༄༅།།བོད་ཀྱི་ཡིག་གཟུགས་བྱུང་འཕེལ་དང་འབྲི་རྒྱུན་སྐོར་ཅུང་ཟད་གླེང་བ།

རྡོར་བྷ།
2015-04-08

ནང་དོན་གནད་བསྡུས།

        རྩོམ་ཡིག་འདིར་སློབ་དཔོན་ཐོན་མིས་ཡིག་སྲོལ་ཐོག་མར་བཏོན་ནས་དབུ་ཅན་ཡིག་ གཟུགས་ལ་སྔ་ཕྱི་བར་གསུམ་དུ་དར་ཚུལ་རིམ་པ་གསུམ་བྱུང་སྟེ་རྩ་བའི་ཆ་ནས་གཅིག་གྱུར་བྱུང་དང་།དབུ་མེད་འབྲི་ཚུགས་ལ་དཔར་འདེབས་རྒྱུགས་ཆེར་མ་བྱུང་བའི་རྐྱེན་ སོགས་ཀྱིས་འབྲི་སྲོལ་སྣ་ཚོགས་མཆེད་ནས་ད་ལྟའི་བར་དུ་གཅིག་གྱུར་མ་བྱུང་བའི་ལོ་རྒྱུས་དང་།སྨྱུག་འཛིན་མཁས་དབང་རིམ་བྱོན་གྱི་ཕྱག་རྒྱུན་དང་།ཐིག་རིས་ཐིག་བཤད་བརྩམས་ཚུལ་སོགས་ཅུང་ཟད་གླེང་ཡོད།

བརྡ་ཆད་གཙོ་བོ།

                  ཡིག་གཟུགས།   དབུ་ཅན།   དབུ་མེད།   འབྲི་རྒྱུན།   ཐིག་རིས།   ཐིག་བཤད།   རྒྱུན་འཛིན།


གླེང་གཞི།


   གངས་རི་ར་བས་ཡོངས་སུ་བསྐོར་བའི་སཱ་ལའི་སྨན་ལྗོངས་འདིར། སྐུ་དྲིན་བླ་ན་མེད་པའི་སློབ་དཔོན་ཆེན་མོ་ཐོན་མི་སམ་བྷོ་ཊ་མཆོག་གིས་གང་གི་མཁྱེན་རབ་དང་དཀའ་ཐུབ་ལ་བརྟེན་ནས་དུས་རབས་བདུན་པའི་སྟོད་ཀྱི་ཆར་རྒྱ་གར་གྱི་ ལན་ཝར་ཡི་གེ་སོགས་ལ་དཔེ་གཞི་མཛད་ནས་འབྲི་བདེ་ཞིང་མིག་ལ་མཛེས་པ།  གཟུགས་ཀྱི་ཆ་ཚང་ལ་ནོར་དོགས་མེད་པ་སོགས་ཁྱད་ཆོས་དུ་མ་དང་ལྡན་པའི་གངས་ལྗོངས་རིག་གནས་ཀྱི་རྩ་བ།ཡི་གེ་འབྲི་བའི་སྲོལ་ཐོག་མར་བཏོད་ཚུན་ནས།བོད་ཀྱི་དབུ་ཅན་ཡིག་གཟུགས་ལ་དར་སྔ་ཕྱིའི་དབང་གིས་སྔ་དར་དང་།  བར་དར།  ཕྱི་དར་ཞེས་དུས་ཀྱི་རིམ་པ་གསུམ་གྱི་ས་མཚམས་བྱུང་ལ།སྔ་དར་དང་བར་དར་སྐབས་སུ་གཟུགས་རིས་ལ་གཅིག་གྱུར་མ་བྱུང་བ་དང་།དེ་ནས་ཕྱི་དར་སྐབས་སུ་ཁྱུང་བོ་གཡུ་ ཁྲིས་དཀྱིལ་འཁོར་གྱི་ཐིག་ལ་ཡི་གེ་ཕབ་པ་དང་ཤིང་པར་བརྐོ་བ་སོགས་རིམ་གྱིས་དར་ནས་བོད་ཡིག་དབུ་ཅན་གྱི་གཟུགས་རིས་དེ་རྩ་བའི་ཆ་ནས་གཅིག་གྱུར་བྱུང་ཡོད། དབུ་མེད་ཀྱི་འབྲི་ཚུགས་ལ་དཔར་འདེབས་རྒྱུགས་ཆེར་མ་བྱུང་བའི་རྐྱེན་དང་། འགྲིམ་འགྲུལ་ཉམས་དམའི་དབང་གིས་དེ་ལ་བྱེ་བྲག་གི་འབྲི་སྲོལ་སྣ་ཚོགས་མཆེད་པ་ སོགས་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་རིང་མོའི་ཁྲོད་དུ།སྨྱུག་འཛིན་མཁས་དབང་རིམ་བྱོན་གྱིས་ཡིག་མཁན་མཁས་པ་སྔ་མ་དག་གི་འབྲི་རྒྱུན་དང་ཉམས་མྱོང་ལ་རྒྱུད་ འཛིན་དང་ཕྱོགས་བསྡོམས་བྱས་ཏེ་ཐིག་རིས་བཟོས་པ་དང་ཐིག་བཤད་བརྩམས་པ་ བཅས་བརྒྱུད་ནས་ཕྱི་མ་ཕྱི་མར་འབྲི་རྒྱུན་སྤེལ་ཚུལ་སོགས་འདིར་ཅུང་ཟད་གླེང་བར་ བྱའོ། །

 དང་པོ།  ཐོན་མིས་བཟོས་པའི་དབུ་ཅན་གྱི་ཡིག་གཟུགས་ལ་སྔ་དར་དང་བར་ དར་ཞེས་བྱ་བ་བྱུང་ནས་གཅིག་གྱུར་མ་བྱུང་བའི་སྐོར་བཤད་པ།

 སྔོན་བྱོན་མཁས་པའི་གསུང་སྒྲོས་ལྟར་ན་དུས་རབས་བདུན་པའི་སྟོད་ལ་སློབ་དཔོན་ཐོན་མིས་ཡིག་སྲོལ་ཕྱེ་བ་ནས་གྲ་ཤོད་གཉིས་ཏེ་དུས་རབས་དགུ་བའི་སྟོད་ཀྱི་ བར་དུ་དར་རྒྱས་བྱུང་བ་དེར་སྔ་དར་དུ་འདོད་པ་དང།དེའི་རྗེས་གླང་དར་གྱིས་བསྟན་པ་བསྣུབས་རྗེས་ཀྱི་དུས་རབས་བཅུ་བའི་མཇུག་ཏུ་མཁན་པོ་སྒྲོ་གཉའ་ཁྲི་བྱ་བས།  སྔ་མའི་ཡིག་གཟུགས་ལ་བརྟག་སྟེ་གྲ་ཤོད་གཉིས་ཀྱི་ལུགས་སུ་བྲིས་ཀྱང་ཇི་བཞིན་མ་ བྱུང་བས།པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེར་བར་དར་དང་།དེ་ནས་དུས་རབས་  བཅུ་གཅིག་པའི་མགོར་ལོ་ཆེན་ཤེས་རབ་དབང་ཕྱུག་མན་ཆད་དུ་དར་བ་ལ་ཕྱི་དར་ ཞེས་བྱ་བ་ཡིན་ནོ། །

དེ་ཡང་སློབ་དཔོན་ཐོན་མི་ཉིད་ཀྱིས་ཐོག་མར་སྦལ་ནག་ན་ལ་བགྲད་འདྲ་ ཞེས་པའི་ཡིག་གཟུགསདེའི་ཡིག་ཕུད་ཀྱི་གཟུགས་རིས་སྐུ་མཁར་མ་རུའམ་སྐུ་མཁར་ཕ་བོང་ཁའི་བྲག་རྡོ་ཞིག་གི་ངོས་སུ་བརྐོས་པའི་ནང་དོན་ལ་མ་ཎི་ཡིག་དྲུག་ཡོད་པ་དེ་ཡིན་པས་ད་ལྟའང་ མཇལ་དུ་ཡོད།སྤེལ་ནས་རིང་བོར་མ་ཐོགས་པར་དུས་རབས་བདུན་པའི་དཀྱིལ་ཏེ་མང་སྲོང་མང་ བཙན་གྱི་དུས་སུ་ཡིག་མཁན་ཆ་ངར་རིན་ཆེན་འབར་ཞེས་པས་སོ་ཕག་གཤིབ་འདྲ་ཞེས་པ་བྲིས་ནས་ཡིག་གཟུགས་སྤེལ།  དེའི་རྗེས་སུ་དུས་རབས་བདུན་པའི་སྨད་ལ་འདུས་སྲོང་མང་བོ་རྗེའི་དུས་སུ་ཡིག་མཁན་ཆབ་དཀར་བེའུ་ཚེ་ཟེར་བས་བྲིས་པའི་གཟུགས་ལ་བྱ་ཕོ་འཇོལ་འདྲ་ཟེར། དེའི་གཞུག་ཏུ་དུས་རབས་བརྒྱད་པའི་མགོ་སྟོད་ལ་མེས་ཨག་ཚོམ་གྱི་དུས་སུ་ཡིག་ གཟུགས་མཁས་པ་དགེ་བསྙེན་དཀོན་མཆོག་དབང་ཟེར་བས་བྲིས་པའི་གཟུགས་ལ་ནས་སྔོན་ཕྱིང་དཀར་གྱི་སྟེང་དུ་བཀྲམ་འདྲ་ཟེར།དེའི་འཕྲོར་དུས་རབས་བརྒྱད་པའི་དཀྱིལ་དུ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ ཡིག་མཁན་བྷེ་ཤོ་ཁྲམ་མམ་ཤཱཀྱ་དཀོར་ཡང་ཟེར་བས་བསམ་ཡས་གཙུག་ལག་ཁང་གི་ མདུན་གྱི་རྡོ་རིང་ཐོག་ལ་མ་དཔེར་བརྐོས་ཡོད་པ་དེ་དང་།ཞྭ་ལྷ་ཁང་གི་རྡོ་རིང་ཞལ་ བྱང་ཡིག་གཟུགས་སྤུས་ལེགས་མངོན་པར་བཀྲ་བ་དེ་ཡང་མུ་ཏིག་སྟར་ལ་བརྒྱུས་འདྲ་ ཟེར།  དེ་ནས་དུས་རབས་བརྒྱད་པའི་མཇུག་ཙམ་ལ་མུ་ནེ་བཙན་པོའི་དུས་སུ་ཡིག་མཁན་ཚེ་སྤོང་བྱང་ཆུབ་ཟེར་བས་བྲིས་པའི་ཡིག་གཟུགས་ལ་སྦུར་ནག་བགྲད་འདྲ་ཞེས་འབུ་གྲོག་མ་ནག་པོ་ཡན་ལག་རྐྱོང་བཞིན་པ་ལྟ་བུའི་ཛ་ཛེར་ཅན་སྨད་པའི་གནས་སུ་ བྱེད་པ་ཞིག་བྱུང་།ཡིག་མཁན་འདི་བས་རྗེ་ལ་ཡི་གེའི་སྟངས་ཕུལ་བྱས་པ་དེ་དེང་སྐབས་ཁམས་བྲིས་ཀྱི་འབྱུང་གཞི་འདི་ཡིན་པར་བཤད།    དེ་དང་དུས་ཐོག་ཕལ་ཆེར་མཉམ་པ།  མུ་ཏིག་བཙན་པོའི་དུས་སུ་ཡིག་ གཟུགས་མཁས་པ་འབྲེ་བ་ཡོན་ཏན་ཟེར་བས་བྲིས་པའི་གཟུགས་ལ་ཉ་མོ་ཆུ་ནང་ནས་ ཕྱུངས་འདྲ་ཟེར། དེའི་གཞུག་ནས་དུས་རབས་དགུ་བའི་སྟོད་དུ་ཁྲི་གཙུག་ལྡེ་བཙན་རལ་བ་ ཅན་གྱི་དུས་སུ་ཡིག་མཁན་གྲ་ཤོད་རྣམ་གཉིས་ཀྱིས་བྲིས་པའི་གཟུགས་ལ་སེང་གེ་ གནམ་དུ་འཕྱོངས་འདྲ་ཞེས་གྲགས།

 དེ་ཡང་གྲ་ཤོད་རྣམ་གཉིས་ཀྱི་ཡི་གེ་བྲིས་པའི་མཛད་རྗེས་ཐད་མངའ་བདག་ཉང་གི་ཆོས་འབྱུང》①དུ་རྒྱལ་པོ་ཁྲི་རལ་བ་ཅནདེའི་སྐུ་རིང་ལ། གྲ་ཤོད་གཉིས་བྱ་བ་ཡི་གེའི་མཁན་པོ་གཉིས་བྱུང་སྟེ།  རྗེ་ལ་ཡི་གེའི་སྟངས་ཕུལ་པས། སེང་གེ་གནམ་ལ་མཆོངས་འདྲ་བ་དང་།མུ་ཏིག་སྟར་ལ་བརྒྱུས་པ་འདྲ་བ་གཅིག་བྱུང་སྟེ། རྗེ་ས་བདག་རྒྱལ་པོའི་ཐུགས་དམ་འབྲི་བར་བཟང་བས།ཞའི་གཙིགས་ཀྱི་རྡོ་རིང་གི་ འགྲམ་དུ་ཡི་གེ་དཔེ་གཅིག་བཏབ་ནས་བཞག གསེར་ཡིག་གི་དགེ་རྒྱས་བྱེ་མ་གླིང་གི་བཟང་བོ་སྤྱོད་པ་དང་།ཡེར་བའི་ཕུང་བོ་གསུམ་ པའི་མདོ།མདོ་ན་བཞུགས་པའི་གསེར་འབུམ་དེ་རྣམས་འབྲི་བའི་དུས་སུ་རྗེས་རྩིས་ གནང་བ་ནི།བསུ་བ་ཞུ་རྟེན།གདན་གཡས་གྲལ།གཏང་རག་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་གནང་།རྩི་པར་ཞིང་དོར་གཅིགསྐྱོ་རོགས་སུ་རྩེད་འཇོ་སྣ་ཚོགས་པ་གནང་ངོ་།། བོད་ཡུལ་དུ་གསུང་རབ་མང་དུ་ཕྲིས་ཤིག་ཅེས་བཀའ་སྩལ་ཏོ།།ཞེས་གསུངས་པ་ལྟར།གྲ་ཤོད་རྣམ་པ་གཉིས་ནི་བར་དར་དང་།ཕྱི་དར་སྐབས་ཀྱི་ཡིག་གཟུགས་ལ་འབྲེལ་བ་དམ་ཞིང་ལྷག་པར་དུ་ད་ལྟའི་འབྲི་རྒྱུན་སོགས་ལ་འབྲེལ་བ་ཤིན་ཏུ་ཆེ་བས་ན།ཡིག་མཁན་ མཁས་པའི་ངག་ན་གཅིག་རྗེས་གཅིག་གིས་འབྲངས་ནས་ཀུན་ལ་རླུང་ལྟར་གྲགས་ ནའང་།ད་ལྟའི་བར་དུ་ལོ་རྒྱུས་དེབ་ཐེར་སོགས་སུ་གང་ཡིན་གྱི་ངོས་འཛིན་གསལ་ཁ་མ་ངེས་ཀྱང་།དུང་དཀར་ཚིག་མཛོད་ཆེན་མོ》②རུ་གྲ་ཤོད་རྣམ་གཉིས་ནི་ལོ་ཙཱ་བ་གྲགས་ཆེ་བ་སྐ་བ་དཔལ་བརྩེགས་དང་།ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱི་བསྡུས་མིང་ལ་སྐ་ཅོག་གཉིས་ཞེས་བརྗོད་པ་དེའི་བརྗོད་ཚུལ་ གཞན་ཞིག་ཡིན་ཞེས།ལན་ལ་ཁ་གསལ་ཁམས་དྭངས་ཤིག་བསྐྱོན་ཡོད།སྐ་ཅོག་གཉིས་ འཁྲུངས་འདས་ཀྱི་ལོ་རྒྱུས་ཐད་ལ་ཡང་དུང་དཀར་རིན་པོ་ཆེའི་གསུང་འབུམ་དུ་སྐ་ཅོག་ཞང་གསུམ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེ་སྨད་ལ་བྱུང་བའི་ཞུས་ ཆེན་གྱི་ལོ་ཙཱ་བ་ཆེན་པོ་རབ་དགུ་བྱུང་བ་ལས་ནང་གསེས་གཞོན་གསུམ་ཡིན་ཞེས་དང་།ལྕགས་ཁྱི་ལོ་ཡས་མས་ལ་སྐུ་འཁྲུངས་ནས།འདས་ལོ་ནི་ཆོས་འབྱུང་མཁས་པའི་དགའ་ སྟོན་ལས་བཙན་པོ་ཁྲི་རལ་བ་ཅན་གླང་དར་མས་མ་བཀྲོང་གོང་ཙམ་དུ་འདས་པར་ གསུངས་པས་དགུང་ལོ་བདུན་ཅུ་ལྷག་ཙམ་འཚོ་བཞུགས་གནང་ཡོད།ཅེས་གསུངས་པས།ཁྲི་སྲོང་ནས་ཁྲི་རལ་ཡན་ཆད་བཙན་པོ་སྐུ་རབས་བཞི་ཡི་སྐུ་རིང་ལ་བཞུགས་ཤིང་ བཀས་བཅད་ལན་གཉིས་ཀྱི་གཙོ་འགན་སོགས་བཞེས་མྱོང་ལ།བོད་མིས་སྡོམ་བརྩོན་ དམ་པའི་རི་མོའི་མཚོན་དོན་དུ་བཀོད་ནས་དྲན་གསོ་བྱེད་འོས་པའི་མཁས་པའི་མཚན་སྙན་གྱི་བ་དན་མཁའ་རུ་འཕྱར་བ།བོད་མི་རིགས་གྱི་ཆོས་ལུགས་རིག་གནས་དང་ཡིག་གཟུགས་སོགས་ལ་མཛད་རྗེས་བླ་ན་འཕགས་པའི་ལོ་ཙཱ་བ་ཆེན་པོ་ཡིན་པ་མ་ཟད། སྐབས་དེར་གསུང་རབ་ཀྱི་འགྱུར་སོགས་གླེགས་བམ་ཡོད་དོ་ཅོག་ལག་བྲིས་ཁོ་ནར་ བརྟེན་དགོས་པས་སྐ་ཅོགགྲ་ཤོད་རྣམ་གཉིས་ནི་དུས་རབས་དེར་བོད་ཡུལ་དུ་ཡིག་གཟུགས་ཆེས་ལེགས་ཤོས་ཡིན་པ་གོར་མ་ཆག་པའོ།།

དེ་ནས་བསྟན་པ་ཕྱི་དར་གྱི་མགོའམ་དུས་རབས་བཅུ་བའི་མཇུག་ཏུ་སྟོད་ མངའ་རིས་དང་མཚོ་སྔོན་བརྒྱུད་ནས་དབུས་སུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་ བྱུང་སྐབས་ཡིག་མཁན་མཁས་པ་སྒྲོ་གཉའ་ཁྲི་ཟེར་བས་གྲ་ཤོད་རྣམ་གཉིས་ཀྱིས་བྲིས་ པའི་རྡོ་རིང་གི་ཡི་གེ་ལ་དཔེ་བྱས་ནས་ཡིག་གཟུགས་ལེགས་བཅོས་བཏང་བས་བར་ གསར་ཞེས་གྲགས་པ་དེ་ལ་ཡིག་གཟུགས་བྱུང་འཕེལ་གྱི་ལོ་རྒྱུས་ཁྲོད་དུ་ཕྱིས་ཀྱི་མཁས་དབང་རྣམ་པས་ཚད་ལྡན་དུ་མི་འཛིན་ཞིང་།བསྟན་དར་ལྷ་རམས་པསཡི་གེ་བཤད་པ་མཁས་པའི་ཁ་རྒྱན》④དུ་མཁན་པོ་སྒྲོ་གཉའ་ཁྲི་བྱ་བས།སྔ་མའི་ཡིག་རིགས་ལ་བརྟགས་ཏེ་གྲ་ཤོད་གཉིས་ཀྱི་ ལུགས་སུ་བྲིས་ཀྱང་ཇི་བཞིན་མ་བྱུང་བར་བརྟེན།པར་སར་ཞེས་བྱ་བའི་ཡི་གེ་དར་བ་དེ་ལ་བར་དར་ཞེས་གསུངས་པ་དང་།དུང་དཀར་ཚིག་མཛོད་ཆེན་མོ》⑤རུ་བསྟན་པ་སྔ་དར་དང་ཕྱི་དར་བར་ལ་བར་གསར་ཟེར་བའི་ཡི་གེའི་གཟུགས་དམིགས་བསལ་ཅན་ཞིག་བྱུང་ཡོད་ཅེས་གསུངས་ལ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཤེས་བྱ་ཀུན་ ཁྱབ》⑥ཏུ་བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་ཤ་རི་ཞེས་པ་དང་མཐོང་བ་རྡོ་རྗེ་དཔོན་སློབ་ གཉིས་ཀྱི་རིང་ལ་གསར་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང་ཞེས།གསུངས་པ་དག་ལ་ ལེགས་པར་བརྟགས་ཚེ།གྲ་ཤོད་སྐ་ཅོགརྣམ་གཉིས་ཀྱིས་བྲིས་པའི་ཡིག་གཟུགས་དེ་ནི་བསྟན་པ་སྔ་དར་གྱི་མཇུག་དང་ཕྱི་དར་གྱི་མགོར་རྒྱུགས་ཆེ་ཞིང་ཆེས་ལེགས་པའི་ཡིག་གཟུགས་ཤིག་ཡིན་པ་མ་ཟད།ཡིག་འབྲི་ མཁས་པ་ཀུན་གྱིས་གཙིགས་ཆེན་གནང་ནས་ཚད་མར་འཛིན་འོས་པའི་ཁུངས་ལྡན་ ཡིག་གཟུགས་ཤིག་ཀྱང་ཡིན་པ་ངང་ངམ་ཤུགས་ནས་གསལ་བོར་རྟོགས་ལ།དེས་ན་སྒྲོ་ གཉའ་ཁྲིས་གྲ་ཤོད་རྣམ་གཉིས་ཀྱི་རྡོ་རིང་ལ་གཞི་བྱས་ཀྱང་བྲིས་པ་ཇི་བཞིན་མ་ཐོན་ པར་དམིགས་བསལ་ཅན་དུ་གྱུར་ནས་མཐོང་བ་རྡོ་རྗེ་དཔོན་སློབ་གཉིས་ཀྱི་རིང་ལ་ རིམ་པ་དགུ་བྱུང་གི་གཟུགས་སུ་རྙོག་དྲར་གྱུར་ནས་རྔོ་མ་ཐོགས་པའི་རྐྱེན་གྱིས།ཕྱིས་ཀྱི་ཡིག་མཁན་ཆེན་མོ་ཁྱུང་བོ་གཡུ་ཁྲིས་དེར་དག་ཐེར་མཛད་དེ་སླར་ཡང་གྲ་ཤོད་རྣམ་ གཉིས་སམ་མིང་གཞན་སྐ་ཅོག་རྣམ་གཉིས་ལས་སྐ་བ་དཔལ་བརྩེགས་ཀྱི་འབྲི་ལུགས་ལ་དཀྱིལ་འཁོར་གྱི་ཐིག་ཚད་འགོད་སྟངས་ལྟར་ཆ་ཚད་བཟོས་ནས་བཀས་བཅད་ལྟ་བུའི་ཁྱུང་བྲིས་གཏན་འཁེལ་བྱས་པ་ནི་བོད་ཀྱི་ཡིག་གཟུགས་འཐུས་ཚང་དུ་འགྲོ་བར་བྱས་ རྗེས་རླབས་ཆེན་བཞག་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པར་སེམས།མདོར་ན་སློབ་དཔོན་ཐོན་མིས་བོད་རང་གི་སྐད་ཀྱི་སྟེང་ནས་ཡི་གེ་འབྲི་བའི་སྲོལ་བཏོད་ནས་བསྟན་པ་ཕྱི་དར་གྱི་མགོའི་བར་དུ་ལོ་ངོ་སུམ་བརྒྱ་ལྔ་བཅུ་ལྷག་གི་རིང་ལ་དབུ་ཆེན་གྱི་ གཟུགས་རིས་ལ་འགྱུར་བ་སྔ་ཕྱི་རྣམ་གྲངས་བརྒྱད་ཙམ་བྱུང་ཞིང་།བསྟན་པ་ཕྱི་དར་གྱི་མགོ་ལ་བར་དར་ཞེས་པའི་ཡིག་གཟུགས་ཀྱང་བྱུང་ནས་གཅིག་གྱུར་མ་བྱུང་ཚུལ་གོང་ དུ་སྨྲས་མ་ཐག་པ་ལྟར་རོ།།

གཉིས་པ།དབུ་ཅན་གྱི་གཟུགས་རིས་གཅིག་གྱུར་བྱུང་ཞིང་ཐིག་དང་ལག་ལེན་གྱི་གཞུང་ལུགས་དར་ནས་འབྲི་རྒྱུན་སྤེལ་ཚུལ་བཤད་པ།

 དུས་རབས་བཅུ་གཅིག་པའི་མགོར་བསྟན་པ་ཕྱི་དར་གྱི་དབུ་ཚུགས་ནས་ཡུན་རིང་མ་ལོན་པ་ན།བོད་ཀྱི་སྨྱུག་ཐོགས་ཀུན་གྱི་གཙུག་རྒྱན།མཚན་སྙན་གྱི་བ་དན་དགུང་ལ་འཕྱར་བའི་ཡིག་མཁན་མཁས་པ་ཆེན་པོ་ཁྱུང་བོ་གཡུ་ཁྲི་འབར་ཞེས་བྱ་བས་སྔ་ རབས་ཡིག་མཁན་དག་གི་ཡིག་གཟུགས་ལ་ལེགས་པར་དཔྱད་ཅིང་།སྒོས་སུ་སྒྲོ་གཉའ་ ཁྲི་བྱ་བས་གྲ་ཤོད་རྣམ་གཉིས་ཀྱི་བྲིས་དཔེ་ལ་གཞི་བྱས་ཀྱང་ཇི་བཞིན་མ་སྨིན་པའི་རྒྱུ་ མཚན་ཞིབ་ཏུ་འཚོལ་ཞིང་།ཐུགས་གཞིགས་ཟབ་མོ་མཛད་ནས་ལོ་ཙཱ་བ་ཆེན་པོ་གྲ་སྐ་བ་དཔལ་བརྩེགས་ལུགས་ཀྱི་དབུ་ཆེན་ཡིག་གཟུགས་དཀྱིལ་འཁོར་གྱི་ཆ་ཚད་ལ་དཔེར་ བླངས་ཤིང་ཡི་གེ་སོ་སོར་ཆ་ཆེན་དང་ཆ་ཆུང་གི་རེའུ་མིག་བཟོས་ཏེ།ཡི་གེའི་མགོ་དང་།སྐེ་དང་།ལུས་དང་།རྐང་བ་དང་།མགོ་འདོགས་སོགས་ཐིག་གང་ལ་གང་འབབ་ཀྱིས་ཐིག་ཁོངས་སུ་དྲངས་ནས་མ་ཆོས་ཉི་ཤུ་རྩ་གཅིག་དང་།བུ་ཆོས་བཅུ་དྲུགསྤྱི་ལ་བརྟེན་པའི་ ཆོས་ནི་གསུམ་དུ་བཞེད་དེ།བཞི་བཅུ་ཐམ་པ་ཁྱུང་བོའི་ལུགས་ཞེས་ཡོངས་སུ་གྲགས་ པའི་བསླབ་པའི་ལག་ལེན་གྱི་སྲོལ་ཕྱེས་པ་སྟེ།ཡི་གེའི་བསྟན་བཅོས་གསལ་བྱེད་སྒྲོན་མེ》⑦དང་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེབཅས་ཐིག་དང་སྨྱུ་གུ་ཤོག་ཆག་འབྲི་ལུགས་སོགས་གསལ་བར་གསུངས་པའི་བསྟན་ བཅོས་མཛད་དེ།སྣ་ནམ་ཞང་བཙུན་དང་སུམ་པ་གནོད་སྦྱིན་སོགས་སློབ་མ་བསམ་གྱིས་མི་ཁྱབ་པ་མང་བོ་བསྐྱངས་ནས།ཡིག་མཁན་མཁས་པ་བཅུ་གཉིས་བྱུང་ངོ་།།ད་ལྟ་ཁྱུང་ བྲིས་ཀྱི་དཔེ་མཚོན་མིག་གི་དགའ་སྟོན་དུ།བོད་རང་སྐྱོང་ལྗོངས་རྒྱལ་རྩེ་དཔལ་འཁོར་ ཆོས་སྡེའི་ནང་བཞུགས་པའི་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་དེ་ནི།དུས་རབས་བཅོ་ལྔ་བ་སྤྱི་ལོ༡༤༣༡ལོར་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་པས་དབུས་ གཙང་ཕྱོགས་ཀྱི་ཡིག་གཟུགས་མཁས་པ་ཡོད་ཚད་བསྐོངས་པ་ལས་ཡིག་གཟུགས་རྩེར་ སོན་པ་ཕུན་ཚོགས་དབང་འདུས་ཞུ་བ་དེས་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང་།དུས་རབས་བཅུ་བདུན་པ་སྤྱི་ལོ་༡༦༧༡ལོར་རྒྱལ་དབང་ལྔ་བ་ཆེན་པོས་བཀའ་བཀོད་གནང་བ་ལྟར།སྡེ་སྲིད་ཟངས་རི་བ་བློ་བཟང་མཐུ་ སྟོབས་ཀྱིས་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་ལྷ་ཁང་ནང་བཞུགས་ པའི་གསེར་བྲིས་ཀྱི་བཀའ་འགྱུར་ལ་ཙནྡ་དམར་པོའི་གླེགས་ཤིང་།གདོང་བརྐོས་རྣམས་བ་སོའི་པ་ཏྲའི་རྒྱན་སྤྲོས་དང་ལྡན་པ་བཀའ་འགྱུར་རིན་པོ་ཆེ་འཛམ་གླིང་གཡས་ བཞག་ཞུ་བ་དེའང་རྒྱལ་རྩེའི་ཐེམ་སྤངས་མར་དཔེར་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་དུ་འཛིན་པའོ།།གཞན་ཡང་སུམ་པ་གནོད་སྦྱིན་གྱི་སློབ་མ།གཡུ་ཁྲིའི་ཡང་སློབ་མཁས་པ་ཆེན་པོ་རོང་པོས་སྨྱུ་གུའི་བསྟན་བཅོས་ཀྱི་ལྷན་ཐབསཡི་གེ་ཐིག་རིས་གསལ་བྱེད་རིན་ཆེན་སྒྲོམ་བུཞེས་པ་བརྩམས་པ་བཅས་ཀྱིས་བོད་ཀྱི་དབུ་ཅན་གྱི་ཡིག་གཟུགས་ལ་ལུས་བྱིངས་ཀྱི་ འགྱུར་བ་ཆེར་མ་བྱུང་བར་གཞུང་ལུགས་དང་ལག་ལེན་ཅུང་ཆ་ཚང་ཞིང་གོ་རིམ་ལྡན་པ་ཞིག་བྱུང་ཞིང་།ཡིག་འབྲིའི་ལས་ཀྱང་དར་སྤེལ་ཆེས་ཆེར་ཕྱིན་ནས་དཔྱིད་དཔལ་ བཞད་པ་ལྟ་བུའི་ཡིག་གཟུགས་ཀྱི་དུས་རབས་གསར་བ་ཞིག་གི་སྣེ་བཟུང་ནས་གཡུ་ཁྲི་ ཁོང་ཉིད་ཀྱང་དུས་རབས་དེའི་དབྱེ་མཚམས་འབྱེད་པའི་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ ཞིག་ཏུ་གྱུར་པ་རེད།སྤྱིར་བོད་ཡུལ་ནི་ཁྱོན་ཆེ་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ་ བཅས།གཡུ་ཁྲི་ནས་དུས་རབས་བཅོ་ལྔའི་དབུ་ལ་ཐུག་པར་ཧ་ལམ་ལོ་ངོ་བཞི་བརྒྱ་ལྷག་གི་རིང་ལ་བོད་ཀྱི་གསུང་རབ་ཀྱི་གླེགས་བམ་ཐམས་ཅད་སྔར་བཞིན་ལག་བྲིས་ཁོ་ནར་བརྟེན་པ་དང་།ས་ཁུལ་སོ་སོའི་བར་ལ་རིག་གནས་ཀྱི་འབྲེལ་འདྲིས་དང་བརྗེ་རེས་ཀྱི་བྱ་བ་ཤིན་ཏུ་ཉུང་བས།བོད་ཀྱི་རིག་གནས་དང་ཁྱད་པར་དུ་ཡིག་གཟུགས་དར་ཁྱབ་དང་གཅིག་གྱུར་གྱི་བྱ་བཞག་ལ་ཚོད་འཛིན་མི་དམན་པ་ཐེབས་མོད།ཏཱ་མིང་གོང་མ་ཡུང་ ལིས་(永乐)༡༤༡༠ལོར་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་ཟངས་དཔར་དེ་ཐོག་མར་ དཔར་བརྐོས་བྱས་ཐོགས་སྐྱ་བ་དང་།ཀརྨ་བ།རྗེ་ཙོང་ཁ་པ་བཅས་ལ་བོད་ཡིག་ཟངས་ དཔར་གྱི་བཀའ་འགྱུར་ཆ་ཚང་རེ་སྐྱེས་སུ་ཕུལ་བ་རྣམས་བོད་དུ་འབྱོར་རྗེས།བོད་ཀྱི་ མཁས་པ་རྣམས་ཐུགས་དགྱེས་པ་མ་ཟད་མཐོང་རྒྱ་ཆེ་རུ་ཕྱིན་པ་རེད།སྐབས་དེར་ཟངས་དང་ཁྲོ་ཡི་གཏེར་ཁ་བོད་ན་དཀོན་པས་དཔེ་ཆ་ཕོན་ཆེན་པོ་དཔར་སྐྲུན་བྱ་རྒྱུར་རྒྱུ་ཆའི་ཐད་དཀའ་ངལ་ཆེན་པོར་ཕྲད་ཀྱང་།བོད་རང་གི་དཔར་སྐྲུན་རྒྱུ་ཆའི་ཐད་ཤིང་ཆ་ འབོལ་ཆེན་ཡོད་པའི་ཐོགབོད་ལ་བརྐོས་རིས་ཐད་ཤིང་བརྐོས་དང་།རྡོ་བརྐོས་ཀྱི་ལག་ རྩལ་མཐོན་པོ་ཡོད་པ་བཅས་ཀྱི་དངོས་ཡོད་གནས་ཚུལ་དང་བསྟུན་ནས།སྤྱི་ལོ༡༤༡༤ ལོར་ཕག་གྲུ་སྡེ་སྲིད་ཁྲི་རབས་ལྔ་བ་དབང་གྲགས་པ་རྒྱལ་མཚན་གྱིས་བོད་དུ་ཐེངས་ དང་པོར་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཐོག་མར་པར་བརྐོས་གནང་བས།བོད་ ཡིག་གི་པར་སྐྲུན་ལག་རྩལ་མགྱོགས་མྱུར་ངང་དར་རྒྱས་ཆེན་པོ་བྱུང་ཞིང་།ཡིག་འབྲི་ མཁས་པ་དང་པར་རྐོ་ལག་རྩལ་ཅན་རྣམས་ཀྱིས་འབད་པ་རྩེ་གཅིག་ཏུ་གཞོལ་ཏེ་ཟུང་འབྲེལ་ལེགས་པར་བྱས་པའི་ཉེར་ལེན་དུ་རྒྱལ་བའི་བཀའ་བསྟན་སོགས་གསུང་རབ་ རིན་པོ་ཆེ་རི་བོའི་གཏོས་དང་མཉམ་པ་བཞེངས།དེས་ཀྱང་རིག་གཞུང་ཐམས་ཅད་ དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་སྤེལ་བར་མ་ཟད།ཡིག་གཟུགས་ལའང་སྔར་ལས་ལྷག་པར་དར་ཁྱབ་བསྐྱེད་ཅིང་གཅིག་གྱུར་བྱུང་ཡོད་པ་རེད།

 དེ་ནས་ལོ་ཉིས་བརྒྱ་ལྷག་འདས་པའི་དུས་རབས་བཅུ་བདུན་པའི་ནང་།ཏཱ་ ལའི་བླ་མ་སྐུ་ཕྲེང་ལྔ་བ་ཆེན་པོའི་དུས་སུ་རིག་གནས་ཆུང་བ་ལྔ་དང་ཡིག་གཟུགས་ སོགས་ཨོ་རྒྱན་སྨིན་གྲོལ་གླིང་དུ་བསླབ་པར་འགྲོ་དགོས་པ་དང་།སྨིན་གྲོལ་གླིང་གི་རིག་གནས་སོགས་ཀྱི་ཁྲིད་རྒྱུན་ཧ་ཅང་ཁུངས་དག་ཅིང་སྐད་གྲགས་ལྡན་པ།དེ་ནས་སློབ་ སྦྱོང་ཐོན་རྗེས་སྐུ་དྲག་ཡིན་ན་ཞབས་སྡོད་ཞུས་ཆོག་པ་རེད།༡༦༨༧ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱལ་དབང་ལྔ་བའི་བཀའ་ལྟར་མཁས་པ་རོང་པོའི་ཐིག་རིས་རིན་ཆེན་སྒྲོམ་བུལ་འགྲེལ་བཤད་བརྩམས(《བཻཌཱུརྱ་འཁྲུལ་སྣང་གཡའ་སེལ》⑩གྱི་ཁོངས་སུ་བཞུགས་ནས་དབུ་ཅན་གྱི་ཡིག་གཟུགས་དེ་སྔར་ལས་ལྷག་པའི་ཚད་ལྡན་ཅན་དུ་གཏན་འཁེལ་ མཛད་པ་མ་ཟད།ཡི་གེ་དེ་སྒྱུ་རྩལ་རེ་བཞིའི་ཡང་རྩེའམ་དང་པོ་ལ་འཁོད་ནས་འབྲི་ཚུལ་གཙིགས་སུ་བཟུང་བའི་དྲིན་གྱིས།གཟུགས་དངོས་ཇི་བཞིན་བྲི་བའི་ལག་ལེན་དུ་རྒྱུད་ འཛིན་མཁས་དབང་ཟམ་མ་ཆད་པར་བྱོན་པས་ན།བོད་ཡིག་གི་གཟུགས་ཇེ་ལེགས་དང་ཇེ་མཛེས་སུ་བཏང་སྟེ་དར་ཁྱབ་ཆེན་པོ་བྱུང་།

 གསུམ་པ།དབུ་མེད་ཀྱི་ཡིག་གཟུགས་བྱུང་ཚུལ་དང་འབྲུ་ཆེན་སོགས་ཚད་ལྡན་དུ་མཛད་ནས་འབྲི་རྒྱུན་སྤེལ་བའི་སྐོར་བཤད་པ།

 བོད་ཡིག་དབུ་མེད་ཀྱི་སྲོལ་གཏོད་པའི་ཕྱག་བསྟར་དངོས་དེ་པོ་ཏ་ལའི་ གཡང་སྒམ་ནང་གཙིགས་ཆེན་དུ་བཞུགས་སུ་གསོལ་ཡོད་པ་དེའི་ཡིག་གཟུགས་ཀྱི་ཁྱད་ཆོས་ཡིག་རུས་འཇུག་པ་ཆེ་ལ་སྙོམས་པ་དང་།འཁྱུག་གི་ངང་ཚུལ་ཡོད་པ་ཕྱིས་བྱུང་གི་ འབྲུ་ཚ་དང་།ཚུགས་ཆུང་སོགས་ཀྱི་གཞི་རྩ་ཡིན་པར་བཤད།ཡང་ཁྱུང་བོའི་སྨྱུ་གུའི་ བསྟན་བཅོས་སུ་ཐོན་མིས་ཐོག་མར་བྲིས་པའི་ཡི་གེ་ལ་སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ་ཞེས་པ་དེ་ཡིན་པར་བཤད་སྲོལ་ཡོད་ལ།དེའི་མ་དཔེ་ལྷ་སའི་སྟག་རྩེ་རྫོང་ཁོངས་བཙུན་མོ་ཚལ་དགོན་པའི་བྲག་ལྡེབས་ངོས་སུ་བརྐོས་ཡོད་པ་དེའང་དབུ་མེད་ཡིན།སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་ནི།ཐོན་མིས་ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་།ཝརྟུ་ལ་དཔེར་བྱས་ནས་གཤར་མ་དབུ་མེདབཟོས་ཞེས་དབུ་ཅན་དང་དབུ་མེད་གཉིས་དུས་གཅིག་ལ་བྱུང་བར་འདོད་པ་དང་།དེ་མིན་ཕྱི་ཐོག་པ་དགེ་ཆོས་སོགས་རིག་པ་སྨྲ་བའི་དཔའ་བོ་འགས།ལཉྫ་རིམ་གྱིས་མགྱོགས་པོར་བྲིས་པས་ཝརྟུ་རང་ཤུགས་ཀྱིས་འབྱུང་བའི་རིམ་པ་ངེས་ཅན་ཞིག་ཡོད་པ་དེ་བཞིན་དུ་བོད་ཡིག་གི་དབུ་ ཅན་དང་དབུ་མེད་གཉིས་ཐོག་མ་ཞིག་ནས་མཉམ་དུ་མཛད་པ་མིན་ལ།དབུ་མེད་ཀྱང་ཆེད་དུ་བཟོས་པ་མ་ཡིན་པར།ཐོན་མིའི་དུས་སུ་དབུ་ཅན་ཁོ་ན་དར་བ་ལས་དབུ་མེད་ དར་བར་མི་སེམས་ལ།དེ་ནས་རིམ་གྱིས་དབུ་ཅན་དེ་ཉིད་མགྱོགས་པོར་བྲིས་པ་ལས་ རང་བཞིན་གྱིས་དབུ་མེད་ཀྱི་རྣམ་པ་བྱུང་བ་སྟེ།སྔོན་གྱི་ཡིག་རྙིང་མང་བོ་དང་།ད་ལྟ་ ཡང་འབྲུག་ཡུལ་ན་དར་སྲོལ་ཆེ་བའི་ལྷོ་ཡིག་ཏུ་གྲགས་པའི་གཟུགས་ལ་བལྟས་ན།དབུ་ཅན་དབུ་མེད་དུ་འགྱུར་ཚུལ་གསལ་བོར་མཐོང་ཐུབ་ཅེས་དང་།འདིས་ནི་དབུ་མེད་ལ་ཡང་གཟབ་པར་བྲིས་པས་ཚུགས་ཡིག་དང་།མགྱོགས་པར་བྲིས་པས་རྒྱུགས་ཡིག་གམ་ འཁྱུགས་ཡིག་བྱུང་བའི་རིམ་པའང་ཤེས་པར་བྱའོ།།ཞེས་དང་།ཡང་མཁས་དབང་ཧོར་ ཁང་བསོད་ནམས་དཔལ་འབར་གྱིས།འཁྱུགས་ཡིག་དེ་ཡང་ས་སྐྱ་དང་།སྣེའུ་གདོང་། གོང་ས་ལྔ་བ་སོགས་ཀྱི་སྐབས་འབྲུ་རྩ་དང་དབུ་ཆེན་དེ་རང་ཆུང་ཆུང་བྲིས་པ་ཙམ་ལས་མ་མཐོང་ཞིང་།རྒྱལ་དབང་སྐལ་བཟང་གི་སྐུ་དུས་ནས་ཚུགས་ཆུང་ཞེས་བྲི་སྲོལ་གྱིས་ རིམ་བཞིན་འཁྱུགས་གཟུགས་སུ་འགྲོ་བའི་འགོ་ཚུགས་ཤིང་།ཕྱིས་དགེ་རྒན་ཆེན་མོ་ངག་དབང་དོན་གྲུབ་ལགས་ཀྱི་དུས་ནས་འཁྱུགས་ཡིག་འབྲི་སྲོལ་གསར་གཏོད་མཛད་ཅེས་དང་།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་འཁྱུགས་ཡིག་དེ་བཞིན་བཟོ་ལྟ་འགྱུར་ཏེ་རིམ་བཞིན་མགྱོགས་སུ་ཕྱིན་ནས་ད་ལྟའི་འཁྱུགས་ཡིག་གི་བཟོ་ལྟ་འདི་དར་འདུག་ ཅེས་གསུངས་སོ།།

  གང་ལྟར་ཡོངས་གྲགས་སུ།དབུ་མེད་ཀྱི་ཐོག་མའམ་རྩ་བའི་འབྲི་རྒྱུན་དེ་ཐོན་མི་རང་གི་ཕྱག་རྒྱུན་ལས་འབྲུ་མ་ཞེས་པ་དེ་ཡིན་པར་བཤད།དབུ་མེད་ལ་ཡང་དང་པོ་ འབྲུ་མ་ཞེས་འབོད་སྲོལ་ཡོད་ཟེར།འབྲུ་མའི་ཡིག་གཟུགས་ལ་འཕེལ་འགྱུར་བྱུང་ནས་ ཐོག་མ་གསར་དུ་མཆེད་པའི་འབྲུ་ཆེན་ནི་དུས་རབས་བརྒྱད་པའི་དཀྱིལ་ལ་ཆོས་རྒྱལ་ ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་ལི་ལུགས་དང་ལྡན་ལུགས་སུ་གྲགས་པ་དེ་ གཉིས་ཡིན།ལི་ལུགས་དང་ལྡན་ལུགས་སོ་སོ་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དར་འགྲིབ་ཅི་བྱུང་སྐོར་ཕལ་ཆེ་བས་ལྡན་ལུགས་ཀྱི་རྒྱུན་མུ་མཐུད་དུ་གནས་པ་ལས།ལི་ལུགས་ཀྱི་འབྲི་རྒྱུན་རྒྱུད་འཛིན་མ་བྱུང་བར་ཉམས་པ་ཡིན་ཅེས་ཟེར་ལ།དེའི་དཔེར་མཚོན་གྱི་གཟུགས་རིས་ཀྱང་ད་ལྟ་མཐོང་ཆོས་སུ་མེད་པ་ལྟ་བུ་ཞིག་ཡིན།ལྡན་ལུགས་དེ་ལོ་ཙཱ་པ་ལྡན་མ་རྩེ་མང་གི་ཕྱག་རྒྱུན་ཡིན་པ་ཀུན་གྱིས་བཞེད།ཁམས་ལྡན་མང་དུ་འཁྲུངས་པའི་ལྡན་མ་རྩེ་མང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཡིན་པ་དང་།སྐབས་དེར་བྱུང་བའི་ལོ་ཙཱ་བ་ཆེན་པོ་རབ་དགུའི་ནང་གི་རྒན་པ་གསུམ་གྱི་ གྲས།ཡི་གེ་འབྲི་བ་ལ་ཤིན་ཏུ་མཁས་པ་དག་མགྱོགས་སྐྱེན་གསུམ་ཕུལ་དུ་ཕྱིན་པའི་ཡིག་མཁན་ཆེན་པོ་ཞིག་ཡིན།གཏེར་ཡིག་ཕལ་ཆེར་བྲིས་ཤིང་ཡིག་གཟུགས་ཀྱི་ཕྱག་རྒྱུན་མ་ ཉམས་པའི་ཁྲིད་སྲོལ་ད་ལྟ་ཡུལ་དབུས་གཙོ་བྱས་པས་བེད་སྤྱོད་བྱེད་བཞིན་པའི་ཕྱག་ རྒྱུན་འདི་རང་ཡིན་ཟེར་སྲོལ་ཡོད།

  ཀུན་གྱིས་ཤེས་བཞིན་པ་ནང་བཞིན།བོད་ཀྱི་ལོ་རྒྱུས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེ་ བཙན་ནས་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སྐབས་འདི།བཙན་པོའི་ལོ་རྒྱུས་སུ་ ཆབ་སྲིད་དང་དཔལ་འབྱོར།དམག་དོན་དང་མངའ་ཁོངས།ཆོས་ལུགས་དང་རིག་གནས།སྐད་གསར་བཅད་སོགས་གང་ཅིའི་ཐད་ནས་ཀྱང་བོད་བཙན་པོའི་མངའ་ཐང་དར་ རྒྱས་ཆེ་བའི་རྩེར་སོན་ཅིང་།ལྷག་དོན་ནང་བའི་ཆོས་ལུགས་ནང་འདྲེན་བྱེད་མུས་ཀྱི་ སྒང་ཡིན་གཤིས།ལོ་ཙཱ་བ་འབོར་ཆེན་གྱིས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་མང་བོ་རྒྱ་དཀར་ནག་གི་སྐད་ནས་བོད་སྐད་དུ་བསྒྱུར་སྐབས།དབུ་ཅན་གྱི་ཡི་གེ་མགྱོགས་པོར་འབྲི་དགོས་པའི་བབ་དང་བསྟུན་ནས།དབུ་མེད་ཀྱི་གཟུགས་རིས་འབྲུ་ཆེན་དེ་ཐོག་མར་བྱུང་བར་སེམས།གང་ལགས་ཤེ་ན།གཅིག་ནས་འཛམ་གླིང་གི་མི་རིགས་མང་ཆེ་བའི་ཡི་གེའི་བྲིས་གཟུགས་ལ་དཔེ་བཀབ་ནའང་དེ་ལྟར་རེད་ལ།གཉིས་ནས་ཡིག་གཟུགས་གང་ཞིག་གི་འབྲི་རྒྱུན་ལུགས་སུ་གྲུབ་པ་ཡིན་ཕྱིན་དེ་དག་སྤྱི་ཚོགས་ནང་འབྲི་སྤྱོད་རྒྱ་ཆེར་ བྱེད་པའི་རྨང་གཞི་ཆགས་ཟིན་པ་གཞི་གྲུབ་པས།དེ་ལ་འཕེལ་འགྱུར་བྱུང་སྟེ་འབྲི་རྒྱུན་ གསར་བར་འགྱུར་སྲིད་ཀྱང་།རྩ་བའི་རྒྱུན་ཆད་པ་ཡོང་མི་སྲིད་སྙམ།

 འཕྲོ་ནས་ཁྱུང་བོ་གཡུ་ཁྲི་དང་སུམ་པ་གནོད་སྦྱིན་དཔོན་སློབ་ཀྱིས་དེ་ཡང་ དར་རྒྱས་སུ་བཏང་སྟེ་ཐིག་རིས་ཀྱང་མཛད་ཡོད་ཅེས་གྲགས།དེ་ནས་མི་ལོ་བཞི་བརྒྱ་ འདས་པའི་དུས་རབས་བཅོ་ལྔ་བའི་་དུས་མགོར་ལྡན་ལུགས་དེ་ཕྱིས་ཀྱི་ཡིག་མཁན་སོ་སོའི་འབྲི་རྩལ་འདྲ་མིན་གྱི་དབང་གིས་ཡིག་གཟུགས་གཅིག་གྱུར་མེད་པ་ཞིག་ཏུ་གྱུར་ ནས་ཡིག་རྒྱུན་ངོ་མ་ཉམས་པར་འགྱུར་ཉེ་བ་ལ་སྐབས་དེའི་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་མ་བཟོད་པར།གནའ་རབས་ལྡན་ལུགས་ཀྱི་ཡིག་གཟུགས་ལ་ མཁས་པའི་མི་མང་པོའི་དཔེ་རིས་བསྡུས་ཏེ་བཀའ་འགྱུར་དང་བསྟན་འགྱུར་སོགས་ བཞེངས་པ་དང་བསྟུན་ནས།དེ་ཚོའི་ནང་ནས་ཡིག་གཟུགས་ལེགས་ཤོས་ཤིག་ལ་དཔེ་ བྱས་ཏེ་འབྲུ་ཆེན་དང་འབྲུ་ཆུང་གི་ཐིག་རིས་དང་ཐིག་བཤད་བརྩམས་ཤིང་།སློབ་རྒྱུན་མ་ཉམས་པ་ཡིག་མཁན་ལི་བྱིན་དང་མཚུངས་པའི་མཁས་དབང་དཔལ་ལྡན་ཕུན་ ཚོགས་ལས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལེགས་པར་གསན་སྦྱངས་བགྱིས་ཏེ་དབུ་མེད་འབྲུ་ཆེ་ཆུང་གི་ཐིག་རིས་དང་ཐིག་བཤད་དེའི་འགྲེལ་བ་ཡང་།སྤྱི་ལོ་༡༦༨༨ལོར་སྡེ་ སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་བཻཌཱུརྱ་འཁྲུལ་སྣང་གཡའ་སེལགྱི་ནང་དུ་ཐིག་བཤད་རྣམས་ཆ་ཚང་བར་དྲངས་ཡོད།དེས་ཀྱང་དབུ་མེད་འབྲུ་ཆེན་ སོགས་ཀྱི་ཡིག་གཟུགས་ཚད་ལྡན་ཅན་ཞིག་ཏུ་གྱུར་པར་མཛད།

  དེའི་འཕྲོར་གོང་གི་དབུ་ཅན་སྐབས་ཀྱི་མཁས་པ་རོང་བའི་རིན་ཆེན་སྒྲོམ་བུ་དང་ཆོས་རྒྱལ་རྒྱལ་མཁར་རྩེ་བའི་འབྲུ་ཆེ་ཆུང་གི་ཐིག་རིས་དང་ཐིག་བཤད།དེ་གཉིས་ཀྱི་འགྲེལ་བཤད་སྡེ་སྲིད་ཆེན་མོའི་གཡའ་སེལ་དུ་བརྩམས་པ་ཇི་བཞིན།ཐིག་ཚད་དང་ ཡིག་གཟུགས་ཆབས་ཅིག་ཏུ་བཀོད་པ་ད་ཡོད་ཀྱི་དཔེ་རིས་ནི་དུས་རབས་བཅོ་བརྒྱད་ པའི་མགོ་ཙམ་ལ།མཚོ་སྔོན་པོའི་སྐུ་འབུམ་བྱམས་པ་གླིང་གི་ཆེ་ཤོས་རིན་པོ་ཆེའི་བླ་བྲང་དུ་ཡིག་རིས་སྣ་ཚོགས་ཀྱི་ཕྱི་མོ་མེ་ཏོག་ཕྲེང་བཞེས་བྱ་བ་ཤིང་པར་དུ་བརྐོས་པ་དེ་ཡིན།དེང་སང་པེ་ཅིན་མི་རིགས་ཕོ་བྲང་གི་དཔེ་ མཛོད་ཁང་དུ་ཡོད་སྐད།དེའི་ཡིག་གཟུགས་ཧ་ལས་པ་ཡག་པོ་ཡིན་པ་མ་ཟད།ཡིག་ གཟུགས་ཀྱི་སྒྱུ་རྩལ་རང་བཞིན་དང་།གཏན་ཁེལ་གྱི་ཚད་གཞི་ཡོད་པའི་ཐིག་རིས་ གཉིས་ཟུང་འབྲེལ་ཡག་པོ་བྱས་པས།ཤིང་པར་དེ་ནི་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་ཀྱང་བོད་ཡིག་གི་ཡིག་གཟུགས་བཟོ་དབྱིབས་མི་འགྱུར་བར་གནས་ཐུབ་པའི་དཔེ་རིས་ཧ་ཅང་ ཡག་པོ་ཞིག་ཡིན་ཞེས་མཁས་པའི་ཞལ་ལས་ཐོས་སོ།།

བཞི་བ། དབུས་སུ་རྩེ་སློབ་གྲྭ་བཙུགས་པས་དབུ་མེད་ལ་བྱེ་བྲག་གི་གཟུགས་ རིས་སྣ་ཚོགས་བྱུང་ཞིང་བོད་སྤྱི་ལ་དབུ་མེད་ཀྱི་འབྲི་སྲོལ་ཆེས་ཆེར་དར་བ་དང་ཡུལ་ མདོ་སྨད་དུ་ཡིག་གཟུགས་སྤེལ་ཚུལ་སོགས་ཉུང་བསྡུས་སུ་བཤད་པ།

  ༡༧༥༤ལོའི་ཟླ་གཉིས་པར་གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་སྐུ་ཚེ་སྨད་དུ་གསར་འཛུགས་གནང་བའི་རྩེ་རིག་གནས་སློབ་གྲྭ་དེ་ནི་སྲིད་ གཞུང་གི་ལས་བྱེད་རྩེ་དྲུང་བྱེད་དགོས་པའི་གྲྭ་རིགས་རྣམས་སློབ་གྲྭ་དེར་འགྲོ་ཆོག་པ་དང་།སྐབས་དེའི་རིག་གནས་ཀྱི་དགེ་རྒན་དང་པོ་ནི་སྨིན་གྲོལ་གླིང་གི་དགེ་སློང་སྐྱེས་ མཆོག་ཅེས་པ་ཡིན་ཞེས་གྲགས།དེ་ནས་དགེ་རྒན་གྱི་ཐད་ལ་ཡིག་གཟུགས་ཁྲིད་མཁན་ རྩེ་མཁན་དྲུང་གི་ངོ་ཚབ་གཏན་འཇགས་སུ་བཞུགས་པའི་དགེ་རྒན་ཆེན་མོ་བ་རྩེ་དྲུང་ཞིག་དང་།རིག་གནས་དགེ་རྒན་གཉིས་ལྷོ་ཁ་སྨིན་གྲོལ་གླིང་གྲྭ་ཁོངས་ནས་འདེམས་ བསྐོ་གནང་སྲོལ་ཡོད།སློབ་སྦྱོང་གི་བྱེད་སྒོ་ནི།སྔ་དྲོ་ཡིག་གཟུགས་སྦྱངས་ནས་ཕྱི་དྲོ་ཚད་ཅུང་ཟད་མཐོ་བ་རྣམས་ལ་རིག་གནས་སློབ་སྲོལ་འདུགཡིག་གཟུགས་སྦྱོང་ན་ཆེ་འོག་ ནས་ཆུང་ཐོན་ཞེས་པའི་ཤོད་རྒྱུན་བཞིན་སྔོན་ལ་ཡི་གེ་ཆེ་བ་སྟེ་དབྱངས་ཡིག་ཚུད་པའི་ཀ་ཁ་དང་འདོད་ཧྲལ་མགོ་འདོགས་ཀྱི་མིང་།དེ་ནས་ཡི་གེ་འབྲིང་བ་སྟེ་ཚུགས་རིང་དང་ཚུགས་ཆེ་ཆུང་།མཐར་ཡི་གེ་ཆུང་བ་སྟེ་ ཚུགས་མ་འཁྱུག་དང་འཁྱུག་ཡིག་རྣམས་རིམ་པ་བཞིན་ལོ་གཉིས་གསུམ་རིང་སྦྱང་ཤིང་ཁོ་ནའི་ཐོག་རིམ་པ་དང་པོར་སྦྱང་རྒྱུ་དང་དེ་ནས་སྦྱངས་འབྲས་ལེགས་ཉེས་ལ་ གཞིགས་ཏེ་ཤོག་བུའི་ཐོག་ཚུགས་ཐུང་དང་ཚུགས་མ་འཁྱུག་བར་དུ་རིམ་པ་མ་འཛོལ་ བར་དུས་དེ་བཞིན་དུ་སྦྱོང་སྲོལ་ཡོད།རིམ་པ་དང་པོ་དང་གཉིས་པའི་སྐབས་སུ་འཁྱུག་ཡིག་རྩ་བ་ནས་འབྲི་མི་ཆོགགལ་ཏེ་བྲིས་ཚེ་ཡིག་འབྲུ་རེར་འཁྱུག་ཊམ་ཞེས་ཉེས་ཆད་ གཏོང་སྲོལ་ཡོད་ཟེར།སྨིན་གྲོལ་གླིང་གི་རིག་གནས་དགེ་རྒན་གྱིས་སློབ་ཁྲིད་མཛད་པའི་ཆག་ལོ་ཡིག་གསར་དང་།འགོས་ལོ་ཡིག་གསར།བསྟན་འཛིན་ཡིག་གསར།ངོ་མཚར་ཡིག་གསར།རིན་སྤུངས་ཡིག་གསར།ལཉྫ།ཝརྟུ་བཅས་དམིགས་བསལ་གྱིས་སྦྱོང་བརྡར་བྱས་ ནས་ཟླ་རེའི་ཚེས༡༤དང༢༩ཉིན་སོ་སོར་རྩེ་ཡིག་ཚང་འགག་ཏུ་མཁན་དྲུང་ངོ་མས་ ཞིབ་བཤེར་བགྱིས་ཏེ་ཚད་མཐོ་དམན་གྱི་མིང་སྦྱར་ཡིག་ཚད་ལ་ཨང་ཀི་བཀོད་ནས་ རིམ་པ་སྒྲིག་སྲོལ་སོགས་འགྲིག་དང་བཅའ་ཡིག་དམ་པོ་ཡོད་པ་བཅས་ཀྱིས་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་སློབ་གྲྭ་དེར་ཐུགས་སྣང་ཆེན་པོ་ མཛད་པ་དང་།ལྷག་པར་གོང་ས་བཅུ་གསུམ་པ་མཆོག་གིས་ཐུགས་འཁུར་ཆེར་བསྐྱེད་ མཛད་ནས་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ལ་དེ་བས་ཀྱང་དང་དོད་ནན་ཏན་ གནང་བ་དཔེར་ན།རྩེ་ཤོད་དྲུང་རིགས་ནས་ཡིག་གཟུགས་ལེགས་གྲས་རྣམས་ཡིག་ གཟུགས་ཡིག་ཚད་རྣམས་ཡིག་གཟུགས་ཡིག་ཚད་བཞེས་སྐབས་ཀོག་པོ་བསྟན་འཛིན་ ཆོས་འཕེལ་ཞུ་བའི་ཡིག་གཟུགས་ལེགས་ཤོས་སུ་གཟིགས་ཏེ།ཀོག་པོའི་ཕྱག་བྲིས་ཀ་ཁ་ ནས་བཟུང་ཡིག་གཟུགས་ཆེ་ཆུང་ཚང་མ་ཤིང་དཔར་དུ་བརྐོས་པས་རྩེ་སློབ་གྲྭའི་ཡིག་ གཟུགས་ཀྱི་མ་དཔེར་གཏན་འཁེལ་གནང་བ་སོགས་ཀྱིས་དབུ་མེད་ཀྱི་ཡིག་གཟུགས་ནི་སྔར་ལས་ལྷག་པར་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཞིག་ལ་བཀོད།མདོར་ན་སློབ་གྲྭ་ འདིས་བོད་ཡིག་དབུ་མེད་ཀྱི་གཟུགས་རིས་ལ་སྔར་མེད་ཀྱི་གསར་གཏོད་ཆེན་པོ་མཛད་དེ་ཟོར་ཇེ་ཡང་དང་།གྲ་ཇེ་དགགཟུགས་ཇེ་མཛེས་བཅས་བྱས་ནས་ཉིན་བྱེད་མཁའ་ལ་ཤར་བ་ལྟ་བུར་དར་རྒྱས་སུ་བཏང་སྟེ་ཡིག་གཟུགས་མིག་གི་དགའ་སྟོན་གྱིས་ས་ཆེན་པོ་ཁྱབ་པར་གྱུར།

ཇི་སྐད་དུ།རྒྱལ་བ་བསྐལ་བཟང་རྒྱ་མཚོས།བོད་ཡུལ་མུན་པའི་གླིང་ལ།།སློབ་ གྲྭའི་ས་བོན་བཙུགས་ནས།།ཡིག་འབྲུའི་ལོ་ཏོག་རྒྱས་སོང་།།ཅེས་གསུངས་པ་ཇི་བཞིན།རྩེ་སློབ་གྲྭ་ཚུགས་པས་མདོ་དབུས་གཙང་གསུམ་དུ་གསར་བྱུང་སློབ་གྲྭ་ཆར་ཤུལ་གྱི་ཤྭ་མོ་བརྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་མ་ཟད།དེ་སྔ་དགོན་པ་གཅིག་ པུས་བོད་ཀྱི་རིག་གནས་སློབ་གསོ་སྒེར་སྡོམ་བྱེད་པའི་རྣམ་པ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཞིང་།ཕྱིས་སུ་བོད་ཞི་བས་བཅིངས་བཀྲོལ་ཐོབ་ཁད་ཡུལ་དབུས་སུ་གཞུང་གཉེར་སློབ་གྲྭ༢༠ལྷག་ཙམ་དང་།སྒེར་གཉེར་སློབ་གྲྭ༩༠ལྷག་ཙམ་ཡོད་པ་ཚང་མས་དབུ་མེད་ཀྱི་ཡིག་གཟུགས་སྦྱོང་བར་མཐོང་ཆེན་མཛད་པས།ཡུལ་དབུས་སུ་དབུ་མེད་ཀྱི་འབྲི་རྒྱུན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ལ།ད་ལྟའང་སློབ་ཆུང་ཡན་གྱི་བོད་ཡིག་ སློབ་མཁན་ཚོ་དབུ་མེད་འབྲི་མཁས་པ་མིག་མཐོང་ལག་ཟིན་དུ་གྱུར་བ་རེད།དེའང་ སློབ་གྲྭ་འདི་པའི་བཀའ་དྲིན་གྱིས་མ་ཁྱབ་པ་དང་མ་ཟིན་པ་གཅིག་ཀྱང་མེད་དོ།།གཙང་དུ་སློབ་གྲྭ་དེ་དང་ཕྱག་ལེན་ཕལ་ཆེར་འདྲ་བ།པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་(༡༧༨༡___༡༨༥༣)མཆོག་གིས་བཀྲ་ཤིས་ལྷུན་པོའི་གཞིས་རྩེའི་ཕོ་བྲང་དུ་གྲྭ་ བཙུན་སློབ་གྲྭ་ཞིག་གསར་དུ་བསྐྱངས་ནས།ཡིག་གཟུགས་སོགས་ཀྱི་སྦྱངས་བརྩོན་ལ་ གནད་སྨིན་མཛད་ཅིང་།སྒོས་སུ་པཎ་ཆེན་དགུ་བ་ཆེན་པོའི་སྐུ་རིང་ལ་སློབ་གྲྭ་དེ་དར་ རྒྱས་ཆེ་བར་ཕྱིན་ཡོད་ལ།པཎ་ཆེན་ནང་མ་སྒང་གི་དྲུང་ཆེན་མཁན་པོ་སོགས་འབྲི་རྩལ་རྩེར་སོན་པའི་མཁས་དབང་མང་པོ་དེ་ལས་ཐོན་ཡོད།

གཞན་ཡང་འབྲི་རྒྱུན་རྣམ་པར་དག་པ་ལ་གཙང་བྲིས་བྲིས་རྙིང་དང་།ཀརྨ་ སྒར་བྲིས།ཁམས་ཀྱི་སྡེབ་བྲིས་སོགས་མང་ཡང་།སྐབས་འདིར་བརྗོད་པའི་ངལ་བ་མི་ བྱའོ།།

ད་ནི་ཡུལ་མདོ་སྨད་དུ་ཡིག་གཟུགས་དར་ཚུལ་དང་འབྲི་རྒྱུན་སྤེལ་ཚུལ་ཆེ་ ལོངས་ཙམ་ཞུས་ན།དུས་རབས་ཉི་ཤུ་བའི་ནང་ཡུལ་འདིར་ཡིག་འབྲིའི་རྩལ་ཕུལ་དུ་ བྱུང་ཞིང་མཚན་གྱི་སྙན་པ་ཡོངས་སུ་གྲགས་པའི་ཡིག་མཁན་མཁས་དབང་རྣམ་གཉིས་བྱོན་ཡོད་པ་ལས།མ་ཧཱ་པཎྜིཏ་ཚེ་ཏན་ཞབས་དྲུང་རྗེ་འཇིགས་མེད་རིགས་པའི་བློ་གྲོས་༡༩༡༠-༡༩༨༥མཆོག་གི་ཕྱག་རྒྱུན་དེ་མིག་ལ་ངོམས་ཤིང་མཛེས་ཉམས་རབ་ཏུ་ཆེ་བ།ཁོང་གིས་ཕྱག་ བྲིས་གནང་བའི་བོད་ཡིག་དབུ་ཅན་དབུ་མེད་ཀྱི་མ་ཕྱི》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༦༤ལོར་བསྐྲུན་པཞེས་བྱ་བ་དང་།དབུ་ཅན་གྱི་མ་ཕྱི་ཐོན་མིའི་བཞད་སྒྲ》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༠ལོར་བསྐྲུན་པདང་།དབུ་མེད་ཀྱི་མ་ཕྱི་ཐོན་མིའི་མཛུབ་རིས》(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༢ལོར་བསྐྲུན་པསོགས་ཀྱིས་བོད་ཀྱི་ཡིག་གཟུགས་དར་སྤེལ་གྱི་བྱ་བར་མཛད་རྗེས་ཆེན་པོ་གནང་ཡོད་ པ་མ་ཟད།དེང་འདིར་ཁོང་གི་ཕྱག་རྒྱུན་དེ་མཚོ་སྔོན་ཕྱོགས་སུ་དར་རྒྱ་ཆེའོ།།དེ་མིན་ ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བསྟན་པའི་མངའ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སྐུ་ཕྲེང་དྲུག་པ་ཆེན་པོ་མཆོག་གི་དེ་སྔའི་དྲུང་ཡིག་ཆེན་མོ་ མཁས་དབང་སྨོན་ལམ་རྒྱ་མཚོ༡༩༢༨-༡༩༩༠མཆོག་གིས་མཛད་པའིབརྒྱུད་ལྡན་བོད་ཀྱི་ཡིག་གཟུགས་བློ་གསལ་སྤྱི་ནོརཞེས་པ་སྐྱེ་འགྲོའི་དང་བ་དབང་མེད་དུ་འདྲེན་པའི་ཡིག་གཟུགས་མ་ཕྱི་དེའི་དབུ་ཅན་ཡིག་གཟུགས་ཀྱི་ཕྱག་རྒྱུན་ནི།སྤྱི་ལོ༡༧༨༥ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་ ཐེངས་གཉིས་པར་དབུས་གཙང་དུ་ཆིབས་བསྒྱུར་མཛད་ནས་དམ་པའི་ཆོས་ཀྱི་རྒྱུན་ ནུབ་པ་དང་ཉག་ཕྲ་བ་རྣམས་གསོས།སྔར་མ་གསན་པའི་ཆོས་རྒྱུན་དུ་མ་ཆེད་དུ་གསན་རྗེས་གདན་ས་བཀྲ་ཤིས་འཁྱིལ་དུ་ཕྱིར་ཕེབས་སྐབས་ཁོང་གིས་བཀའ་བསྒོ་ལྟར་ཡུལ་ དབུས་ནས་ཞུས་ཏེ་ཕེབས་པའི་ཡིག་རྒྱུན་ཁྱུང་བོ་གཡུ་ཁྲིའི་ཕྱག་རྒྱུན་གྱི་རི་མོའི་ མདངས་མ་ཡལ་བ།དཔང་ལོ་ཆེན་པོ་བློ་གྲོས་བརྟན་པ༡༢༧༦-༡༣༤༢ནས་བརྒྱུད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིད་རྒྱུན་གཞིར་བྱས།ཁྱུང་བོ་གཡུ་ཁྲིའི་སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་དང་།ཁྱུང་བོའི་ཡང་སློབ་རོང་པོའི་ཐིག་རིས་རིན་ཆེན་སྒྲོམ་བུ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་སོགས་ལ་ཁུངས་ལེགས་ པར་བཅོལ་ཏེ།གཙོ་ཆེར་ཁྲིད་རྒྱུན་བཞིན་དང་སྡེ་སྲིད་ཆེན་མོའི་གཡའ་སེལ་དུ་འཁོད་ པའི་ཐིག་འགྲེལ་ལ་བསྟུན་པ་ཡིན་ཞེས་སློབ་དཔོན་སྐུ་དྲིན་ཅན་གང་གིས་གསུངས་སོ།།གཞན་དབུ་མེད་ཀྱི་ཕྱག་རྒྱུན་ནི།སྤྱི་ལོ༡༩༣༧ལོར་ཀུན་མཁྱེན་ལྔ་བ་ཆེན་པོ་བསྟན་པའི་རྒྱལ་མཚན་མཆོག་དབུས་གཙང་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་ནས།གདན་ས་ རང་ལ་ཕྱིར་ཆིབས་ཀྱི་ཁ་ལོ་སྒྱུར་དུས།སྐུ་རྗེས་སུ་རྩེ་དྲུང་ཐུབ་བསྟན་བསྟན་འཛིན་ཏེ།པོ་ཏ་ལའི་རྩེ་རིག་གནས་སློབ་གྲྭའི་ནང་ཡིག་གཟུགས་ཆེས་ལེགས་པའི་བྱ་དགའ་ཐོབ་མྱོང་བའི་བདེ་ཆེན་ཤིང་རྭ་ཤར་ནས་འཁྲུངས་པ།ཀུན་མཁྱེན་བླ་མ་ལྔ་བ་མཆོག་གི་སྐུ་ཉེ།རྩེ་ དྲུང་ཐུབ་བསྟན་བསྟན་འཛིན་ཞུ་བ་ཁོང་མདོ་སྨད་དུ་གདན་དྲངས་པའི་ཁྲིད་རྒྱུན་ དགའ་ལྡན་བྲིས་གསར་ཞེས་པའམ།དབུས་བྲིས་བྲིས་རྙིང་ཞེས་པ།དེང་སང་བཀྲ་ཤིས་ འཁྱིལ་དུ་པོད་བོདབྲིས་ཞེས་འབོད་པ་དེ་ཡིན།དེའི་ཕྱིས་རྒྱལ་དབང་བདུན་པར་ཐིག་བཤད་ཅིག་ཡོད་སྐད་དུ་གྲགས་པ་དེའི་ཕྱག་རྒྱུན་གྱི་ཁུངས་ད་ལྟའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འགྲིག་ཡིག་ ཆེན་མོའི་གཟུགས་དེ་ཡིན་པར་བཤད།མདོར་ན།རྒྱལ་དབང་བསྐལ་བཟང་རྒྱ་མཚོས་རྩེ་སློབ་གྲྭ་བཙུགས་རྗེས་ཡུལ་དབུས་སུ་དར་རྒྱས་བྱུང་བའི་ཁུངས་ལྡན་ཡིག་གཟུགས་རྣམ་པར་དག་པ་དེའོ།།

དེ་ཡང་ཆུ་མགོ་གངས་དང་ཆོས་མགོ་དབུས་ཟེར་བའི་ཁ་དཔེ་བཞིན་དབུས་ ནས་མཆེད་པའི་ཡིག་རྒྱུན་འདི་སོགས་ཀུན་མཁྱེན་བླ་མ་སྐུ་ཉིད་རིམ་བྱོན་གྱིས་མི་ནུབ་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་པའི་བཀའ་དྲིན་གྱིས་ཁྱབ་པར་གྱུར་ཏོ།།

 ལྔ་བ། མཐའ་དཔྱོད་དང་བཅས་པའི་སྐོར།

  དེ་ལྟར་སྔོན་བྱོན་དྲན་དབང་རྣམས་ཀྱི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་ ཞིང་ངོ་མཚར་གྱི་བཀོད་པས་ཕྱུག་པའི་བོད་ཀྱི་ཡིག་གཟུགས་དེ་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཆེ་བའི་ལྔའི་ཡ་གྱལ་བཟོ་རིག་པའི་ཁོངས་སུ་བརྩིས་ཏེ།དེ་ལ་ གཙིགས་ཆེན་གནང་བའི་དྲིན་གྱིས་འབྲི་རྒྱུན་སྤེལ་བའི་བྱ་བ་བར་མ་ཆོད་པར་བརྒྱུད་ པའི་ཡི་གེའི་གཟུགས་རིས་དེ་གངས་ལྗོངས་འཛིན་མའི་ལྟོ་བ་རུ་དར་ཞིང་རྒྱས་པར་ གྱུར་ཡང་།བར་སྐབས་སུ་དུས་ཀྱི་རྐྱེན་དབང་གིས་བོད་ཀྱི་རིག་གནས་སློབ་གསོ་དང་ བཅས་པ་ཤིན་ཏུ་ཉམས་དམས་ཀྱི་གནས་སུ་ལྷུང་བའི་སྐབས་སུ་ཡིག་རྒྱུན་གྱི་ཕྱག་སྲོལ་བཟང་པོ་ཡང་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་ནས་འབྲི་མཁན་ཉུང་ལ།རྒྱུས་མེད་ ཀྱིས་རྒྱུས་གཏམ་སྨྲ་མཁན་མང་ཞིང་།ཡིག་མཁན་མཁས་པར་རློམ་པ་གསར་སྐྱེས་ལ་ ལས་ལོ་ངོ་ཆིག་སྟོང་ལྷག་ཙམ་བརྒྱུད་པའི་བོད་རང་གི་ཐུན་མོང་མ་ཡིན་པའི་ཡིག་རྒྱུན་གྱི་ཁྱད་ཆོས་རྨད་དུ་བྱུང་བའི་ཐིག་ལེན་གྱི་ཕྱག་སྲོལ་སོགས་ལ་དོ་སྣང་ཡེ་ནས་མི་འཛིན་པར་མ་ཟད།དགོས་པ་ཅི་ཡང་མེད་པར་རང་ཉིད་ཀྱི་མཁས་རྟགས་སྟོན་ཆེད།ཅི་ཟེར་ཞེ་ན།ཨ་ཁུ་སྨོན་ལམ་དང་ཨ་ལགས་ཚེ་ཏན་ཞབས་དྲུང་རྣམ་གཉིས་ཀྱི་དབུ་ཆེན་ཡིག་ གཟུགས་འབྲི་སྲོལ་གྱི་ལེགས་ཆ་གཅིག་ཏུ་བསྡུས་ཡོད་ཅེས་མགྲིན་པ་གཟེངས་སུ་ བཏེགས་ནས་ཡི་གེའི་ཕྲ་བ་རྣམས་སྦོམ་པོར་བྱས་ཤིང་རྐང་བ་ཐུང་ངུ་རྣམས་རིང་བོར་འཐེན་ཏེ་བྲིས་ནས་ཞེས་སྨྲས་པ་འདི།སྤྱིར་ཡིག་གཟུགས་ལ་གསར་གཏོད་བྱས་ན་ལོས་ ཆོག་ཀྱང་།ར་མིན་ལུག་མིན་དུ་བསྒྱུར་ནས་རྒྱུད་རྫོགས་དགོས་པའི་ངེས་པ་གཏན་ནས་མེད་བསམས།རྒྱ་ནག་གི་ཡིག་གཟུགས་སུ་ཨོ་གཟུགས་(欧体)དང་།བླིས་གཟུགས་(柳体)ཡཱན་གཟུགས་(颜体)བཅས་ཡིག་རྒྱུད་མང་པོ་ཡོད་ལ།རྗེས་འབྲངས་ཡིག་མཁན་བགྲང་གིས་མི་ལང་བ་ ཡོད་ཀྱང་།ལོ་ངོ་སྟོང་ཕྲག་དུ་མའི་ནང་རང་རང་གི་ཁྱད་ཆོས་མི་ཉམས་ལེགས་པར་ བསྐྱངས་པ་ལས་ཡིག་མཁན་ཆེན་མོ་གཉིས་ཀྱི་ཁྱད་ཆོས་གཅིག་གྱུར་མ་བྱས་པ་འདི་ གནད་དུ་སོམས་དགོས་རྒྱུ་ཞིག་རེད།གཞན་དབུ་ཆེན་གཟུགས་ཀྱི་གསལ་བྱེད་ཡི་གེ་ཉ་ ཐ་ཝ་ཞ་འ་ལ་སོགས་ཀྱི་ཡིག་མགོའི་སྣེར་རི་དྭགས་བསེ་རུའི་རྭ་འདྲ་བ་རེ་སྒྲོ་འདོགས་ ཀྱིས་བཏགས་ཏེ།ད་དུང་དགེ་རྒན་གང་དང་སུ་ཡི་སློབ་མ་ཡིན་ཞེས་དྲེགས་གཏམ་སྨྲས་རུང་།མ་གཞི་དགེ་རྒན་གྱི་མདུན་ནས་དཔེ་ཁྲིད་ཐན་ཐུན་རེ་ཉན་ནས་ཐིག་རྩའི་འགྲོ་ ལུགས་སོགས་ལྟ་ཞོགདབུ་མེད་ཀྱི་སྨྱུག་ཁམ་འགྲིམ་ལུགས་སོགས་ན་མགོ་འཁོར་ཡོད་པ་རང་གིས་ཀྱང་མ་མཁྱེན་ཞིང་།ཆལ་ཆོལ་དང་།ཁུངས་མེད།རང་སྣང་གང་དྲན་གྱིས་བཟོ་བ།འདི་ཡང་མ་དག་རྒྱུན་འབྱམས་སུ་སོང་ན་མཁས་པའི་ཕྱག་རྒྱུན་ལ་སྐུར་བ་འདེབས་ཤིང་གསར་སློབ་རྣམས་ཀྱི་ལག་པ་ལམ་སེང་ལང་ཤོར་དུ་འགྲོ་བ་མ་ཟད།ད་དུང་ཁྱི་གར་ཟུག་གི་རྗེས་སུ་ཟུག་པའི་དཔེ་རུ་འགྲོ་ཉེན་ཆེ་བས།རྨོངས་པ་བདག་གིས་ཁ་བཏགས་ དཀར་པོའི་བསམ་པས་གྲོས་སུ་བསྲིངས་པ་ཡིན་གྱི།དཔྱོད་ལྡན་བློ་གཟུར་བོར་གནས་ པའི་མཁས་པ་རྣམས་ཀྱིས་བརྟག་པར་འཚལ།

  ལར་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་ནི་ཡི་གེ་ དངོས་དང་།དེ་ནི་རྣ་ཤེས་ཀྱི་མཉན་བྱ་ཡིན་ལ།སྐད་ཀྱི་གདངས་མཚོན་པར་བྱེད་པའི་རི་མོ་དེ་ལ་ཡིག་གཟུགས་དང་།དེ་ནི་ཡི་གེ་བཏགས་པ་བ་ཡིན།ཡི་གེ་བཏགས་པ་བ་ཟེར་བ་ནི་སྐད་ཆའི་ཚབ་བྱེད་མཁན་ཡིན་པ་དང་།སྐད་ཆ་ནི་བསམ་བློའི་ཚབ་བྱེད་མཁན་ཡིན་སྟབས་བྲིས་པའི་ཡི་གེ་དེས་སྐད་ཆའི་ཚབ་བྱེད་ཐུབ་མིན་ནི་ཡི་གེ་དེ་མི་གཞན་དག་གིས་ཀློག་ཐུབ་མིན་ལ་རག་ལས་པ་དང་།ཐོག་མར་མི་གཞན་གྱིས་ཀློག་མི་ཤེས་པ་དང་ཞག་ གསུམ་སོང་ཚེ་རང་ཉིད་ཀྱིས་ཀྱང་ཀློག་མི་ཤེས་པ་དེ་འདྲ་བྲིས་པ་ཡིན་ན།བྲིས་པའི་ཡི་ གེ་དེས་ཕན་ཐོགས་གང་ཡང་མ་བྱུང་བ་རེད།དེར་བརྟེན་ཡི་གེ་འབྲི་བའི་སྐབས་སུ་རང་ཉིད་ཀྱིས་བྲིས་པའི་ཡི་གེ་དེ་གཞན་དག་གིས་ཀློག་ཐུབ་པའི་གདེང་ཚོད་ཡོད་པ་གཞིར་བྱས་ཏེ་ཡིག་གཟུགས་གང་ལེགས་འབྲི་རྒྱུ་ནི་ཡིག་གཟུགས་སྦྱོང་བའི་སྤྱིར་བཏང་གི་ དགོས་པ་ཡིན།སྒྱུ་རྩལ་གྱི་ངོས་ནས་བཤད་ནའང་གང་མཛེས་ཅི་མཛེས་ཀྱིས་སྤྱི་ཚོགས་ སྟེང་དུ་ལོངས་སྤྱོད་རྒྱུའི་དགོས་པ་གཅིག་པུ་མ་ཡིན་པར།དེ་ནི་མི་རིགས་ཀྱི་ཁྱད་ནོར་ ཞིག་ལ་བརྩིས་ནས་ཁུངས་དང་ཁྲིད་རྒྱུན་མི་ཉམས་པར་མི་རབས་རྗེས་མར་བརྒྱུད་སྤྲོད་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཞིག་ཡིན་པ་མ་ཟད།ཡིག་འབྲི་བ་ལ་མཚོན་ན་འོས་འགན་ ཞིག་དང་།གཟི་བརྗིད་ཅིག་ཀྱང་ཡིན།དེ་བས་ན་མཁས་དབང་བོན་གྲོང་བས།དེ་ཡང་ ཐོག་མར་ཐིག་ལ་རུས་པ་དང་།།བར་དུ་རུས་ལ་ཤ་ཉམས་འདོན་པ་དང་།།ཐ་མར་ཤ་ལ་མཛེས་ཉམས་བསླབ་པ་སོགས།།གོ་རིམ་བཞིན་དུ་སྦྱོང་བ་གནད་དུ་ཆེ།།ཞེས་གསུངས་པ་ལྟར་ཡི་གེ་ཐིག་ཁོངས་སུ་དྲངས་ནས་སྦྱང་རྒྱུ་ནི་ཡིག་གཟུགས་སྦྱོང་འདོད་ཆེ་བའི་ལས་དང་པོ་བ་དག་ལ་མཚོན་ན་མེད་དུ་མི་རུང་བ་ཞིག་ཡིན་ལ།སྤྱིར་ལྷ་རིས་དང་ཡི་གེ་ སོགས་ཐིག་ལམ་ནས་འབྲི་དགོས་པ་དང་།བྲིས་ན་ཆ་སྙོམས་ཤིང་མཛེས་པོ་ཡོང་བ་ཡིན།དེ་ལ་ཐིག་ནི་རུས་དང་།རུས་ལ་ཤ་ཉམས་དང་།ཤ་ལ་མཛེས་གཏོད་དགོས་པ།"ལུས་ལ་ མཛེས་པ་མ་ཚང་ན།ཚད་དག་གིས་ནི་ཅི་ཞིག་བྱ།།"ཞེས་གསུངས་པ་ལྟར།ཐིག་གཙོ་བོར་བཟུང་ནས།མཁས་པ་གོང་མ་གོང་མའི་ཕྱག་རྒྱུན་གྱི་མཛེས་ཉམས་འདོན་ཚུལ་ཤེས་པར་བྱས་ཏེ་འབྲི་དགོས་ལ།ལར་ཡིག་མཁན་ཞིག་ཏུ་འགྱུར་འདོད་ཚེ་ཉུང་མཐར་ཡང་པོ་ཏི་བཞི་ངོ་བ་ཤུས་མ་བྱས་པར་ཡིག་མཁན་དུ་མི་འགྱུར།ཞེས་སྨྱུག་འཛིན་མཁས་པ་སྔ་མ་ དག་ལ་གསུང་སྲོལ་ཡོད།ཇི་སྐད་དུ།པོ་ཏི་དང་པོ་བྲིས་ནས་རླུང་ལ་བསྐུར།།པོ་ཏི་གཉིས་ པ་བྲིས་ནས་མེ་ལ་བསྲེག།པོ་ཏི་གསུམ་པ་བྲིས་ནས་ཆུ་ལ་བསྐུར།།པོ་ཏི་བཞི་པ་བྲིས་ནས་རྒན་ལ་འབུལ།།ཞེས་པའི་མན་ངག་འདི་གསར་སློབ་དག་གིས་སེམས་སུ་གཟུང་བར་ འཚལ།

གཞན་ཡང་ཡིག་འབྲུ་རེ་རེ་བཞིན་གྱི་སྨྱུག་ཁམ་འགྲོ་བའི་རིམ་པ་སྔ་རྟིང་གོ་ རིམ་ཕྱིན་ཅི་མ་ལོག་པར་འབྲི་བ་དེ་ཡང་ཧ་ཅང་གལ་ཆེན་ཡིན་པ་ས་བཟང་པཎྜིཏས། ལེགས་པ་བས་ཀྱང་མགྱོགས་པ་གཙོ།།མགྱོགས་པ་བས་ཀྱང་སྙོམས་པ་གཙོ།།སྙོམས་པ་ བས་ཀྱང་དག་པ་གཙོ།།དེས་ན་དག་པ་གཙོ་ཡིན་ནོ།།ཞེས་གསུངས་པའི་ལེགས་བཤད་ སོགས་ལ་བློ་རྣལ་དུ་ཕབ་ནས་བསམ་བློ་ལེགས་པར་གཏོང་རན་འདུགརང་ཅག་གི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་།ཉམས་མྱོང་གི་ཕྱོགས་བསྡོམས་ལས་ བྱུང་བའི་ཡི་གེའི་ཆ་ཚད་དང་།གཅེས་བརྒྱད།འདོན་བཅུ།མ་ཆོས་ཉེར་གཅིགབུ་ཆོས་ བཅུ་དྲུགསྤྱི་ཆོས་གསུམ་ལྡན་སོགས་ཐིག་རིས་དང་ཐིག་བཤད་ཀྱི་རིག་པ་དང་།བོད་ཀྱི་སྲོལ་རྒྱུན་གྱི་ཡིག་གཟུགས་ཁྲིད་པར་མ་ལག་ཆ་ཚང་གྲུབ་ཡོད་པ་ནང་བཞིན་དུ་ཡིག་ངོ་ཟིན་རྗེས་ལག་བྲིས་དང་།སྒང་བྲིས།སྐམ་བྲིས།རློན་བྲིས་སོགས་སློབ་རྒྱུན་གྱི་རིམ་པ་ལྟར་ཐིག་རྒྱག་སྟངས་དང་།ཐིག་རྩ་ལེན་སྟངས།སྨྱུག་ཁ་བཅོས་སྟངས།ཕྲ་བཅད་དང་སྦོམ་ བཅད།སྨྱུག་འགྲོས་འཐེན་སྟངས།སྨྱུག་ཁ་སྐོར་སྟངས།སྨྱུ་གུ་འཛིན་སྟངས།མཐེབ་བསྒྲིལ་ གཏོང་སྟངས།གཟུགས་ཀྱི་སྡོད་སྟངས་སོགས་དང་།ཡི་གེ་ཆེ་བ་ནས་རིམ་གྱིས་ཆུང་བར་ ཕབ་ཚུལ།དལ་བ་ནས་མགྱོགས་བྲིས་བྱེད་ཚུལ་སོགས་གོ་རིམ་མི་ལྡོག་པ་དང་།དོན་མེད་དུ་མི་རིགས་གཞན་པའི་རྗེས་སུ་འབྲངས་ནས་རང་སྣང་གང་ཤར་དུ་མི་འབྲི་བར་རང་ རིགས་ཀྱི་ཐུན་མོང་ཁྱད་ཆོས་དམ་དུ་འཛིན་བཞིན་སྦྱོང་བ་དཔྱིས་ཕྱིན་པ་མཛད་ནས། ད་གཟོད་གསར་གཏོད་བྱས་ན་ཤིན་ཏུ་འགྲིག་པར་སྙམ།ཁྱད་པར་དུ་འདི་གའི་ཕྱོགས་ ལ་སློབ་དཔོན་སྐུ་དྲིན་ཅན་སྨོན་ལམ་རྒྱ་མཚོའི་ཞལ་ནས།གཟུགས་འདི་དག་རྩ་སྟོངས་ སུ་འགྲོ་བ་ལྟ་ཅི།སྣ་གཅིག་ཉམས་ཀྱང་གསོ་ཅི་ཐུབ་ལ་འབད་དགོས་པའི་རིག་པའི་ གནས་རིན་པོ་ཆེ་ཤ་སྟག་རེད།རིག་གནས་བཅུ་ག་ཕར་ཟད།ཡིག་གཟུགས་གྲྭ་ཟུར་ཉམས་ནས་ཆལ་ཆོལ་དུ་འབྲི་བ་ནི།བཟང་ལྟས་མ་ཡིན་གྱི།རིག་གནས་ཉམས་པའི་ངན་རྟགས་ རེད།སྤྱིར་རིག་གནས་གང་ཡང་རུང་སྔོན་དུས་དར་ཁྱབ་བྱུང་བ་ནི།སྟེས་དབང་དུ་བྱུང་ བ་དང་།ལས་སླ་བོར་བྱུང་བ་རླུང་འཚུབ་གྱེན་འཁོར་ལྟ་བུ་ཞིག་ག་ལ་ཡིན།སྔོན་གྱི་རྒྱལ་བློན་དང་ལོ་པཎ་རྣམས་ཀྱིས་དཀའ་བ་ཚད་མེད་སྤྱད་པ་སྨོས་ཅི།ཐ་ན་སྐུ་སྲོག་བསྡོས་ པའི་སྐུ་དྲིན་ཅན་རེ་གཉིས་ཙམ་མ་ཡིན་ནོ།།ཁོང་རྣམ་པས་ས་ལ་གནས་པའི་སེམས་ དཔའ་ཆེན་པོའི་རྣམ་ཐར་བདག་གིར་བཞེས་པ་ནི།ཕྱི་རབས་པའི་ཆེད་དུ་ཡིན་པས།བློ་ རྣལ་དུ་ཕོབས་ལ་རྣམ་ཐར་དང་དེབ་ཐེར་འགར་སྤྱན་རས་ཙམ་རོལ་དང་།མེས་པོ་ཚོར་ཤ་ཤེན་གྱི་སྙིང་ཡོད་པ་ཞིག་ཡིན་ཚེ།མཆི་མའི་ཕྲེང་བ་ལྷག་པར་འཐོར་བའི་ཡུལ་ཡིན་ པར་བློ་ལྡན་སུས་ཀྱང་བསྙོན་འདོར་མི་བྱེད་དོ།།ཞེས་བླང་དོར་གྱི་བསླབ་བྱ་ལེགས་པར་གདམས་པས།བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཡིག་སྲོལ་ཁྲིད་རྒྱུན་མི་ཉམས་པའི་ཐབས་ལ་ཤིན་ཏུ་འབད་པར་རིགས་སོ།།།།

མཆན།

གངས་ཅན་རིག་མཛོད།དེབ་5པ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ། ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་བོ་སྦྲང་རྩིའི་བཅུདP417

②⑤⑨ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དུང་དཀར་ཚིག་མཛོད་ཆེན་མོP556P1454P1852

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམམི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ།ཇ་སྡེP321

བསྟན་དར་ལྷ་རམས་པས་ཡི་གེ་བཤད་པ་མཁས་པའི་ཁ་རྒྱནམི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ།P8

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབམི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ།P574

⑦⑧ཁྱུང་བོ་གཡུ་ཁྲིས་མཛད་པའི་ཡི་གེའི་བསྟན་བཅོས་སྟོང་ཐུན་གསལ་བྱེད་སྒྲོན་མེ་དང་ སྨྱུག་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བཕྱག་བྲིས་མ།p4,p12.

སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའིབཻཌཱུརྱ་འཁྲུལ་སྣང་གཡའ་སེལགླེགས་བམ་གཉིས་པ།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པ།P17P24

དགེ་འདུན་ཆོས་འཕེལ་གྱིས་མཛད་པའིརྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མབོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་དང་པོ།P263

བྱང་ངོས་པ་རྡོ་རྗེ་དངོས་གྲུབ་ཀྱིས་མཛད་པའི་དཔྱད་རྩོམ་དཔོན་རིགས་སྐྱ་བོའི་སློབ་གྲྭ་སྟེ་རྩིས་ཁང་གི་སློབ་གསོའི་སྐོར་ཅུང་ཟད་གླེང་བ༡༩༨༨ལོའི་ཀྲུང་གོའི་བོད་རིག་པདེབ་གཉིས་པ།

རྩོམ་འདི་༢༠༠༤ལོར་མ་ཡིག་བྲིས་ཤིང་།ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་༢༠༡༡ལོའི་༢པར་བཀོད་ཡོད།ཐེངས་འདིར་བཟོ་བཅོས་ཕྲན་བུ་བགྱིས་ཏེ་འདིར་བཀོད་པ་ལ་རྩོམ་པ་པོས་འཐད་པ་མ་བྱུང་བར་བརྒྱུད་འགོད་བྱེད་མི་ཆོག

阅读529
分享
写下您的评论吧