ཡིག་གཟུགས་ཀྱིས་བྱིས་པའི་ལུས་སེམས་འཚར་ལོངས་ལ་ཤུགས་རྐྱེན་ཟབ་མོ་འཇོག་ཐུབ།
ལྕས་སྐྱེས་རྟ་མགྲིན་ཚེ་བརྟན། མང་རྫོང་།
འདས་པའི་ལོ་རྒྱུས་ཡོངས་གྲགས་ལྟར་ན། བོད་ཀྱི་ཡིག་གཟུགས་ནི་སློབ་དཔོན་ཐོན་མིས་ཐོག་མར་གསར་བཟོས་གནང་བའི་རྨང་གཞི་དེའི་སྟེང་དུ། དུས་རབས་རིམ་བྱུང་གི་ཡིག་གཟུགས་མཁས་པ་རྣམས་ཀྱིས་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས། ཡིག་གཟུགས་ཀྱི་བྲིས་རྒྱུན་སྣ་ཚོགས་གསར་གཏོད་གནང་སྟེ་འབྲི་སྦྱོང་གི་ཉམས་མྱོང་ནས་གཞུང་ལུགས་བྱུང་ཞིང་། གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱས་པའི་བརྒྱུད་རིམ་ཁྲོད་མ་ཉམས་རྒྱུན་འཛིན་བྱས་ནས་ད་བར་དུ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་རེད། དེ་ལྟ་བུའི་ཐུན་མིན་གྱི་ཡིག་གཟུགས་རིག་གནས་འདི་ཉིད་ང་ཚོའི་མེས་པོ་དམ་པ་རྣམས་ཀྱི་རྣམ་དཔྱོད་དང་བློ་གྲོས་ཀྱི་ཉིང་བཅུད་ཡིན་པ་མ་ཟད། མི་རབས་རྗེས་མའི་བུ་རབས་ཚ་རྒྱུད་རྣམས་ལ་བཞག་པའི་རིན་ཐང་བྲལ་བའི་རྒྱུ་ནོར་འབའ་ཞིག་ཀྱང་ཡིན་པས། ངེད་ཁ་བ་གངས་ཅན་པའི་ཐུན་མོང་མ་ཡིན་པའི་གཞུང་ལུགས་རང་བཞིན་དང་སྒྱུ་རྩལ་རང་བཞིན་ལྡན་པའི་སྲོལ་རྒྱུན་རིག་གནས་ཤིག་ཏུ་ཆགས་ཡོད་པ་རེད། དེའང་ཡིག་གཟུགས་སྣ་ཁ་མི་འདྲ་བའི་ཁྱད་ཆོས་སྣ་ཚོགས་གཞིར་བཟུང་ནས། བོད་ཀྱི་ཡིག་གཟུགས་ལ་སྨྱུག་རིམ་མིང་འདོགས་ཀྱི་ཐ་སྙད་དང་སྨྱུག་ཁ་བསྐོར་འཐེན་སོགས་འབྲི་སྟངས་ལའང་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་པས་ན། སློབ་ཆུང་སྐབས་ནས་བཟུང་བྱིས་པ་རྣམས་ཀྱིས་ཡི་གེ་རེ་རེའི་འབྲི་ཀློག་གི་ཆོས་ཉིད་ཡང་དག་པར་སྦྱང་ནས་ཤེས་ཐུབ་པ་དང་དེའི་འབྲེལ་ཡོད་ཀྱི་རིག་གནས་ཤེས་བྱ་སྣ་ཚོགས་ལའང་ལེགས་པར་སློབ་དགོས་པ་མ་ཟད། བྱེ་བྲག་གི་ཡིག་གཟུགས་འབྲི་ཚུལ་ལའང་གཞུང་ལུགས་དང་ལག་ལེན་གཉིས་ཟུང་འབྲེལ་དམ་པོ་ཡོད་པའི་སྒོ་ནས་སློབ་སྦྱོང་བཟང་པོ་བྱེད་དགོས། དགེ་རྒན་གྱི་མཛུབ་སྟོན་དང་སློབ་མའི་ཧུར་བརྩོན་ནི་ཡིག་གཟུགས་སློབ་ཁྲིད་ཀྱི་བྱ་བ་རྒྱུན་འཁྱོངས་བྱེད་ཐུབ་པའི་ཁག་ཐེག་རང་བཞིན་གྱི་སྔོན་འགྲོའི་ཆ་རྐྱེན་ཡིན། དགེ་རྒན་དམ་པའི་འབྲི་སྦྱོང་ཉམས་མྱོང་གི་མན་ངག་ཐམས་ཅད་བློར་ཟིན་ཐོག འབྲི་སྟངས་ཀྱི་རྩ་བའི་ཆོས་ཉིད་ལ་མ་འགལ་བ་བྱས་ནས་སྦྱངས་ཐུབ་ཚེ། ད་གཟོད་ནམ་ཞིག་སྦྱངས་ཟིན་པའི་ཤེས་བྱ་མཐའ་དག་བློ་ངོར་སྲ་བརྟན་ཡོང་བ་དང་། བྲིས་པའི་ཡི་གེ་མཛེས་ལ་གྲལ་དག་པ། ཆེ་ཆུང་དང་སྦོམ་ཕྲ་ཡ་ཡོ་མི་ཤོར་པར་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པ་ཡིན།
དང་པོ། ཡིག་གཟུགས་ལ་སློབ་སྦྱོང་བྱས་ན་རང་གི་བློ་རིག་སྒྲིམ་པའི་གོམས་གཤིས་དང་འཇོན་ནུས་ལ་ཡིད་ཆེས་བྱེད་པའི་བསམ་བློ་སྐྱེད་སྲིང་བྱེད་ཐུབ། ཁྱིམ་བདག་ཕལ་ཆེར་ཞིག་ལ་རང་གི་བྱིས་པ་མ་རབས་བྲ་ཚེགས་ཀྱི་དབང་དུ་ཤོར་ནས། རིག་གནས་བསླབ་ཚན་ལ་རིག་པ་མི་སྒྲིམ་པས་སེམས་ཁུར་དང་སྡུག་སྨྲེ་ཡང་ཡང་འདོན་མྱོང་ཡོད་པ་རེད། ཡིན་ནའང་ཡིག་གཟུགས་སྦྱོང་བརྡར་གྱི་གོ་རིམ་ནི། སློབ་མའི་བློ་རིག་གྲིམ་པོ་དང་སྒྲིམ་པ་གཏོང་བའི་ཐབས་ལམ་ཡག་པོ་ཞིག་ཡིན། དེའང་ཡིག་གཟུགས་འབྲི་སྦྱོང་བྱེད་པར་ཀླད་པ་དང་མིག་དབང་། ལག་མཛུབ་བཅས་ཐུན་མོང་མཉམ་ལས་ཀྱིས་ཡུལ་དུས་ངེས་ཅན་ཞིག་གི་ནང་དུ་ལས་སྒྲུབ་རྩོལ་བ་གཏོང་དགོས་པའི་གཏན་ཚིགས་རང་བཞིན་གྱི་ཆོས་ཉིད་ཅིག་ཡོད་པ་དེས། ངོས་གཞན་ཞིག་ནས་སློབ་མའི་བློ་རིག་རྩེ་གཅིག་གིས་སློབ་སྦྱོང་བྱེད་པའི་གོམས་གཤིས་བཟང་པོ་དེ་རྒྱུན་བསྲིང་བྱེད་པའི་ནུས་པ་ངེས་ཅན་ཞིག་ཐོན་ཡོད།
གཉིས་པ། ཡིག་གཟུགས་འབྲི་སྦྱོང་གི་ལས་རྩོལ་དེས་སློབ་མའི་བློ་གྲོས་སྔོག་འདོན་བྱེད་ཐུབ་པ་དང་སེམས་ཁམས་སྙོམས་སྒྲིག་དང་སེམས་པའི་གནད་དོན་མང་པོ་ཞིག་ཡོ་བསྲིང་བྱེད་ཐུབ། སྤྱིར་བཏང་དུ་ཡིག་གཟུགས་སྦྱོང་བརྡར་ནི་ཆེས་ངོ་མཚར་བའི་འགུལ་སྐྱོད་ཀྱི་མ་ལག་ཚོགས་པ་ཞིག་ཡིན། ཐོག་མ་ནས་ཡི་གེ་རེ་རེ་ནན་ཏན་གྱིས་འབྲི་དགོས་པ་དང་། ཀླད་པས་ལག་པ་དང་མིག་གཉིས་ལ་སྐུལ་འདེད་དང་མཛུབ་སྟོན་བྱེད་པའི་ཆ་རྐྱེན་འོག་ཏུ། ལག་ངར་དང་མཛུབ་མོའི་ཐབས་རྩལ་གྱི་ཉམས་འགྱུར་མི་འདྲ་བ་དང་། ལུས་པོའི་ཡོངས་རྫོགས་ཀྱི་ཤེད་ཤུགས་རྩལ་ནུས་ལ་བརྟེན་ནས་ལེགས་འགྲུབ་ཡོང་དགོས་པའི་ལས་ཀ་ཞིབ་ཚེགས་ལྡན་པ་ཞིག་རེད། དེའི་ཕྱིར་ཡུན་རིང་པོའི་འབྲི་སྦྱོང་གི་ལག་ལེན་ཁྲོད་ནས། བྱིས་པའི་འདང་རྒྱག་གི་ནུས་པ་དང་གཏོང་ལེན་གྱི་ནུས་པ། གསར་སྐྲུན་རང་བཞིན་གྱི་བསམ་གཞིགས་ནུས་པ་བཅས་སྔོག་འདོན་བྱས་པའི་ཚད་གཞི་ནི། ཡིག་གཟུགས་མ་སྦྱངས་པའི་སྤྱིར་བཏང་གི་བྱིས་པ་ལས་ཆེ་ཆེར་བརྒལ་ཡོད་པ་རེད།
གསུམ་པ། ཡིག་གཟུགས་འབྲི་སྦྱོང་གིས་ན་ཆུང་བྱིས་པའི་ཕྱོགས་བསྡུས་འཇོན་ནུས་རྩལ་སྤྲུགས་མཐོར་འདེགས་གཏོང་ཐུབ་པ་ཡིན། སློབ་སྦྱོང་གི་ལས་ཐོབ་དང་བྱ་བའི་བརྒྱུད་རིམ་སོགས་གཅིག་མཚུངས་ཡིན་པའི་མི་གཉིས་ཞིབ་བསྡུར་བྱས་ནས་བལྟས་ན། ཡིག་གཟུགས་སྦྱངས་མྱོང་མ་མྱོང་པའི་ཁྱད་པར་འདིས། བྱ་དངོས་ངོས་འཛིན་གྱི་བསམ་བློ་གཏོང་སྟངས་དང་ཐབས་ལམ། མྱོང་རོལ་གྱི་མཛེས་དཔྱོད་ཚོར་ཤེས་སོགས་ལ་ཧེ་བག་ཆེན་པོ་ཡོད་དེ། སྔ་མས་སྒྱུ་རྩལ་ཚོར་རྟོག་གི་ཤེས་རབ་རྣོན་པོ་སྤྱད་ནས་བྱ་དངོས་བྱེ་བྲག་གི་གནས་ལུགས་ཆོས་ཉིད་ལ་ངོས་འཛིན་ཞིབ་ཕྲ་བྱེད་ཤེས་པ་དང་། མཛེས་དཔྱོད་རིག་པའི་རིན་ཐང་ལྟ་བའི་ལམ་ནས་དབྱེ་འགྲེལ་གསལ་གསེད་དང་། བརྡར་གཅོད་གནད་ཐིངས་བྱས་ཡོད། ང་ཚོས་ནམ་རྒྱུན་ཡི་གེ་ཡག་པོ་འབྲི་ཤེས་པའི་སློབ་མའི་ལས་བྱ་ལ་གཟབ་ཉན་དང་ཞིབ་བཤེར་བྱས་པ་ལྟར་ན། ཡིག་གཟུགས་ཀྱི་མཛེས་པ་ཙམ་མ་ཡིན་པར་བསམ་བློ་རྒྱུ་སྤུས་དང་མི་གཞི་ཀུན་སྤྱོད། བསླབ་བྱའི་སྦྱངས་འབྲས་སོགས་ཡོན་ཏན་ཕྱོགས་བསྡུས་གྱི་སྣོད་ལྡན་སློབ་མ་ཤ་སྟག་ཆགས་འདུག་པ་ཡིན།
བཞི་པ། ཡིག་གཟུགས་ཀྱིས་བྱིས་པའི་ཀུན་སྤྱོད་ལེགས་བསྒྱུར་དང་རིག་གནས་སྤུས་ཚད་མཐོར་འདེགས་གཏོང་ཐུབ། ཡིག་གཟུགས་ལ་སློབ་སྦྱོང་བྱས་ན་ཡིག་གཟུགས་རིག་གནས་ལ་དགའ་བའི་གོམས་སྲོལ་ཡག་པོ་ཞིག་ཆགས་ཐུབ་པ་མ་ཟད། སློབ་མའི་མཛེས་དཔྱོད་ཀྱི་ཚོར་རྟོག་ནུས་པ་དང་ཕྱོགས་བསྡུས་རིག་གནས་ཀྱི་སྒྱུ་རྩལ་སྤུས་ཀ་མཐོར་འདེགས་གཏོང་ཐུབ། ཡི་གེ་འབྲི་སྦྱོང་ནི། སློབ་ཆུང་སློབ་མའི་ཆེས་གཞི་རྩའི་ནུས་རྩལ་ཞིག་ཡིན་པ་དང་། ཡི་གེ་འབྲི་པའམ་ཡིག་གཟུགས་སྦྱོང་བའི་གོ་རིམ་ཁྲོད་ནས།མཛེས་རྟོག་འཚོལ་ཞིབ་དང་དགེ་སྒྲུབ་སྡིག་སྤངས། བདེན་རྫུན་ཡག་བཙོག བཟང་ངན་ཤན་འབྱེད་སོགས་སྤང་བླང་འཇུག་ལྡོག་གི་གནས་ལུགས་ཕྱིན་ཅི་མ་ལོག་པར། བློ་ལ་ངེས་ཤེས་འདྲོངས་པའི་བར་སྟོང་རེ་རེ་ལས། རིག་གནས་ཀྱི་རྨང་གཞི་སྲ་བརྟན་ཡོང་བ་དང་། བསམ་བློ་ཀུན་སྤྱོད་ལེགས་བསྒྱུར་ཐུབ་པ། བྱམས་དང་སྙིང་རྗེ་ཆེ་ཞིང་རྒྱུ་འབྲས་སྲུང་བ། ཚུལ་མཐུན་དྲང་བོ་སྨྲ་བའི་མི་གཞི་ལེགས་པོ་ཞིག་སྐྱེད་སྲིང་བྱེད་ཐུབ་པ་ཡིན།
ལྔ་བ། ཡིག་གཟུགས་ཀྱིས་བྱིས་པའི་སྐྱེ་འཕེལ་དབང་བོ་དང་སེམས་ཁམས་ཀྱི་བདེ་ཐང་འཚར་ལོངས་ལ་སྐུལ་འདེད་གཏོང་བ་ཡིན། ཡིག་གཟུགས་སློབ་ཁྲིད་ཀྱི་བྱ་འགུལ་རེ་རེས་ལོ་ཆུང་བྱིས་པའི་མཚར་སྣང་གི་སྤྲོ་བ་འདྲེན་ཐུབ་པ་མ་ཟད། ཡི་གེ་རེ་རེའི་ལྷུ་ལག་གི་འབྲི་སྟངས་ཆོས་ཉིད་ལ་དཔྱོད་རྟོག་དང་མཛེས་རྩལ་འཚོལ་ཞིབ་བྱེད་པའི་གོ་རིམ་ཁྲོད་ནས་མཛེས་པར་ཞེན་པ་དང་འབྲི་ཚུལ་གྱི་གཏན་ཚིགས། སྒྱུ་རྩལ་གྱི་གཏན་ཚིགས་ཆོས་ཉིད་བཅས་ལ་ཕྱོགས་ཡོངས་ནས་ངེས་ཤེས་ཟབ་མོ་འདྲོངས་ཐུབ། དེའང་བཅད་སྨྱུག་ཡིག་སྦྱོང་གི་རོལ་རྩེད་རྣམ་འཕྲུལ་རེ་རེ་ནི་བྱིས་པའི་སེམས་ཁམས་བདེ་ཐང་གི་ནད་བརྒྱ་སྨན་མཆོག་ལྟ་བུ་ཡིན་པ་དང་། ཡི་གེ་འབྲི་བའི་རྩལ་འདོན་བརྒྱུད་རིམ་ཁྲོད་ནས་ལུས་སེམས་ཧྲིལ་བོའི་དབང་རྩ་ཐམས་ཅད་འགུལ་སྐྱོད་བྱེད་པ། བསམ་གཞིགས་བཙོ་སྦྱོང་དང་བློ་རིག་ཞུན་བརྡར་བྱེད་པའི་གཟབ་ནན་གྱི་ལས་རྩོལ་འདིས། ནར་སོན་བཞིན་པའི་བྱིས་པའི་བསམ་གཞིག་གི་འགུལ་སྐྱོད་ཡོད་ཚད་ལ་ཁ་ལོར་བསྒྱུར་ཏེ། སྐྱོན་བྲལ་སྒོས་བྱིས་པའི་སྐྱེ་འཕེལ་དབང་བོ་དང་ལྷད་མེད་ཀྱི་རང་གཤིས། སེམས་ཁམས་བདེ་ཐང་བཅས་འཚར་ལོངས་འབྱུང་བར་ནུས་པ་གལ་ཆེན་ཐོན་ཡོད་དོ།།