཡོངས་སུ་མི་འདྲ་བའི་སྒོ་ནས་འགྱུར་ལྡོག་ངེས་ཅན་ཞིག་བྱུང་དང་འབྱུང་བཞིན་འདི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ལགས།  

          དེར་བརྟེན་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་དང་འཚོ་བ་གསར་པ་མཚོན་པར་བྱེད་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལའང་ཅིས་ཀྱང་འཕེལ་རྒྱས་གསར་པ་ཡོད་དགོས་ལ། ཁྱད་པར་ཡིག་གཟུགས་ནི་སྐད་ཡིག་ཁྱབ་ཁོངས་སུ་ཚོར་བ་རྣོ་ཤོས་དང་ལྡེམ་མྱུར་ཆེ་ཤོས་ཡིན་པས་སྐད་ཡིག་གི་འཕོ་འགྱུར༌ཕལ་ཆེར་ཞིག་ཡིག་གཟུགས་ནས་འགོ་རྩོམ་པ་ཡིན་ན་སྐད་ཡིག་ཁྱབ་ཁོངས་སུ་དུས་རབས་ཀྱི་བླང་བྱ་ཐོག་མར་འདོན་ཡུལ་ཡང་ཡིག་གཟུགས་ཡིན་དགོས།   ད་ལྟ་འཛམ་གླིང་ཡོངས་སུ་གླེང་བཞིན་པའི་OpenAIཚང་གི་གསར་དུ་སྤེལ་བའི་ChatGPTདང་Generative AI ད་དུང་ InStrUCIGFTདང་GPT-3སོགས་མིས་བཟོས་རིག་སྟོབས་ཀྱི་ཚན་རྩལ་དར་ཁྱབ་ཆེ་བའི་གནས་ཚུལ་འདི་འདྲའི་འོག་ང་ཚོས་ད་དུང་དུས་རབས་བཅུ་གསུམ་པའི་དུས་ཀྱི་ཡིག་གཟུགས་རྣམ་གཞག་ཙམ་ཁོ་ནར་འཁྲེན་ནས་དེ་ལ་སྒུལ་སྐྱོག་ཙམ་ཡང་མ་བྱས་ན་འཕེལ་རྒྱས་འགྲོ་བཞིན་པའི་འཚོ་བ་གསར་པ་དང་། བསམ་བློ་དང་ཚོར་འདུ་རྙོག་འཛིན་ཅན་དང་ཕུན་སུམ་ཚོགས་པ་དེ་དག་མཚོན་མི་ཐུབ་པས་ཡིག་གཟུགས་དང་འཚོ་བ་གཉིས་ཕན་ཚུན་ཐག་ཇེ་རིང་དུ་འགྲོ་ཞིང་། མཐར་ཡིག་གཟུགས་དེ་འཚོ་བའི་རྗེས་སུ་ལུས་ངེས་ཡིན། ཡང་རྒྱུན་འཛིན་དང་གསར་གཏོད་གཉིས་འགལ་བ་ལྟག་སྤྲོད་དུ་འཛིན་པ་ནི་མི་རིགས་ཏེ། སྲོལ་རྒྱུན་ནི་གསར་གཏོད་ཀྱི་རྨང་གཞི་ཡིན་ལ། སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་དམིགས་ཡུལ་ཡང་གསར་གཏོད་དང་འཕེལ་རྒྱས་གཏོང་རྒྱུ་ཡིན།   བོད་མི་རིགས་ཀྱི་ཁྱད་ཆོས་གསལ་བའི་འཚོ་བ་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལེའུ་གསར་པ་ཞིག་འགོ་བཟུང་བ་བྱའོ།། །

          སྔར་ཁོ་བོའི་དགེ་ཆོས་གསང་བྲིས་ཀྱི་ཡིག་གཟུགས་སྤེལ་བས་ཡིག་མཁན་དང་ཡིག་གཟུགས་ཀྱི་ལས་དོན་ལ་དོ་ཁུར་གནང་མཁན་གྱི་གྲོགས་པོ་རྣམས་ཀྱིས་སྐུལ་བ་ལྟར། ད་ཐེངས་ཁྱུང་བྲིས་གཞི་བྱས་པར་དབུ་ཅན་གྱི་ཡིག་གཟུགས་གསར་པ་ཞིག་ཡོད་པ་འདི་འོག་གི་དྲ་ཚིགས་བརྒྱུད་ནས་ཕབ་ལེན་ཐུབ།

          མཐར་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུལ་གྱི་ཕྱག་ལས་གནང་མཁན་གྱི་སྐྱེས་ཆེན་དམ་པ་དང་། བོད་ཀྱི་ཡིག་གཟུགས་ལས་དོན་ལ་བརྩོན་པའི་ལས་གྲོགས་ཡོངས་ཀྱི་བྱ་གཞག་ཐམས་ཅད་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་བའོ།། །


ཞེས་སྤྱི་ལོ་༢༠༢༣ལོའི་ཟླ་༤པའི་ཚེས་༢༨ཉིན་གུས་གཤོག་པས་ཕུལ་བའོ།།

阅读272
分享
写下您的评论吧