སི་ཁྲོན་དཀར་མཛེས་རྫོང་གེ་སར་མཁར་གྲོང་གི་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་སྤེལ་བའི་གསལ་བརྡ།
དེ་ཡང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་དགའ་བསུ་དང་། བོད་ཀྱི་རིག་གནས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་མངོན་པར་བྱེད་པ། བོད་ཀྱི་ཡིག་གཟུགས་མཁན་དང་དགའ་ཞེན་པ་གསོ་སྐྱོང་གཏོང་བ་བཅས་ལ་དམིགས་ཏེ། ཀྲུང་གུང་དཀར་མཛེས་རྫོང་ཨུད་དང་། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟླ་༤ཚེས་༣༠ཉིན་ཏེ། "རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་དུས་ཆེན"དང་བསྟུན་ནས། “སྲོལ་རྒྱུན་མི་རིགས་རིག་གནས་དང་། རིག་གནས་གདེང་ཚོད་ཡར་བསྐྱེད།”ཅེས་པ་བརྗོད་དོན་དུ་བྱས་ཏེ། སི་ཁྲོན་དཀར་མཛེས་རྫོང་གེ་སར་མཁར་གྲོང་དུ་སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་དཔྱད་བསྡུར་གྱི་བྱེད་སྒོ་འདི་སྤེལ་བའོ།།
གཅིག རྩ་འཛུགས་ལས་ཁུངས།
(གཅིག) ཁྲིད་སྟོན་ལས་ཁུངས། རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་དུས་ཆེན་གྱི་གྲ་སྒྲིག་སྣེ་ཁྲིད་ཚོ་ཆུང་།
(གཉིས།) གཙོ་གཉེར་ལས་ཁུངས། ཀྲུང་གུང་དཀར་མཛེས་རྫོང་ཨུད་དང་། དཀར་མཛེས་རྫོང་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།
(གསུམ།) འགན་སྒྲུབ་ལས་ཁུངས། ཀྲུང་གུང་དཀར་མཛེས་རྫོང་ཨུད་དྲིལ་བསྒྲགས་པུའུ་དང་། དཀར་མཛེས་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས། དཀར་མཛེས་རྫོང་གེ་སར་མཁར་གྲོང་གི་མཛེས་ལྗོངས་ཁུལ་དོ་དམ་ལྟེ་གནས།
(བཞི།)རམ་འདེགས་ལས་ཁུངས། དཀར་མཛེས་ཁུལ་ཡིག་མཁན་མཐུན་ཚོགས། དཀར་མཛེས་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། དཀར་མཛེས་རྫོང་རིག་རྩལ་པའི་མཐུན་ཚོགས་ཁག །
གཉིས། བྱེད་སྒོའི་དུས་ཚོད།
(གཅིག)བརྩམས་ཆོས་བསྡུ་ཡུན། 2022ལོའི་ཟླ་4ཚེས་30ཉིན་ནས་ཟླ་6ཚེས་15ཉིན་བར།
(གཉིས།)དཔྱད་འདེམས་དུས་ཚོད། 2022ལོའི་ཟླ་6ཚེས་21ཉིན་ནས་ཚེས་23ཉིན་བར།
(གསུམ།)བདམས་ཐོན་བརྩམས་ཆོས་ཡོངས་བསྒྲགས་དུས་ཚོད། 2022ལོའི་ཟླ་6ཚེས་24ཉིན་ནས་ཚེས་30ཉིན་བར་ཡིན།
(བཞི།)བདམས་ཐོན་བྱུང་བའི་ཕུལ་བྱུང་བརྩམས་ཆོས་དག་དཀར་མཛེས་ཁུལ་རི་ཁུལ་ཡུལ་སྐོར་དུས་ཆེན་དུ་འགྲེམས་སྟོན་བྱེད་པའོ།།
གསུམ། བསྡུ་བྱའི་བརྩམས་ཆོས།
བོད་ཡིག་དབུ་ཅན་དང་དབུ་མེད། རྒྱུགས་བྲིས། བོད་ཡིག་གསར་གཏོད་ཡིག་གཟུགས་བཅས་རིགས་ཆེན་པོ་བཞིའོ།།
བཞི། དཔྱད་འདེམས་བྱེད་སྟངས།
རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མིང་ལྡན་ཆེད་མཁས་པ་དང་མཁས་དབང་། འབྲེལ་ཡོད་རིག་རྩལ་མཁས་ཆེན་བཅས་གདན་ཞུའི་བསྒོས་དཔྱད་འདེམས་ཚོ་ཆུང་བཙུགས་ཏེ། དཀར་མཛེས་རྫོང(གེ་སར་མཁར་གྲོང་)དུ། གཅིག་གྱུར་གྱིས་དཔྱད་འདེམས་བྱས་ཏེ་བྱས་འབྲས་འཕྲིན་སྦྱོར་བརྒྱུད་ཡོངས་བསྒྲགས་བྱེད་པའོ།།
ལྔ་། བྱ་དགའི་རྣམ་པ།
ཐེངས་འདིར་བསྡུ་རུབ་བྱས་པའི་བརྩམས་ཆོས་རིགས་ཆེན་པོ་བཞི་ཡོད་པ་ལས། སོ་སོར་ཨང་དང་པོ༡དང་། གཉིས་པ་༢། གསུམ་པ་༣བཅས་ཡོད་ལ། བྱ་དགའི་རིམ་པར་ཚུད་པའི་བརྩམས་ཆོས་དག་ལ། དཀར་མཛེས་ཁུལ་རི་ཁུལ་ཡུལ་སྐོར་དུས་ཆེན་རིང་༼བྱ་དགའི་དཔང་ཡིག༽དང་བྱ་དགའི་འབུལ་དངུལ། དེ་བཞིན་༼གཟི་བརྗིད་དཔང་ཡིག༽དང་དྲན་རྟེན་ཅ་ལག་བཅས་སྤྲད་རྒྱུ་ཡིན།
དྲུག འབྲེལ་ཡོད་བྱང་བྱ།
(གཅིག)དཔྱད་བསྡུར་ལ་ཞུགས་པའི་བརྩམས་ཆོས་ཀྱི་བརྗོད་དོན་ནི། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་དགའ་སྤྲོའི་ངང་བསུ་བ་ཞུ་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ། དབུལ་སེལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཀྱི་ཕུལ་བྱུང་གྲུབ་འབྲས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན། གེ་སར་རིག་གནས་བཅས་ཕྱོགས་དྲུག་གི་ནང་དོན་གང་རུང་དུ་ཚུད་དགོས་ཤིང་། རྩོམ་ཉམས་དང་བཅད་ལྷུག་ལ་ཚད་བཀག་མེད།
(གཉིས།)བྲིས་པ་གཅིག་གིས་བརྩམས་ཆོས་གཉིས་རེ་ལས་མི་དགར་བར་ལྡེབ་མ་གཅིག་ཅན་དང་། ལྡེབ་མ་དུ་མ་ཅན་གྱི་བརྩམས་ཆོས་སྦྲག་ཆོག དེ་གཉིས་སོ་སོར་བརྩམས་ཆོས་རེ་རེ་བརྩི། དཔྱད་བསྡུར་སྦྲག་པའི་བརྩམས་ཆོས་ཡོད་ཚད་བྱེད་སྒོའི་རྩ་འཛུགས་ཚོགས་པས་ཉར་ཚགས་བྱས་ཏེ། བྱ་དགའ་ཐོབ་པའི་བརྩམས་ཆོས་དག་དཀར་མཛེས་རྫོང་གེ་སར་མཁར་གྲོང་ལྗོངས་ཁུལ་དོ་དམ་ལྟེ་གནས་ཀྱིས་བདག་ཉར་དང་འགྲེམས་སྟོན་བྱེད་རྩིས་ཡིན་པས་ན་བྲིས་པ་སྒེར་གྱིས་འདྲ་བཤུས་བདག་ཉར་ཡོད་པར་ཞུ།
(གསུམ།) དཔྱད་བསྡུར་ལ་ཞུགས་པའི་བརྩམས་ཆོས་ཀྱི་ཆ་ཚད་ནི། མཐོ་ཚད་70cmདང་ཞེང་ཚད་60cmཡིན་ཞིང་། གསར་རྩོམ་གྱི་དུས་ཚོད་ལ་ཚད་བཀག་མེད། བརྩམས་ཆོས་བསྐུར་སྟངས་ནི། བྲིས་པ་སོ་སོས་ངེས་པར་དུ་༼རྩོམ་རིགས་དཔྱད་བསྡུར་ལ་ཞུགས་པའི་ཐོ་འགོད་རེའུ་མིག༽(ཟུར་བཀོད་ཡིག་ཆ་)གི་བླང་བྱ་ལྟར་མི་སྒེར་གྱི་གནད་ཚུམ་གསལ་བར་འབྲི་དགོས་པ་མ་ཟད། བརྩམས་ཆོས་དང་མཉམ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་གེ་སར་མཁར་གྲོང་ལྗོངས་ཁུལ་དོ་དམ་ལྟེ་གནས་སུ་སྦྲག་ཐོག་ནས་བསྐུར་དགོས། སྦྲག་རྟགས་ནི། 626799ཡིན། འབྲེལ་གཏུག་བྱེད་ས། བྱམས་པ་རྡོ་རྗེ། 17369050032 དང་བཀྲ་ཤིས་བསྟན་འཛིན་(18783618610)གཉིས་ཡིན།
(བཞི།)བརྩམས་ཆོས་བདམས་ཐོན་བྱུང་རྗེས། ཕྱིས་དུ་བརྩམས་ཆོས་གང་དེ་ཚོང་ལས་རང་བཞིན་གྱི་སྤྱོད་སྒོ་བྱུང་ཚེ། བྲིས་པ་རང་ཉིད་དང་འབྲེལ་གཏུག་བྱ་ངེས་ཡིན།
(ལྔ།)བརྩམས་ཆོས་ཡོད་ཚད་ཀྱི་བདག་དབང་ཆ་ཚང་བྲིས་པ་རང་ཉིད་ཡོད་དགོས་པ་ལས། གཞན་གྱི་བདག་དབང་དང་མིང་དབང་སོགས་ཤེས་བྱའི་ཐོན་དངོས་བདག་དབང་དང་ཆེད་སྤྱོད་ཁེ་དབང་ལ་གནོད་འཚེ་བཏང་མི་རུང་། གལ་ཏེ་བཅའ་ཁྲིམས་ཐད་ཀྱི་རྩོད་གཞི་གང་བྱུང་བ་བྲིས་པ་རང་ཉིད་ཀྱིས་འཁུར་རྒྱུའོ།།
མིང་ཐོ་འགོད་པའི་རེའུ་མིག་མཇུག་མཐའི་ཕབ་ལེན་རྣམ་གྲངས་དེ་ཡིན་པས་ངེས་པར་ཁ་བསྐང་སྐུར་དགོས་པས་ཕབ་རོགས།
ཀྲུང་གུང་དཀར་མཛེས་རྫོང་ཨུད།
དཀར་མཛེས་རྫོང་མི་དམང་སྲིད་གཞུང་།
དཀར་མཛེས་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས།
བཅས་ནས། 2022ལོའི་ཟླ4ཚེས29ལ།