ཚེ་རིང་སྒྲོལ་མ།
བྲིས་མ་ཆུང་ཆུང་ཚེ་རིང་སྒྲོལ་མ་ནི་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་བཞི་བའི་སློབ་མ་ཞིག་ཡིན་ལ། 2019ལོའི་ཟླ་12བའི་ཚེས་16སྟེ་ལོ་རིམ་བཞི་བའི་སློབ་སྐབས་གཉིས་པ་ནས་བཟུང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ཀྱི་དྲུང་ནས་ཡིག་གཟུགས་བསླབས། ད་ལྟའི་བར་ལོ་གཉིས་དང་ཕྱེད་ཀ་ལྷག་འགོར་ཡོད་ཅིང་ཁོ་མོས་བོད་ཡིག་གི་ཡིག་གཟུགས་རིགས་མི་འདྲ་བ་བཅུ་ལྷག་ལ་སྦྱངས་པ་བྱས་ཡོད་ལ། དེ་དག་ལས་གཟེངས་སུ་ཐོན་པ་ནི་སུག་རིང་རེད།
བྱ་བ་གང་ཡིན་ལ་གྲུབ་འབྲས་ལེགས་པོ་ཞིག་ཐོབ་པར་དཀའ་བ་མ་སྤྱད་པ་མེད་པས། ཁོ་མོས་ཀྱང་སློབ་གྲྭའི་ནང་གི་འགན་བབས་ཀྱི་སྦྱང་ཚན་དག་ལེགས་པར་འགྲུབ་རྗེས་གཟའ་སྤེན་པ་དང་ཉི་མའི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་ཡིག་གཟུགས་ཀྱི་འཛིན་གྲྭ་འདིར་ཞུགས་ཤིང་ཉིན་རེ་བཞིན་འབད་པ་ཧུར་ཐག་གིས་བསླབ་ཚན་སོ་སོའི་སྦྱང་ཚན་འགྲུབ་རྗེས་ཡིག་གཟུགས་འབྲི་སྦྱོང་ཆད་མ་མྱོང་། ལོ་ན་ཆུང་བའི་བྱིས་པ་ཞིག་ལ་མཚོན་ན་རྩེད་དགའ་རྣམ་གཡེང་གི་འདུན་པ་བཀག་འགོག་བྱས་ནས་དུས་ཚོད་ཡོད་ཚད་སློབ་སྦྱོང་ཁོ་ནར་སྤྱོད་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན། ཡིན་ཡང་ཁོ་མོས་རྒྱུན་ཆགས་བརྩོན་པ་མ་བཏང་ན།། ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ།། ཆུ་ཐིགས་རྟག་ཏུ་འབབ་པ་ཡིས།། བྲག་གི་རི་བོ་འབིག་ལ་ལྟོས།། ཞེས་པ་ནང་བཞིན་ཡིག་གཟུགས་ཀྱི་ཕྱོགས་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཡོད།
2021ལོའི་ཟླ་10བར་ཀན་ལྷོ་ཁུལ་སློབ་གསོ་ཅུའུ་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་སྩལ་མཉམ་འབྲེལ་ལྷན་ཚོགས། ཀན་ལྷོ་ཁུལ་རིག་གནས་ཁང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་བཅས་ཀྱིས་རྩ་འཛུགས་བྱས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུང་འབྲིང་སློབ་མའི་བོད་ཀྱི་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་ཁྲོད་སློབ་ཆུང་ཚན་ཁག་ལས་དབུ་མེད་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། དབུ་ཅན་གྱི་བྱ་དགའ་ཨང་གསུམ་པ་ཐོབ། 2021ལོའི་ཟླ་9བའི་ཚེས་1ཉིན་ཀན་ལྷོ་ཁུལ་སློབ་གསོ་ཅུའུ་དང་གཙོས་གྲོང་ཁྱེར་སློབ་གསོ་ཅུའུ་གཉིས་ཀྱིས་རྩ་འཛུགས་བྱས་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 2021ལོའི་ཟླ་6པའི་ཚེས་1ཉིན་སློབ་གྲྭ་ནང་ཁུལ་གྱི་ཡིག་གཟུགས་འགྲེམ་སྟོན་ཁྲོད་བྱ་དགའ་ཨང་དང་བོ་ཐོབ། 2020ལོའི་ཟླ་11པར་ཀན་ལྷོ་ཁུལ་བུད་མེད་ལྷན་ཚོགས་དང་ཀན་ལྷོ་ཁུལ་རིག་གནས་ཁང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་བཅས་ཀྱིས་རྩ་འཛུགས་བྱས་པའི་ཡིག་གཟུགས་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། བྱ་དགའ་ནི་མིག་སྔར་གྱི་འབྲས་བུ་ལ་ཁས་ལེན་དང་ཕྱིན་ཆད་ཀྱི་ཡར་བསྐྱེད་ལ་རྟིང་སྐུལ་ཞིག་ཡིན་པས་གདེང་འཇོག་འདི་དག་གིས་ཁོ་མོར་མུ་མཐུད་དུ་ཡིག་གཟུགས་འབྲི་སྦྱོང་བྱེད་པ་ལ་སེམས་ཤུགས་ཤིག་བསྩལ་ཏོ། །