༄༅།།བདེ་བར་གཤེགས་པའི་གསུང་རབ་དང་དེའི་དགོངས་འགྲེལ་སོགས་ཡི་གེར་འབྲི་སྐབས་ཀྱི་མན་ངག་སྙིང་པོར་དྲིལ་བ་ཚོགས་གཉིས་རབ་ཡངས་ཞེས་བྱ་བ།
གཙོས་ཤེས་རབ་རྒྱ་མཚོས།
ན་མོ་གུ་རུ་བྷྱཿ བླ་མ་ལྷ་དང་རྗེ་བཙུན་འཇམ་དཔལ་དབྱངས། །དབྱེར་མེད་ཞབས་ཀྱི་པདྨོར་གུས་བཏུད་ནས། །གསུང་རབ་འབྲི་བཞེངས་མན་ངག་མདོར་བསྡུས་པ། །འགའ་ཞིག་སྐུལ་ངོར་ཉུང་གསལ་ཚིག་གིས་འབྲི། །བྲི་གཞིའི་ཤོག་བུ་མཚལ་སྣག་སྨྱུ་གུ་སོགས། །ཚུལ་དང་མཐུན་པར་སྟ་གོན་ཉེར་བགྱིས་ཏེ། །འབྲི་མཁན་རང་ཉིད་ཁྲུས་དང་གཙང་སྦྲར་བརྩོན། །ཁྱིམ་པ་ཡིན་ན་བསྙེན་གནས་ལེན་པ་ལེགས། །སྤྱིར་ན་ཀུན་སློང་གཙང་ཞིང་དམ་ཚིག་ལྡན། །མ་ཡིག་བུ་ཡིག་མཐོ་དམན་མི་འཛོལ་བར། །མ་དཔེ་ཁྲི་སྟེང་བཞག་ཅིང་པུས་མོ་ལས། ། མི་དམན་མདུན་ནས་གུས་པས་མཆོད་པར་བྱ། །འབྲི་མཁན་སྟན་བདེར་འཁོད་ཅིང་སྐྱབས་སེམས་དང་། །ཁྱད་པར་བྱང་ཆུབ་ཐོབ་ཕྱིར་གསུང་རབ་རྣམས། །རང་གཞན་དོན་ཕྱིར་ལེགས་པར་འབྲིའོ་ཞེས། །ཁྱད་པར་སེམས་བསྐྱེད་བྱ་ཞིང་དེ་ནས་ནི། །བྲི་གཞི་ངོས་འཇམ་གཟེང་ཚེར་མེད་པ་དང་། །མདངས་ལྡན་སྐྱ་ཟད་ནག་ནོག་མ་སྦགས་པར། །ལེགས་པར་བརྡར་ཏེ་ཁ་ཐིག་གདབ་པ་དང་། །གཞུང་ཐིག་དྲང་ཞིང་ཡ་ཡོ་མེད་པ་གཅེས། །གསུང་རབ་ཆེ་ལ་གཞུང་ཐིག་ཆ་གདབ་དང་། །དེ་འོག་བསྟན་བཅོས་ཡ་ཐིག་གང་འཚམ་གདབ། །མཐེབ་མཛུབ་ཐབས་ཤེས་སུ་སྒོམ་ཡིག་འབྲུ་རྣམས། །སྤྲུལ་སྐུ་དཔག་མེད་འགྲོ་དོན་མཛད་པར་སེམས། །འབྲི་ཚེ་མ་དཔེ་མགོ་འཛོལ་གདན་དང་སར། །རང་དགར་མི་འཇོག་བླ་མར་གུས་ལྟར་བྱེད། །མིག་གིས་དོན་མེད་གཟུགས་དང་རྣ་བ་ཡང་། །དོན་མེད་སྒྲ་སོགས་མི་གཡེང་རྩེ་གཅིག་འབྲི། །བདེར་གཤེགས་བཀའ་ནི་ཆེ་འབྲི་རྒྱལ་བོ་འདྲ། །འཕགས་བོད་བསྟན་བཅོས་འབྲིང་འབྲི་བློན་པོའི་ཚུལ། །བར་མཆན་ཡིག་ཆུང་ཆུང་འབྲི་འབངས་ཀྱི་ཚུལ། །ཆེ་ཆུང་མི་བསྣོལ་ཡ་རབས་དམ་པའི་སྲོལ། །རྩ་འགྲེལ་རིགས་ལ་རྩ་བ་མཚལ་འབྲི་དང་། །འགྲེལ་བ་སྣག་གིས་འབྲི་ཞིང་གཞན་ཀུན་ལ། །མཚན་དང་ཡིག་མགོ་གང་ཡོད་མཚལ་གྱིས་འབྲི། ། (གཞན་ཡང་སྔོན་གྱི་ཡི་གེ་དག་ལས། ས་བཅད་སྐག་ལ་རྩ་བ་སེར། ། ལུང་འདྲེན་དམར་ལ་ལུང་ཁུངས་ལི། །སྔ་རྒོལ་སྔོ་ལ་མཚམས་སྦྱོར་ལྗང་། ། ཞེས་ཀྱང་འབྱུང་ངོ་།།)དབྱངས་འདོགས་མིང་གཞི་མཚལ་སྣག་གིས་འབྱེད་པ། ། འདི་ནི་གསར་བྱུང་མཛེས་ཆོས་ཡིན་ནོ་ལོ། །དབུ་ཞབས་མ་ནོར་རྒྱབ་མདུན་དབུ་ཁྱུད་ཕྱེས། །སུམ་ཁྱུད་ཉིས་ཁྱུད་སོགས་ཀྱང་དེ་ཡིས་བསྒྲེ། །རྫོགས་ཚིག་ལྷག་བཅས་འབྱེད་སྡུད་ཕྲད་ཀྱི་མཚམས། །ཤད་ཀྱིས་བཅད་ཅིང་གཞན་ཡང་ཅི་རིགས་པར། །དཔག་སྟེ་དཔེ་ལ་ལྷུག་སྐྱོན་མི་འགྲོ་བར། །ཤད་ཀྱིས་ཡངས་བཅད་སྔ་ཕྱིའི་ཚིག་གི་ཚེག །ཅུང་ཟད་དམ་པར་འབྲི་བ་མཁས་པའི་སྲོལ། །བྲི་བྱའི་དོན་ལ་ལེགས་པར་དཔྱོད་ཤེས་ན། །ནོར་ཆད་སྒྱིད་ལུག་གཡོ་སྒྱུས་མི་གོས་ཤིང་། །གསུང་རབ་འབྲི་བའི་ཕན་ཡོན་ཆེར་འབྱུང་བས། །རྒྱ་ཆེར་འབྲི་བ་སྦྱིན་པའི་ཕར་ཕྱིན་དང་། ། དེའི་དོན་ལེགས་བསམ་ཚུལ་ཁྲིམས་ཕ་རོལ་ཕྱིན། །མི་སྐྱོ་བཟོད་ལྡན་སྤྲོ་བས་འཇུག་པ་བརྩོན། །དབང་ལྔ་མི་གཡེང་བསམ་གཏན་ཕར་ཕྱིན་དང་། །ཚིག་དོན་ཡིག་གཟུགས་ལེགས་དཔྱད་ཤེས་རབ་སྟེ། །ཕར་ཕྱིན་དྲུག་གི་ཉམས་ལེན་འདིར་ཚང་བས། །བདེ་བླག་འདོད་རྣམས་དམ་ཆོས་འབྲི་ལ་བརྩོན། །མཇུག་ཏུ་མ་དཔེའི་ཚིག་བཀྲ་ལེགས་པའི་མཚམས། །བྲི་མཚམས་བཞག་སྟེ་ཁ་ཟས་སོགས་ལ་འཇུག །མཐའ་རུ་སྤྲོ་བས་འཇོག་ཅིང་དགེ་ཚོགས་བསྔོ། ། དགེའོ།།