བོད་ཀྱི་ཐམ་གའི་རིག་གནས་དང་འབྲེལ་དེང་དུས་ཡིག་གཟུགས་བརྩམས་ཆོས་ཀྱི་སྟེང་ཐམ་ག་ཇི་ལྟར་བེད་སྤྱོད་ཚུལ་ལ་དཔྱ

གཙོས་ཤེས་རབ་རྒྱ་མཚོས།
2021-04-23


༄༅།།བོད་ཀྱི་ཐམ་གའི་རིག་གནས་དང་འབྲེལ་དེང་དུས་ཡིག་གཟུགས་བརྩམས་ཆོས་ཀྱི་སྟེང་ཐམ་ག་ཇི་ལྟར་བེད་སྤྱོད་ཚུལ་ལ་དཔྱད་པ།



གཙོས་ཤེས་རབ་རྒྱ་མཚོས།


ནང་དོན་གནད་བསྡུས།རྩོམ་ཐུང་འདིར་བོད་ཀྱི་ཐམ་གའི་རིག་གནས་བྱུང་འཕེལ་དང་དེའི་ངོ་བོ་དང་མིང་འདོགས། རྒྱུ་ཆ། རིགས་དབྱེ།རྣམ་དབྱིབས།མིང་ཐམ་དང་མཚན་བྱང་བཀོད་པའི་དགོས་ནུས་སོགས་ཐམ་གའི་ཐུན་མིན་ཁྱད་ཆོས་དང་འབྲེལ་ཏེ་དེང་དུས་ཡིག་གཟུགས་བརྩམས་ཆོས་སུ་དེ་ཇི་ལྟར་རྒྱུན་འཛིན་བྱེད་པའི་སྐོར་ས་བཅད་གཉིས་སུ་བསྡུས་ཏེ་གླེང་ཡོད།

བརྡ་ཆད་གཙོ་བོ།   ཕྱག་རྒྱ།    ཐམ་ག   མཚན་བྱང་།   བྲིས་གཟུགས།    རྒྱུན་འཛིན།

ས་བཅད་དང་པོ།ཐམ་གའི་རིག་གནས་འཕེལ་བའི་ཁྱད་རྟགས།

དང་པོ།   ཐམ་གའི་ངོ་བོ་དང་མིང་འདོགས།

           ཐམ་གའམ་དམ་ག་ནི་སྤྲིངས་ཡིག་དང་བཀའ་ཁྲ་སོགས་ཀྱི་དོན་མི་འགྱུར་བ་དང་ནན་དན་གྱི་བརྡ་མཚོན་བྱེད་ཡིན་ལ། བརྗོད་བྱ་གང་ཞིག་དེ་ལས་འདར་མེད་པ་སྟོན་པས་གསུང་རབ་རྣམས་སུའང་ཆོས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་རྒྱ་མོ། ཆོས་ཀྱི་འཇའ་ས་ཞེས་སོགས་མིང་འདི་བེད་སྤྱོད་གནང་ཡོད་དེ། དཔེར་ན་འཁོན་ཀླུའི་དབང་པོ་དང་། པཎ་ཊི་ཏ་ལྷའི་ཟླ་བས་བསྒྱུར་པའི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་མདོ་དང་། དཀར་ཆག་ལྡན་དཀར་མར་ཆོས་ཀྱི་རྒྱ་མོ་ཞེས་པ་བམ་པོ་གཉིས་ཅན་བཞུགས་པ་དེ་དང་། ཇོ་ནང་ཀུན་མཁྱེན་དོལ་བུ་བ་ཤེས་རབ་རྒྱལ་མཚན་གྱི་གསུང་འབུམ་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དཔེ་མཛོད་ཕྱི་ལ་རྟགས་ཅན་༥༡༥རུ། བདེན་པ་གཉིས་རྣམ་པར་དབྱེ་བའི་འཇའ་ས། ཞེས་སོགས་བཀོད་ཡོད་པ་ཡང་དོན་ལ་བརྗོད་བྱ་གང་ཞིག་འགྱུར་བ་མེད་པ་དང་ངེས་དོན་མཐར་ཐུག་པ་ཡིན་པར་སྟོན་བྱེད་ཀྱི་བརྡ་ཐབས་སུ་སྦྱར་བ་རེད།

    བཙན་པོའི་དུས་སྐབས་སུ་ཕྱག་རྒྱའམ་ཕྱག་ཧྱ།   ཕྱག་རྷྱ།   སུག་རྒྱ།   རྒྱ།   རྟགས། བླ་རྟགས་ཞེས་མིང་མི་འདྲ་བ་དུ་མས་བརྗོད་སྲོལ་ཡོད་པ་ནི་དཔེར་ན།   ཏུན་ཧོང་ཤོག་དྲིལ་དུ་ཕྱག་རྒྱས་བཏབས་པ། སུག་རྒྱས་བཏབས།   འ་ཞ་དབོན་གྱི་ཐམ་གར་དབོན་འ་ཞ་རྗེ་ཕྱག་རྷྱ།   ཞེས་དང་། ཡིག་ཚགས་pt1083 རུ་ཁྲོམ་ཆེན་པོ་ནས་རྟགས་བཀྱེ། ཞེས་དང་། མང་ཟིགས་ཀྱི་རྒྱ་ཞེས་པ་ལྟ་བུས་མཚོན་རང་རེའི་གནའ་རབས་སུ་མིང་དེ་འདྲས་འདོགས་ཚུལ་བྱུང་ཡོད་ལ། བསྟན་པ་ཕྱི་དར་སྐབས་ནས་ཕྱག་རྒྱ་དང་ཐམ་ཁ། མགུལ་ཐམ། དམ་ཕྲུག །ལས་ཐམ། རྟགས་ཐམ། ཐེལ་ཙེའམ་ཐེལ་ཚེ་སོགས་མིང་གི་འགྱུར་བའང་དེ་བཞིན་བྱུང་ཡོད།




དབོན་འ་ཞ་རྗེའི་ཕྱག་རྒྱ།

གཉིས་པ།   ཐམ་ག་བྱུང་འཕེལ།

སྔོན་རྒྱ་གར་དུ་འཁོར་ལོས་བསྒྱུར་བ་སོགས་ཀྱིས་ཕྱག་རྒྱ་དང་ཐམ་ག་བཀོལ་བའི་ཁུངས་གསལ་བར་མ་མཐོང་ཡང་།   སྤྱི་ལོ་གོང་གི་དུས་རབས་ཉི་ཤུ་བའི་ནང་དུ་རྡོ་དང་རྫ་ཆས།བ་སོ་སོགས་ཀྱིས་བཟོས་པའི་ཐམ་གའི་སྟེང་ཡི་གེ་ཆེས་རྙིང་བ་ཞིག་བརྐོས་སྲོལ་བྱུང་ཡོད་པ་དེ་ལ་ལོ་རྒྱུས་ཐོག་ཐམ་གའི་ཡི་གེའམ་ཕྱག་རྒྱའི་ཡི་གེ་ཞེས་འཛམ་གླིང་གི་ཡི་གེ་ཆེས་རྙིང་བ་གསུམ་གྱི་གྲས་སུ་བརྩི།   ༡༩༢༡ལོར་རྒྱ་གར་གནའ་ཞིབ་པ་བྷན་ནེ་ཇིས་ཧིན་རྡུ་གཙང་བོའི་སྨད་རྒྱུད་ཀྱི་མ་ཧཱིན་ཛོ་དྷ་ར་ཞེས་པའི་ས་ཆར་མཆོད་རྟེན་རྙིང་བ་ཞིག་གི་ཤུལ་ནས་སྟེང་དུ་ཡི་གེ་བརྐོས་པའི་ཐམ་ག་ཞིག་རྙེད་ཡོད།དེ་ནི་དབྱིབས་གྲུ་བཞི་ལི་སྨི་ཕྱེད་དང་གསུམ་གྱི་ཚད།ངོས་སུ་སྲོག་ཆགས་ཀྱི་ཁ་རིས་ཡོད་པར་བཤད།ལོ་རྒྱུས་ཉམས་ཞིབ་པ་དག་གིས་ཞིབ་འཇུག་བྱས་པ་ལྟར་ན་དེ་ནི་ཕལ་ཆེར་ཧ་ར་བྷའི་རིག་གནས་སུ་གཏོགས་པས་ད་བར་ལོ་སྟོང་ཕྲག་ལྔ་ལོན་ཡོད་པར་ཚོད་དཔག་བྱས་ཡོད།   བདག་ཅག་གི་སྟོན་པས་ཡབ་ཟས་གཙང་ལ་འཕྲིན་ཡིག་བསྐུར་གནང་མཛད་པ་ལ་མཇུག་ཏུ་ཕྱག་རྒྱས་བཏབས་པར་གསུངས་པ་ནི་ནང་བའི་ལུགས་ལ་ཕྱག་ཐམ་བཀོལ་བ་ཆེས་སྔ་ཤོས་སུ་མཐོང་ཞིང་།དེའི་ཕྱིས་ཆོས་རྒྱལ་མྱ་ངན་མེད་དང་རྒྱལ་བོ་ཀ་ནིཥྐ། ཀླུ་ཐོགས་སོགས་ཀྱི་དུས།   དེའི་རྗེས་ཀྱི་པཱ་ལ་བཅུ་བཞི་སོགས་ཀྱི་སྐབས་རྒྱ་གར་དུ་ཐམ་གའི་སྤྱོད་སྒོ་ཧ་ཅང་རྒྱ་ཁྱབ་ཏུ་ཕྱིན་འདུག



གནའ་བོའི་རྒྱ་གར་གྱི་ཐམ་གའི་ཡི་གེ


རང་རེའི་བོད་ལ་མཚོན་ན་ས་སྐྱའི་མཁས་པ་ངག་དབང་བློ་གྲོས་གྲགས་པའི་གསུང་ཀུན་མཁྱེན་རྟོན་པ་བཞི་ལྡན་གྱི་སྐྱེས་རབས་རྣམ་ཐར་ཚིགས་བཅད་མ་ལས།   རྒྱལ་པོ་ཐོ་ཐོ་རི་བྱུང་དེ་བཞུགས་གནས། །ཕོ་བྲང་ཡུམ་བུ་བླ་མཁར་ཐོག་སྟེང་དུ། །དཀོན་མཆོག་ཟ་མ་ཏོག་གི་མདོ་སྡེ་དང༌། །བྱང་ཆུབ་ཤེལ་གྱི་མཆོད་རྟེན་ཁྱད་མཚར་ཅན། །ཕྱག་རྒྱའི་དམ་ཁ་གསུམ་པོ་ནམ་མཁའ་ནས། །རང་བྱོན་ཚུལ་དུ་ལེགས་བབས།   ཞེས་ལྷ་ཐོ་ཐོ་རིའི་སྐབས་སུ་ཕྱག་རྒྱའམ་དམ་ཁ་བྱུང་བར་བརྗོད་ཡོད་ལ། དེ་ལྟར་ན་ཕལ་ཆེར་དུས་རབས་གསུམ་པའི་མཇུག་གམ་དུས་རབས་བཞི་བའི་དུས་མགོར་བོད་དུ་ཐམ་ག་བྱུང་འདུག།ད་སྔ་དངོས་སུ་མཐོང་བ་ནི་ཞང་ཞུང་གི་རྒྱལ་བོ་མཐའ་མ་ལི་མིག་རྷྱའི་ཐམ་ག་ཡིན་ཟེར་བ་བདེན་མིན་ཇི་ལྟར་རུང་ཅུང་ཟད་སྔ་ཤོས་སུ་འགྲོ་བ་འདི་དང་། ཉེ་ཆར་མཚོ་སྔོན་གཏེར་ལེན་ཁ་ནས་དུས་རབས་བརྒྱད་པར་གཏོགས་པའི་བང་སོ་རུ་“དབོན་འ་ཞ་རྗེའི་ཕྱག་རྷྱ་”ཞེས་བོད་ཡིག་གིས་བརྐོས་པའི་ཐམ་ག་གསར་རྙེད་བྱུང་བ་དེ་ནི་བཙན་པོའི་དུས་སྐབས་ཀྱི་ཁྱད་ཆོས་ལྡན་པའི་སྲོག་ཆགས་ཀྱི་ཁ་རིས་དང་ཡི་གེ་གཉིས་ཀ་ཡོད་པའི་ཐམ་ག་གྲུ་བཞི་མ་ཡིན་ལ། རྟགས་ཐམ་འདི་འདྲ་བཙན་པོའི་དུས་སྐབས་སུ་རྒྱུགས་ཆེ་བའི་གྲས་ཡིན་ཏེ། རྒྱ་ཤ་ཅུ་བའི་བུ་མོ་མི་འཕྲོག་པའི་བཀའ་ཡིག་ཏུ། "ཁྲོམ་ཆེན་པོ་ནས་རྟགས་བཀྱེ"ཞེས་པའི་རྟགས་ཐམ་དེ་ཡང་གྲུ་ཐམ་དང་ངོས་སུ་སེངྒེ་འགྲེང་བ་གཤོག་ཐོགས་ཅན་གྱི་བརྐོས་རིས་ཡོད་པ་དང་། བཙན་པོའི་དུས་སྐབས་ཀྱི་རྡོ་རིང་དང་ཅོང་། ཁྲམ་བྱང་ངོས་སུ་གཞན་པདྨ་དང་གཡུང་དྲུང་རིས། རུས་སྦལ་གྱི་གདན་སོགས་ཀྱི་རྟགས་ཐམ་ཡོད་པ་ནི་རྡོ་རིང་དང་ཅོང་གི་བརྗོད་བྱའི་ནང་དོན་དེ་ཉིད་འགྱུར་མེད་རྟག་བརྟན་གྱི་མཚོན་བྱེད་ཡིན་པས་དེ་ནི་ཕྱག་རྒྱའམ་ཕྱག་ཐམ་འཕེལ་བའི་རྣམ་པ་གཞན་ཞིག་ཡིན།   མ་ཟད་ཉེ་དུས་གསར་རྙེད་བྱུང་བའི་ཇག་རོང་དགའ་ལྡན་གཙུག་ལག་ཁང་གི་ཅོང་རྙིང་གི་སྟེང་དུ་སྤྲིན་རིས་དང་གཤམ་དུ་རྣ་བ་ཅུང་ཟད་རིང་བའི་སྲོག་ཆགས་ཀྱི་མགོ་རིས་གཉིས་བརྐོས་པ་དེ་ཡང་ནང་དོན་དེར་གཏོགས་ཀྱི་བརྡ་དོན་མཚོན་བྱེད་ཀྱི་རྟགས་ཐམ་ཞིག་ཡིན་པ་ནི་སྨོས་མེད་རེད།   བསྟན་པ་ཕྱི་དར་རྗེས་ནས་བྲི་གཞི་ཤོག་བུ་དང་ཤིང་ཤུན། ཀོ་བ་དང་རས་སོགས་ཇི་ལྟར་ཡིན་ཡང་དེའི་སྟེང་ངོས་སུ་ད་དུང་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཀྱི་རྟགས་ཐམ་སྣ་ཚོགས་རིམ་གྱིས་འབྲི་སྲོལ་བྱུང་ཡོད་དེ། ཐམ་གའི་ཁ་རིས་སུ་པད་རིས་སྒོར་དབྱིབས་ཅན་དང་ནོར་བུ། བཀྲ་ཤིས་རྟགས་བརྒྱད། དུང་། མཆོད་རྟེན། རྡོ་རྗེས་མཚན་པའི་རྒྱལ་མཚན་སོགས་སྣ་ཚོགས་བྱུང་བ་དེས་བཀྲ་ཤིས་པའི་དོན་དང་སྐུ་གསུང་ཐུགས་གསུམ་མཚོན་བྱེད་དུ་བྲིས་པས། དེས་རིག་གཞུང་གཞན་དག་དང་འདྲ་བར་ནང་ཆོས་ཀྱི་བསམ་བློའི་ཤེས་རིག་འཕེལ་བའི་ལོ་རྒྱུས་དང་བསྟུན་ཏེ་ཐམ་གའི་རིག་གནས་ཀྱང་དེ་ལྟར་འགྱུར་བ་བྱུང་ཡོད།





རྒྱ་ཤ་ཅུ་པའི་བུ་མོ་མི་འཕྲོག་པའི་བཀའ་ཁྲིམས་ཀྱི་རྟགས་ཐམ།


གསུམ་པ། ཐམ་གའི་རྒྱུ་ཆ་དང་མདོག །རིགས་དབྱེ། ཐམ་ཡུ། ཐམ་གཡོག


༡ རྒྱུའི་ཆ་ནས་གསེར་ཐམ།   དངུལ་ཐམ། ཟངས་ཐམ། བ་སོའི་ཐམ་ག ། གཡང་ཊིའི་ཐམ་ག །རྭ་ཐམ།ལྕགས་ཐམ། ཤིང་ཐམ།དེང་སང་གི་འགྱིག་ཐམ་སོགས་ལས་གསེར་ཐམ་ནི་རྒྱལ་བོར་དབང་བའི་ཐམ་ག་དང་།དངུལ་ཐམ་ནི་བློན་པོ་དང་བཙུན་མོ་སོགས་ལ་དབང་བའི་ཐམ་ག་སྟེ།གཞན་རྣམས་ཀྱང་རིགས་བསྒྲེས་ཤེས་པར་བྱ། །

༢ མཚལ་སྣག་གི་ཆ་ནས་མཚལ་ཐམ་དང་།   ནག་ཐམ་གཉིས། འདི་ལ་ཡང་དང་པོ་ནས་མཚལ་ཐམ་ཡིན་པ་དང་།དང་པོ་ནག་ཐམ་ལ་ཕྱིས་མཚལ་ཐམ་དུ་བསྒྱུར་པ་དཔེར་ན་སྡེ་སྲིད་སངས་རྒྱམ་པའི་ནག་ཐམ་ཉང་བྲན་ཆབ་སར་བོར་བ་ཕྱིས་ཕོ་ལྷ་བའི་སྲས་འགྱུར་མེད་རྣམ་རྒྱལ་གྱིས་རྙེད་ནས་མཚལ་ཐམ་དུ་བསྒྱུར་བ་ལྟ་བུའོ།།སྔར་བླ་དཔོན་གྱིས་མཚལ་ཐམ་དང་། མི་སྐྱ་རྣམས་ཀྱིས་ནག་ཐམ་གདབ་དགོས་པར་བཤད་མོད་དེ་ནི་མ་ངེས་ཏེ།སྡེ་སྲིད་སངས་རྒྱམ་དང་ཕོ་ལྷ་བ་གཉིས་ཀས་མཚལ་སྣག་གཉིས་ཀའི་ཐམ་ག་བེད་སྤྱོད་གནང་ཡོད་པ་དང་།རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོས་དམར་ཐམ་གླིང་གསུམ་མ་དང་།ནག་ཐམ་དམ་ཕྲུག་བདེ་སྐྱིད་མ་གཉིས་ཀ་བེད་སྤྱོད་གནང་ཡོད་པ་ལྟ་བུའོ།།ལས་ཐོབ་ཀྱི་ཆ་ནས་ལས་ཐམ་དང་སེལ་དམ་གཉིས་སོ། །

༣ དབྱིབས་ཀྱི་ཆ་ནས་གཙོ་ཆེ་བར་སྒོར་ཐམ་དང་གྲུ་ཐམ།ནར་མའི་དབྱིབས།སྔར་རྒྱ་ནག་ལུགས་ལ་བླ་དཔོན་དག་གིས་རྟགས་ཐེལ་དང་ཐམ་ག་གཉིས་ཀ་གྲུ་བཞི་དང་།བཙུན་མོ་སོགས་ཀྱིས་རྟགས་ཐམ་སྒོར་མོར་བྱེད་པ་རྒྱུགས་ཆེ་མོད། བོད་ལ་སྤྱིར་མ་ངེས་ཀྱང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ལས་ཐམ་སོགས་ལས་རྒྱ་ནག་གི་ཐམ་གའི་ཤུགས་རྐྱེན་ནི་ཅུང་ཟད་ཡོད་པར་མངོན་ནོ།།སྤྱི་ལྡོག་ནས་སྒོར་ཐམ་ནི་མཚན་རྟགས་དང་། གྲུ་ཐམ་ནི་ལས་ཐོབ་ཀྱི་ཐམ་གའོ། །   

༤ ཡི་གེའི་གཞུང་ཐིག་གི་ཆ་ནས། བཙན་པོའི་དུས་སྐབས་ཀྱི་ཐམ་ག་ནི་དབུ་ཅན་གླིང་གཅིག་མ།ངོས་ཆེ་བར་སྲོག་ཆགས་ཀྱི་ཁ་རིས་ཡོད་པ།   དེ་མིན་ཁོ་བོས་ད་སྔ་དངོས་སུ་མཐོང་བའི་བསྟན་པ་ཕྱི་དར་སྐབས་ཀྱི་ཐམ་ག་དག་ནི་གླིང་གཅིག་མ་ནས་གླིང་བརྒྱད་མའི་བར་དུ་ཅི་རིགས་མཆིས་ཤིང་།   དེ་ལ་ཡང་རྒྱ་བོད་ཧོར་མན་ཇུ་ཤན་སྦྱར་མ་དང་། ཧོར་ཡིག་རྐྱང་བ།བོད་ཡིག་རྐྱང་མའི་གླིང་མི་འདྲ་བ་ཡོད་ཅིང་།   དེ་དག་ལས་གླིང་གཅིག་མ་ནི་རྒྱལ་ཚབ་སྟག་བྲག་གི་ལྟག་ཐམ་ལྟ་བུ།གླིང་གཉིས་མ་ནི་གོང་ས་ལྔ་བའི་སེལ་དམ་དང་ཕྱིང་དཀར་བའི་ལྷ་ཐམ།སྡེ་སྲིད་སངས་རྒྱམ་པའི་རྒྱལ་ཕྲན་ཁག་ལ་བཏང་བའི་དམར་ཐམ་ལྟ་བུ།གླིང་གསུམ་མ་ནི་རྒྱལ་དབང་བསོད་ནམས་རྒྱ་མཚོར་སོག་རྒྱལ་ཨལ་ཐན་གྱིས་ཕུལ་བའི་ལུང་ཐམ་ལྟ་བུ།གླིང་བཞི་མ་ནི་ད་ལའི་པཱ་ཐུར་ཏའི་ཆིང་གི་ཐམ་ག་ལྟ་བུ།གླིང་ལྔ་མ་ནི་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོའི་རྒྱལ་ཐམ་ལྟ་བུ།གླིང་དྲུག་མ་ནི་ལྷ་བཟང་ཁང་གི་ལུང་ཐམ་ལྟ་བུ།གླིང་བདུན་མ་ནི་རྒྱལ་ཚབ་རྟ་ཚག་བསྟན་པའི་མགོན་པོའི་ལུང་ཐམ་ལྟ་བུ།གླིང་བརྒྱད་མ་ནི་རྒྱལ་མཆོག་བཅུ་གསུམ་པའི་བཀའ་ཐམ་ལྟ་བུ་སྟེ་ཞིབ་པར་ཐམ་དེབ་སོགས་ལས་ཤེས་པར་བྱའོ།། ཐམ་ཡིག་སུམ་ཕབ་ཅན་ལའང་ནང་གསེས་ལུགས་གསུམ་སྟེ། <>ཧོར་ཡིག་གཡས་དང་།རྒྱ་ཡིག་དཀྱིལ།བོད་ཡིག་གཡོན་དུ་ཡོད་པ་ནི་ཀུན་མཁྱེན་ལྔ་བར་རྒྱལ་དམངས་སྲིད་གཞུང་གི་སྲིད་ལོ་གསུམ་པར་ཕུལ་བའི་ཐམ་ག་ལྟ་བུ།<>བོད་ཡིག་གཡས་དང་།རྒྱ་ཡིག་དཀྱིལ།ཧོར་ཡིག་གཡོན་དུ་ཡོད་པ་ནི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་ལུང་ཐམ་ལྟ་བུ། <> བོད་ཡིག་གཡས་དང་།ཧོར་ཡིག་དཀྱིལ།རྒྱ་ཡིག་གཡོན་དུ་ཡོད་པ་ནི་སྡེ་སྲིད་སངས་རྒྱམ་པའི་དངུལ་ཐམ་ཆེན་མོ་ལྟ་བུའོ། །རྐྱང་མ་ལ་ཧོར་ཡིག་ཁོ་ན་དང་། བོད་ཡིག་ཁོ་ན། ལེགས་སྦྱར་ཁོ་ན། རྒྱ་ཡིག་ཁོ་ན།འདི་གོང་ས་ལྔ་བར་གོང་མས་སྩལ་པའི་གསེར་ཐམ་ལ་གཞིར་བཅོལ་ཏེ་རྒྱ་ཡིག་ཁོ་ནའི་འབྲུ་དོན་ལས་མཚན་དུ་ཆགས་པའི་རྒྱ་ཐམ་རྩི་རྩི་ཕོའུ་དང་།སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོའི་རྒྱ་ཐམ་སྟེ།དེ་ལྟ་བུའི་རྒྱ་ཐམ་རེ་འགའ་མཆིས་སོ། ། ཧོར་ཡིག་ལའང་གསང་ཐམ་མ་སྟེ་ཡི་གེ་ཐམས་ཅད་སྦྲེལ་ཏེ་ཤིན་ཏུ་བཀླག་དཀའ་བ་ཅན་ཡོད་དོ།།བོད་ཡིག་ཡིག་གཟུགས་ལ་དབུ་ཅན་དང་འབྲུ་ཚ། ལྡན་ཡིག་བཅས་ཅི་རིགས་དང་།གཞན་ཧོར་ཡིག་གསར་མ་དང་མན་ཇུའི་ཡི་གེ ། ལན་ཝར།   རྒྱ་ཡིག་ཅན་ཁ་ཤས་མཐོང་བ་ནི་ཕལ་ཆེ་བ་གཟབ་བྲིས་ཞོ་ཀྲའན་(小篆)ཡིན།

   ༥ ཡང་སྲིད་དོན་ཆེ་ཁག་དང་གལ་ཆེའི་གཞུང་གི་བྱེད་སྒོའི་ཡིག་ཆའི་སྟེང་མ་གཏོགས་དུས་རྒྱུན་དུ་བེད་སྤྱོད་མི་གནང་བར་མཛོད་སྦུག་ཏུ་ཉར་དགོས་པའི་ཆ་ནས་སྦུག་དམ་དང་།དེ་མ་ཡིན་པའི་མཛད་དོན་ཆུང་ཕྲའི་རིགས་ཅི་ཡོད་ལ་གདབ་རྒྱུའི་དམ་ཕྲུག་སྟེ་ཐམ་ག་ཆུང་ངུའི་རིགས་གཉིས་ཡོད་པ་ནི།དཔེར་ན་གོང་སའི་སྦུག་དམ་དང་དམ་ཕྲུག་ལྟ་བུའོ། །

   ཐམ་ཡུ་དང་ཆེ་རྟགས། ལས་ཐོབ་ཀྱི་ཐམ་ཡུ་ལ་སྟག་མགོ་ནོར་བུ་གསུམ་པ།སེངྒེ་ཁ་སྤྲོད།   གཡུ་འབྲུག་འཁྱིལ་བ་སོགས་དབང་ཐང་དང་ཆེ་བ་འདོན་པའི་རྟགས་མཚན་དང་།   གཞན་དེ་སྔའི་གཞུང་སའི་བླ་དཔོན་དག་གིས་ཁྲིར་བཞུགས་ཡུན་ལ་རྒྱལ་བོ་དང་ས་སྐྱོང་།བོད་ས་གནས་སྲིད་གཞུང་གི་སྡེ་བའི་ཁྲི་ཐོགས་མཚོན་ཕྱིར"ཉི་ཟླ་"དང་།   ཡི་གེ་ལ་"ཛ་"རྟགས་ཅན་དང་།"ས་"རྟགས་ཅན། "ཀརྨ།""ཨ་"རྟགས་ཅན་སོགས་ལན་ཝར་བོད་ཡིག་ཅི་རིགས་ཀྱིས་བརྐོས་ཤིང་།བསྟན་སྲུང་ཕྱིང་དཀར་བ་ལ་དམིགས་བསལ་"ལྷ་ཐམ་"ཞེས་པ་བླ་དཔོན་གཞན་གྱི་ལས་ཐམ་དང་མཉམ་དུ་རྒྱག་སྲོལ་ཡོད་པ་འདི་ནི་བཀའ་རྟགས་ཀྱི་ཁོངས་སུ་འདུ་བར་སྙམ།

ཐམ་གའི་ཐམ་གཡོག སྤྱིར་ཐམ་ཀའི་ཐམ་གཡོག་ལ་དབང་ཐང་མཚོན་ཕྱིར་མཐའི་ནམ་མཁའ་གྲུ་བཞི་ཆེ་ལེབ་ཏུ་བརྐོས་པ་རྒྱལ་དབང་ལྔ་བ་དང་ཕོ་ལྷ་བའི་ལས་ཐམ་ལྟ་བུ་དང་།ནང་རིས་ཕྲ་ཐིག་གཅིག་ཅན་ནི་ཁང་ཆེན་པ་དའི་ཆང་པཱ་ཐུར་བསོད་ནམས་རྒྱལ་པོའི་ཐམ་ག་ལྟ་བུ།ཕྲ་རིས་གཉིས་ཅན་ནི་རྒྱལ་དབང་ཚངས་དབྱངས་པའི་ལས་ཐམ་ལྟ་བུ།གྲུ་བཞི་མཐའ་རྒྱ་ལྕགས་ཅན་འགའ་རེ་བྱུང་བ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་ཐམ་གར་གྲགས་པ་དེ་དང་།གཞན་ལྟག་ཐམ་གྱི་རིགས་ལས་གོང་ས་ལྔ་བའི་ལྟག་མིག་ཅན་དང་། ལྟག་མིག་བཟོ་སྲོལ་འདི་བཙན་པོའི་དུས་སྐབས་ནས་བྱུང་ཡོད།སྐུ་ཆས་དང་སྒོ་རྒྱ་སོགས་ལ་གནང་རྒྱུའི་གླིང་གསུམ་མ་དང་།འདིའི་གླིང་གསུམ་ནི་ཡི་གེའི་གཞུང་ཐིག་གིས་བཤད་པ་མིན་པར་དབྱིབས་ཀྱི་ཆ་ནས་བཏགས་པ་ཡིན།དངུལ་བྲེ་མའམ་རྔོ་བྲེ་མར་གྲགས་པ། འདིའི་དབྱིབས་ནི་རྡོ་རྗེ་ལྟ་བུའམ་རྒྱའི་ཡི་གེ་ལྟ་བུ་ཤིན་ཏུ་ཁྱད་མཚར་བོ་ཞིག་འདུག།དེ་ལྟར་ལས་ཐམ་ལ་ཐམ་གཡོག་གྲུ་བཞི་གཙོ་ཞིང་། རྟགས་ཐེལ་མང་ཆེ་བ་སྒོར་མོ་ཡིན་པར་བིས་པ་མི་ཕམ་ཟླ་བས་གསུངས།


བཞི་པ། བྲིས་དཔེའི་སྟེང་ཐམ་ག་དང་མཚན་ཡིག་འགོད་སྟངས།

    ཐམ་ག་འགོད་སྟངས།

བཙན་པོའི་དུས་སྐབས་སུ་ཕོ་བྲང་ངོས་ནས་བཀའ་ཁྲ་བཏང་བར་དེ་འབྲེལ་གྱི་རྒྱལ་བོ་དང་བློན་པོ་སོ་སོའི་གོ་གནས་དང་བསྟུན་པའི་ཐམ་ག་གདབ་སྲོལ་ཡོད་ངེས་མོད། དེང་དུས་རྒྱུ་ཆས་ཕོངས་པས་རེ་རེ་ནས་དཔྱད་པའི་རྔོ་མ་ཐོགས། ཡིན་ནའང་ཁྲོམ་ཆེན་པོ་ནས་བཏང་བའི་བཀའ་ཡིག་ཏུ་བྲི་གཞིའི་ཤོག་བུ་འཕྲེད་བཅད་ཀྱི་ངོས་སུ་དབུ་ཅན་ཡི་གེ་ཐིག་ཕྲེང་དགུ་བསྟར་ཆགས་སུ་བྲིས་པའི་གཡོན་ཟུར་འོག་ཏུ་རྟགས་ཐམ་གདབ་ཡོད་ལ། དེ་བཞིན་དུ་ཏུན་ཧོང་གི་འདུལ་གཞུང་དང་ཤེར་ཕྱིན་བྲིས་མའི་གསུང་རབ་རྣམས་ཀྱི་མཇུག་བྱང་དང་ལེའུའི་རྫོགས་མཚམས་ཀྱི་བར་སྟོང་དུ་རྟགས་ཐམ་སྣ་ཚོགས་གདབ་ཡོད། བསྟན་པ་ཕྱི་དར་རྗེས་ཀྱི་དཔེ་རྙིང་བྲིས་མ་རྣམས་སུ་དབུ་ཤོག་དང་བར་གྱི་ལེའུ་མཚམས། མཇུག་བྱང་བཅས་རིམ་པ་གསུམ་དུ་རྟགས་ཐམ་གང་འོས་ཡི་གེ་མ་གནོད་པར་གདབ་ཡོད། དེ་སྔ་བོད་ས་གནས་སྲིད་གཞུང་གི་སྐབས་ཤེ་བམ་དང་བཀའ་ཤོག །རྩ་ཚིག །གཞུང་དཔེ་སོགས་ཀྱི་སྟེང་ཐམ་ག་གདབ་པ་མང་པས་གཞུང་དཔེ་ལྟ་བུ་ལ་དབུ་ཤོག་དང་མཇུག་ཞབས་སུ་དུང་ཐེལ་དང་ཆོས་འཁོར་སོགས་བཀྲ་ཤིས་པའི་རྟགས་ཐམ་ཅི་རིགས་གདབ་པ་དང་། གཞུང་འབྲེལ་བཀའ་ཤོག་ལྟ་བུར་ལས་ཐམ་གདབ་ཚུལ་ལ་ཞིབ་ཚགས་པོའི་ཁྱད་པར་ལྡན་ཏེ། དཔེར་ན་རྒྱལ་དབང་དྲུག་པ་ཆེན་པོས་མདོ་སྨད་གཙོས་ས་ཆའི་དཔོན་སྙིང་མཐར་རྒྱལ་ལ་གནང་བའི་བཀའ་ཤོག་རིན་པོ་ཆེ་ཁོ་བོས་དངོས་སུ་མཐོང་བ་དེ་གཞིར་བྱས་ཏེ་ཞུས་ན། དེ་ལ་མགོ་ཐམ་དང་བར་ཐམ། མཇུག་ཐམ་གསུམ་ལས། དང་པོ་ནི་"གོང་མ་་་་་་་་་་གནམ་འོག་བསྟན་པ་གཅིག་གྱུར་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བ་དྲུག་པའི་གཏམ།" ཞེས་པའི་"གཏམ་"ཡིག་གི་སྟེང་དུ་གདབ་ཡོད་ལ། གཉིས་པ་ནི་"ནག་ཟླའི་གྲལ་ཚེས་དགེ་བར་ཕོ་བྲང་ཆེན་པོ་པོ་ཏ་ལའི་རྩེ་ནས་བྲིས། " ཞེས་པའི་མཐའི་ཡིག་འབྲུ་གསུམ་གྱི་ཐོག་ལས་ཐམ་གྲུ་བཞིར་"ནུབ་ཕྱོགས་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ག"ཞེས་ཡིག་འབྲུ་རྣམས་བོད་ཧོར་རྒྱ་ཡིག་སུམ་ཕབ་ཅན།   ལྔ་བ་ཆེན་པོར་གོང་མས་ཐོག་མར་སྩལ་པའི་གསེར་ཐམ་གྲགས་ཅན་དེ་གདབ་ཡོད།   གསུམ་པ་ནི་མཇུག་བྱང་དུ་མགོན་པོ་ཕྱག་དྲུག་པ་དང་དམ་ཅན་ཆོས་རྒྱལ་གྱི་ཙ་ག་གཉིས་བཞེངས་ཏེ་དཔོན་པོ་གང་དེའི་བུ་རབས་ཚ་བརྒྱུད་དང་བཅས་པ་གཉེར་གཏད་ཀྱི་ཤོ་ལོ་ཀ་གཅིག་ཡོད་པའི་མཇུག་གི་"ཕྱག་དྲུག་ལྷ་" ཞེས་པའི་ཡིག་འབྲུ་གསུམ་གྱི་སྟེང་གདབ་ཡོད་པས་དེ་ཡང་ཡིག་འབྲུ་ནོན་པའི་ཚུལ་དུ་གདབ་ཡོད།






གོང་ས་ཏཱ་ལའི་༧དྲུག་པ་ཆེན་པོའི་བཀའ་ཤོག་ལས་ཐམ།


   མཚན་ཡིག་འགོད་སྟངས།

བཙན་པོའི་དུས་སྐབས་སུ་ཡིག་མཁན་གྱི་ཐོབ་ཐང་དང་ཆེ་བ་གང་འདྲ་ཡོད་མེད་ནི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དང་ཡི་གེའི་སྟོང་ཐུན་སྒྲོན་མེ་བཅས་སུ་གསལ་བ་ལྟར་བསུ་བ་ཞུ་རྟེན། གདན་གཡས་གྲལ། གཏང་རག་གི་འབུལ་བ།འཚོ་རྟེན་གྱི་ཞིང།   སྐྱོ་རོགས་ཀྱི་རྩེད་འཇོ་དང་རོལ་མོ་སོགས་ཆ་རྐྱེན་ཧ་ཅང་མཐོན་པོ་གནང་སྲོལ་ཡོད་ཅིང་། རྒྱལ་བོའི་བཀས་གསུང་རབ་འབྲི་བར་བསྐུལ་བ་ལས་གསུང་རབ་མང་དུ་བཞེངས་པའི་སྲོལ་བཟང་ཆགས་པ་དང་མཉམ་དུ་དཔེ་ཆའི་མཇུག་བྱང་དུ་འབྲི་བ་བོའི་མཚན་ཡིག་འགོད་སྲོལ་ཡང་བྱུང་ཡོད།

      ཡི་གེ་འབྲི་བ་བོའི་མཚན་ཡིག་འགོད་སྟངས་ནི་བཙན་པོའི་དུས་སྐབས་ཀྱི་འགྱུར་བྱང་བཀོད་པ་དང་འབྲེལ་ནས་བྱུང་ཡོད་པར་སེམས་ཏེ། སྲོང་བཙན་སྐབས་བོད་དུ་རྒྱལ་བའི་གསུང་རབ་བསྒྱུར་སྤེལ་བྱས་པ་ན་གཙོ་ཆེར་ལེའུ་དང་རབ་བྱེད་ཀྱིས་མཇུག་བསྡུས་ཏེ་ཐ་ན་སྒྱུར་བ་བོའི་མཚན་ཙམ་ཡང་མི་འགོད་ལ། དེའི་ཕྱིས་ཁྲི་སྲོང་གི་སྐུ་ཚེའི་སྟོད་ལ་བསྟན་བཅོས་བསྒྱུར་བ་ལ་འགྱུར་བྱང་མ་བཏབ་པ་དང་། སྐུ་ཚེའི་སྨད་ནས་འགྱུར་བྱང་བཏབ་ཡོད་པར་བཅོམ་ལྡན་རིག་པའི་རལ་གྲིས་དཀར་ཆག་བསྟན་རྒྱས་ཉི་འོད་དུ་གསུངས། ལོ་ཙཱ་བའི་འགྱུར་བྱང་མཛད་པ་དང་བསྟུན་ནས་གསུང་རབ་འབྲི་བཞེངས་བྱེད་སྐབས་རིམ་གྱིས་ཡིག་མཁན་གྱི་མཚན་འགོད་སྲོལ་བྱུང་ཡོད་དེ།   བསམ་ཡས་དང་དེ་མིན་སྤྱི་ལོ་༧༨༧ལོར་ཏུན་ཧོང་བོད་ཀྱིས་བཟུང་བ་ནས་བཟུང་ས་ཆ་དེ་གཉིས་སུ་གསུང་རབ་འབྲི་བཞེངས་བྱེད་པའི་ཚ་རླབས་ལྟ་བུ་འཕྱུར་ཡོད། ཏུན་ཧོང་གི་གསུང་རབ་འབྲི་བའི་སྒྲིག་གཞི་ཚད་ལྡན་བྱུང་བའི་ལོ་རྒྱུས་རྒྱབ་ལྗོངས་ལ་བོད་མི་རིགས་རང་གི་ངོ་ཐོག་གི་རིག་གནས་འཕེལ་རིམ་དང་། ཉེ་འཁོར་མི་རིགས་ཀྱི་རིག་གནས་འབྲེལ་བའི་འཕེལ་རིམ་གང་ཡིན་སྐོར་ལ་དཔྱད་བྱ་མང་ཡང་འདིར་སྐབས་དོན་མིན་པས་རེ་ཞིག་བཞག

        སྐབས་དེར་ཡིག་མཁན་གྱི་མཚན་འགོད་པ་ན་ཞུ་དག་པ་རིམ་པ་གསུམ་ནས་ལྔ་བར་ཡོད་པ་ཀུན་གྱི་སྔོན་དུ་ཡིག་མཁན་གྱི་མཚན་བཀོད་ཡོད་དེ། དཔེར་ན་ཁྲི་སྲོང་ལྡེ་བཙན་གྱི་བླ་འབུམ་ཤེར་ཕྱིན་མའི་ལེའུ་རྫོགས་མཚམས་སུ། "ཇེའུ་སྟག་ལེགས་བྲིས། དཔལ་དབྱངས་ཞུས། ཕབ་ཏང་ཡང་ཞུས། དེའུ་ཨིང་སུཾ་ཞུས།།" ཞེས་དང་། "སོང་སྟག་སྐྱེས་ཀྱིས་བྲིས། དཔལ་དབྱངས་ཞུས། དཔལ་འཛིན་གྱིས་ཞུས། རྡོ་རྗེ་སུཾ་ཞུས། །" ཞེས་པ་ལྟ་བུས་མཚོན།   དུས་རབས་བཅུ་གཅིག་བཅུ་གཉིས་སྐབས་ནས་རིམ་གྱིས་ཡིག་མཁན་གྱིས་ཤོག་ཤོག་གམ་ཤོག་བུ།( བོད་ཀྱིས་འདི་ལ་ཤོག་གུ། ཤོག་བུ། ཤོག་ཤོག་ཅེས་འབོད་པ་ནི་དུས་རབས་བརྒྱད་པའི་ནང་རས་དང་ཀོ་བ། ཤིང་ཤུན་མ་ཡིན་པའི་བྲི་གཞི་འདི་འདྲ་བཟོས་ཐུབ་པ་ན་དངོས་པོ་དེ་ཕར་འཇོག་ཚུར་ལེན་གྱི་སྒྲའི་ཆ་ནས་མིང་འདི་བཏགས་པ་ཡིན། ) སྣག་ཚ། བྲིས་རྒྱུན་གང་ཡིན། ཡིག་མཁན་རང་ཉིད་བཅས་ཀྱི་མིང་ལ་ཆེ་བསྟོད་དམ་བྲོད་པ་བསྐྱེད་པའི་ཚིག་དང་བཅས་ཚིགས་སུ་བཅད་པའི་རྣམ་པས་ཅུང་ཟད་རྒྱས་པར་འབྲི་སྲོལ་བྱུང་ཡོད།   ཕྱིས་དུས་རབས་བཅོ་ལྔ་ཙམ་ནས་པར་ཤིང་བརྐོ་བའི་ལག་ལེན་རྒྱ་ཁྱབ་ཏུ་གྱུར་པ་ལས། དམིགས་བསལ་ཆོས་སྡེ་གསར་འཛུགས་དང་། བླ་མ་ཆེན་པོའི་དགོངས་རྫོགས་སོགས་སུ་གཞུང་གི་བཀོད་སྒྲིག་འོག་གསུང་རབ་གསེར་དངུལ་སོགས་ཀྱིས་འབྲི་བཞེངས་བྱས་པ་ཕུད། གསུང་རབ་འབྲི་བའི་ལག་ལེན་ཉུང་དུ་ཕྱིན་ཏེ་པར་ཤིང་སྨོན་ཚིག་རེའམ་པར་རྩའི་ཡི་གེ་པ་ལས་བྲིས་རྒྱུན་སྣ་མང་ཅན་གྱི་ཡི་གེ་ལག་བྲིས་བྱས་པ་ནི་དུས་རབས་༡༡–༡༣བར་ལྟ་བུ་བྱུང་མ་ཐུབ་པར་གྱུར།   གཞུང་ཡིག་དང་བཀའ་ཁྲ་སྣ་ཚོགས་སུ་ཡིག་མཁན་གྱི་མཚན་ཡིག་མི་འགོད་པར་བཀའ་གཏོང་བ་བོའི་མིང་ངམ་ཚོགས་པ་སྡེ་སྤྱིའི་མིང་གིས་ཟིལ་གནོན་བྱས་པ་ལྟ་བུའི་གནས་ཚུལ་བྱུང་ཡོད།

ལྔ་པ།མིང་ཐམ་དང་མཚན་བྱང་བཀོད་པའི་དགོས་ནུས།

          མཛེས་ཁྱད་ཀྱི་ཕན་ནུས།

         ཐམ་ག་ནི་བཀའ་ཁྲ་དང་གཞུང་ཡིག །གསུང་རབ་གང་གི་བརྗོད་དོན་དེ་ཉིད་ནན་ཏན་ཡིན་པ་མཚོན་པ་དང་། མ་ཟད་གཞུང་ཡིག་དེ་ཉིད་ཞིབ་ཚགས་པོ་དང་མགོ་མཇུག་སྤུས་དག་པའི་ཡན་ལག་ཏུ་ཐམ་ག་བརྒྱབ་པ་དེས་སྔར་ལས་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པར་བྱེད་པ་དང་། ཡུལ་མཆོག་དམན་གང་གིས་བལྟས་ཀྱང་མིག་ལ་མཛེས་པའི་ཁྱད་ཆོས་ལྡན།

          ནང་དོན་གལ་ཆེན་མཚོན་བྱེད།

       སྤྱིར་ཐམ་ག་གང་ཞིག་གདབ་དགོས་མིན་དེ་ནང་དོན་ལ་རག་ལས་པས། ནང་དོན་སྤྱིར་བཏང་བ་ལ་ཐམ་ག་ཡང་རྟགས་དང་རི་མོ་ཙམ་གྱིས་ཆོག་པར་བྱས་པ་དང་། དེ་ལས་གལ་ཆེ་བ་དང་གཟབ་ནན་དག་ལ་ལས་ཐམ་མམ་ཡི་གེ་འབྲི་བ་བོའི་དམིགས་བསལ་མིང་ཡིག་དང་བཅས་པའི་ཐམ་ག་གདབ་པས་ནང་དོན་དེ་ཉིད་ཀྱང་གལ་ཆེན་ཡིན་པ་མཚོན་ཐུབ།

        ཞིབ་འཇུག་གི་རིན་ཐང་།

      དུས་རབས་མི་འདྲ་བའི་གཞུང་ཡིག་དང་དཔེ་རྙིང་དག་ལ་ཞིབ་འཇུག་བྱེད་སྐབས་ཕྱོགས་སྣ་ཚོགས་ནས་ཉམས་ཞིབ་བྱེད་དགོས་ལ། དེ་ལས་ཞིབ་འཇུག་གི་སྒོ་མོ་གལ་ཆེ་བ་ཞིག་ནི་ཐམ་ག་ཡིན། གོང་དུ་ཞུས་ཟིན་ལྟར་བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང་ཡིན་མིན་ངོས་འཛིན་པ་ལ། ཐམ་གས་ཀྱང་ངོས་འཛིན་བྱེད་ནུས་ཏེ། བཙན་པོའི་དུས་སྐབས་ཀྱི་ཐམ་གའི་གྲངས་འབོར་ད་སྔ་དེ་འདྲ་མང་པོ་མ་མཐོང་ཡང་། ཁྲོམ་ཆེན་པོའི་ཕྱག་རྒྱ་དང་དབོན་འ་ཞ་རྗེའི་ཐམ་ག་གཉིས་ལ་འདྲ་མཚུངས་སུ་ཡོད་པ་ནི་སྟེང་དུ་དབང་ཐང་དང་ཆེ་བ། བླ་རྟགས་མཚོན་པའི་སྲོག་ཆགས་སེངྒེ་དང་རྔ་མོང་གི་གཟུགས་བརྙན་བརྐོས་ཡོད་ལ། དེའི་འོག་ཟུར་གཉིས་སུ་ཡི་གེ་དབུ་ཅན་བརྐོས་པ་འདི་འདྲའི་ཁྱད་ཆོས་ནི་ཕྱིས་ཀྱི་ཐམ་གའི་ནང་དུ་ཧ་ལམ་བྱུང་མེད་པ་ལྟ་བུ་ཡིན། དུས་རབས་བརྒྱད་པ་ནས་བཅུ་གཉིས་བཅུ་གསུམ་སྐབས་ཀྱི་དཔེ་ཆའི་མཇུག་གི་ཐམ་བྱང་དུ་མེ་ཏོག་དང་དུང་། བཀྲ་ཤིས་རྟགས་བརྒྱད། མཆོད་རྟེན། ནོར་བུ་བཅས་ཏེ་བྲི་རྒྱུའི་ནང་དོན་གྱིས་གསུང་དང་པདྨས་སྐུ་དང་མཆོད་རྟེན་གྱིས་ཐུགས་མཚོན་པར་བྱས་ཡོད་ལ། ལྷག་པར་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་དཀར་ཆག་བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད་ཀྱི་བྲིས་རྙིང་དབུ་ཤོག་གི་དཔེ་ཐམ་ནི་གདུགས་དང་རྒྱལ་མཚན་ཅན་ཡིན།   ཐམ་གའི་ངོས་སུ་འཇའ་ས་དང་གོ་གནས་འཁོད་པ་དེ་ཡིས་བྱེད་པ་བོ་དུས་སྐབས་གང་ཡིན་ངོས་འཛིན་སླ་ཞིང་། ལྷག་པར་ས་སྐྱའི་རྗེས་ནས་ཧོར་ཡིག་ཅན་མང་བས་དེས་ཐམ་ག་བྱུང་བའི་དུས་ཚོད་ཀྱང་ཚོད་དཔག་བྱེད་ནུས་པས།   དེའི་ཕྱིར་ཐམ་ག་ནི་ཡིག་རྙིང་དང་གཞུང་ཡིག དཔེ་ཆའི་རིན་ཐང་། མི་སྣ་བཅས་ལ་ཞིབ་འཇུག་བྱེད་པའི་མིག་ལྟ་བུ་ཡིན།   ཞིབ་འཇུག་པ་པདྨ་དབང་ཆེན་གྱི་བོད་ཀྱི་ཐམ་གའི་རིག་གནས་སྐོར་ཞེས་པར། བཙན་པོའི་དུས་རབས་ནས་མན་ཆིང་སྲིད་གཞུང་བར་གྱི་བོད་ཀྱི་ཐམ་གའི་ཁ་རིས་དང་ཡི་གེ་སྤྱི་ཁྱབ་ཏུ་གང་འདྲ་བེད་སྤྱོད་བྱས་ཡོད་མེད་ལ་སྤྱིའི་ཆ་ནས་ཞིབ་འཇུག་ཅུང་ཟད་འཐུས་ཚང་བྱས་ཡོད་མོད། ཡིན་ནའང་ཐམ་ག་གྲུ་བཞི་ཅན་ནི་ས་སྐྱའི་དུས་སྐབས་རྗེས་ཀྱི་ཐམ་གའི་ཁྱད་ཆོས་ཡིན་པར་བརྗོད་པ་ནི་ཅུང་ཟད་དཔྱད་དགོས་པར་འདུག

ས་བཅད་གཉིས་པ། དེང་དུས་ཡིག་གཟུགས་བརྩམས་ཆོས་སྟེང་ཐམ་ག་དང་ཟླ་ཚེས་འགོད་ཚུལ།

        ༡ ཐམ་ག་གདབ་ཚུལ།

        སྤྱིར་ཡིག་གཟུགས་འབྲི་བ་ལ་བྲི་གཞིའི་ཤོག་བུའི་དབྱིབས་ཀྱིས་ཐམ་ག་གདབ་ཚུལ་ལ་ཡང་ཚད་བཟུང་ལྟ་བུ་བྱུང་ཡོད་དེ།   དཔེར་ན་དཔེ་རིང་གི་ཚད་ལྟ་བུར་དེ་འབྲེལ་གྱིས་ཐམ་ག་ཆེ་ཆུང་གང་འཚམས་གདབ་དགོས་ཀྱི་ཆེ་ཐལ་ཅན་མི་རིགས་ལ། བྲི་གཞི་ཆེ་བ་ཁྲུ་དང་སྨི་དུ་མ་ལོངས་པ་ལ་དེ་འབྲེལ་གྱིས་ཐམ་ག་ཆེ་བའི་རིགས་གདབ་པ་ལས་ཆུང་དྲགས་པ་ཅན་གདབ་ན་མི་མཛེས་པར་འགྱུར། སྤྱིར་བཏང་བོད་ཀྱི་ཐང་གའི་དབྱིབས་གཟུགས་སུ་དེང་སང་འབྲི་རྒྱུན་དར་བ་འདི་ལ་བོད་ཀྱི་རིག་གནས་ཀྱི་ཁུངས་ཤིན་ཏུ་ཆེ་བར་སྙམ། བཙན་པོའི་དུས་སྐབས་སུ་ཤོག་བུའི་བྲི་གཞི་ཕལ་ཆེ་བ་ནི་ཤོལ་དྲིལ་གྱི་རིགས་ཡིན་པས་དེང་དུས་ཀྱི་བྲི་གཞི་འདི་དང་ཆ་ཤིན་ཏུ་མཚུངས། དཔེར་ན་དུས་རབས་༨-༩བར་བྲིས་ངེས་པའི་ཏུན་ཧོང་ཤོག་དྲིལ་ཐིག་ཕྲེང་༡༩ཅན་གྱི་ཚེ་མདོ་འདིའི་ཐོག་མའི་དབུ་ཁྱུད་ཀྱིས་སྣ་དྲངས་ཚུལ། ཡི་གེའི་བར་ཆ། གཡས་གཡོན་གྱི་ཐིག་ཟུར། ནང་དོན་དང་འབྲེལ་ཏེ་བར་མཚམས་འབྱེད་ཚུལ། ཐིག་ཕྲེང་ལྷག་འདོར་གྱིས་མཇུག་བྱང་འགོད་ཚུལ། གཤམ་དུ་ཡིག་མཁན་གྱི་མཚན་འགོད་ཚུལ་བཅས་དེང་དུས་ཡིག་མཁན་དག་གིས་ཚད་གཞིར་འཛིན་ཆོག་པའི་མ་དཔེ་རྩ་ཆེན་ཞིག་ཡིན།   དེ་འདྲ་ལ་མ་བསྟེན་པར་རང་སྣང་གང་ཤར་གྱིས་ཤོག་གཞིའི་དབྱིབས་བསྒྱུར་བ། མིང་རྟགས་འགོད་ཡུལ་ནོར་བ། གཡས་གཡོན་གྱི་མཛེས་ཆ་མི་ཐོན་པ། རང་འཁོས་དང་མི་མཐུན་པའི་ཐམ་ག་ཆེ་ཐལ་གདབ་པ། ཐིག་ཕྲེང་ཡི་གེའི་བར་སྟོང་མི་སྙོམས་པ་སོགས་ནི་ཡིག་མཁན་གྱི་སྐྱོན་དུ་གཏོགས་སོ།།


ཏུན་ཧོང་ཤོག་དྲིལ་གྱི་ཚེ་མདོ།


བོད་ལ་དེ་སྔ་ཡིག་གཟུགས་བརྩམས་ཆོས་ནི་འབྲི་བ་བོའི་སྒེར་ཚུགས་སུ་འབྲི་སྲོལ་བྱུང་མེད་པས་རྒྱ་ནག་ལྟར་ཡིག་གཟུགས་བརྩམས་ཆོས་རང་རྐྱ་བར་རིག་ཚན་དུ་བགོས་ནས་དེ་ལ་ཐམ་རྒྱག་རིག་གནས་དེ་འདྲའང་མེད། རྒྱ་ནག་པས་བྲི་གཞིའི་གཡོན་ནས་ལུགས་ལྡོག་ཏུ་གཞུང་ལ་བྲིས་ཏེ་དབུར་ཁ་བྱང་། མཇུག་ཏུ་འབྲི་བ་བོའི་མིང་དང་བྲི་ཡུལ། ལུགས་རྙིང་ཟླ་ཚེས་ཀྱི་རྗེས་ཀྱི་ས་མིག་དཀར་ཆའི་ཆེ་ཆུང་ལ་གཞིགས་ཏེ་དཀར་ཆ་ཆེ་ན་ཐམ་རིང་དང་། དཀར་ཆ་ཆུང་ན་དམ་ཐུང་མ་གདབ་པ་ཡིན་ལ། ཡང་ན་བྲི་ཡུལ་དམིགས་བསལ་བ་ཡོད་ན་གོང་ཐམ་དང་། ཟླ་ཚེས་ཀྱི་འོག་ཏུ་འོག་ཐམ་གདབ་པ། བྲི་ཡུལ་གསལ་ཁ་མེད་ན་འོག་ཐམ་གཅིག་པུ་གདབ་པས་འཐུས་པར་བྱས། དེ་ཡང་དཀར་ཆ་རང་ལ་གདབ་ཀྱི་ནག་ཆ་སྟེ་ཡིག་ཐོག་ཏུ་མི་གདབ་པ་ནི་སྤྱིའི་ཆ་ནས་གཏན་སྲོལ་ལྟ་བུར་ཆགས།

   དེང་དུས་བོད་ཀྱི་ཡིག་མཁན་རྣམས་ཀྱིས་རྒྱ་ལུགས་ལྟར་འགྲོ་ཐལ་ཆེ་བས་དེས་ན་གོང་ཞུས་བཞིན་བོད་ཀྱི་ཐམ་གའི་རིགས་དང་དབྱིབས། གདབ་སྲོལ་རྣམས་ངེས་པའི་ཐོག །དམིགས་བསལ་ཡིག་གཟུགས་ལ་དབུ་ཁྱུད་ཀྱི་གོང་དུ་མ་ཤོར་བར་དེའི་རྗེས་དང་ཤད་གོང་དུ་བཀྲ་ཤིས་པའི་རྟགས་བརྒྱད་གང་རུང་གི་རྟགས་ཐམ་གདབ་པ་དང་། གཡས་གཡོན་གྱི་བར་སྟོང་ཅུང་ཟད་མ་སྙོམས་པ་དག་ལ་མཛེས་ཆོས་སུ་ཡི་གེ་མེད་པའི་བཀྲ་ཤིས་རྟགས་བརྒྱད་དམ། དུང་དང་པདྨ་སོགས་ཀྱི་རྟགས་ཐམ་གདབ་པ་དང་། འོག་ཏུ་བྲི་ཡུལ། བྲི་མཁན། ཟླ་ཚེས་བཅས་ཀྱི་སྐབས་བྲི་ཡུལ་གོང་མ་ལ་རབ་བྱུང་ན་འཕྲིན་ཡིག་རྣམ་བཞག་ལྟར་"ཞབས་དྲུང་དུ་གུས་ཕུལ་"ཞེས་པ་ལྟ་བུའི་"ཞབས་"དང་"གུས་"ཡིག་གང་རུང་ཐོག་རྟགས་ཐམ་གྱེན་ཐེལ་མི་བྱེད་པར་ཅུང་ཟད་དབུ་ཆུང་གི་ཕྱོགས་སུ་མགོ་བསྟན་ནས་གདབ་པ་ནི་གུས་པ་མཚོན་ཕྱིར་དང་། རང་མཉམ་ལ་མིང་དངོས་སུ་བྲིས་པའི་ཐོག་གམ་ཡང་ན་མ་བྲིས་ཀྱང་རུང་ལ། མཇུག་གི་"བྲིས་"དང་"དགེ་"ལྟ་བུའི་ཐོག་རྟགས་ཐེལ་ལམ་མིང་ཐམ་གྱེན་ཐེལ་གདབ་པས་ཆོག་གོ རང་ལས་དམའ་བ་ལ་"སྨྱུག་འཛིན་པ་ཆེ་གེ་མོ"ལྟ་བུའི་ཆེ་བརྗོད་ཀྱི་མིང་ཅུང་ཟད་དང་མཇུག་ཏུ་"ཟླ་ཚེས་ལ།" ཞེས་ཐད་བྲིས་བྱས་པའི་སྟེང་གྱེན་ཐེལ་བྱེད་ན་ལེགས་སོ།། སྤྱིར་ཐམ་གའི་ཐུན་མོང་མ་ཡིན་པའི་དགོས་ཁྱད་མ་ཉམས་པའི་ཐོག་བྲི་རྒྱུའི་ནང་དོན་ལྟར་ཤིན་ཏུ་ནན་ཏན་དུ་བྱ་དགོས་པའི་བྲིས་རིགས་ལ་ཐམ་ག་ཡི་གེ་ནོན་པའི་ཚུལ་དུ་གདབ་ན་ལེགས་ཤིང་།དེ་ལས་གཞན་དམིགས་བསལ་གྱི་དགོས་པ་མེད་པའི་སྒྱུ་རྩོམ་ཡིག་རིགས་ལ་དབུ་ཞབས་ཀྱི་རིམ་པ་མ་ནོར་བའི་ཐོག་ས་སྟོང་ལ་རྟགས་ཐམ་དང་མིང་ཐམ་གདབ་ན་ཆོག་སྟེ།མཁས་དབང་དུང་དཀར་བའི་གསུང་རྩོམ་ཕྱོགས་བསྒྲིགས་སུ།   དེ་སྔའི་བོད་ས་གནས་སྲིད་གཞུང་གི་ཡིག་ཆ་གང་ཡིན་ལ་མགོ་ཤོག་དང་ཞབས་ཤོག །ཤོག་གྲངས་རེ་རེ་བཞིན་གྱི་གྲངས་ཀའི་ཐོག་དང་། ཟུར་མཆན་གྱི་མགོ་མཇུག་ཡི་གེ་མེད་པའི་ཤོང་སྟོང་གི་ཟུར་བཅས་ལ་རྟགས་ཐམ་ཡོད།   ཅེས་ཉེ་རབས་ས་གནས་སྲིད་གཞུང་གི་ཡིག་ཆ་ཙམ་མིན་པར་བཙན་པོའི་དུས་སྐབས་སུའང་ཡི་གེ་མེད་པའི་བར་སྟོང་དུ་ཐམ་ག་གདབ་ཡོད་པ་གོང་ཞུས་བཞིན་ནང་དོན་ལྟར་ཐག་བཅད་བྱས་ན་མཛེས་སོ།།

   ༢ ཟླ་ཚེས་འགོད་སྟངས།

ཟླ་ཚེས་ནི་བྲིས་གཟུགས་སྤྱི་ལ་མཚོན་ན་སྦྱོར་བ། དངོས་གཞི། མཇུག་གསུམ་ལས་མཇུག་གི་རིམ་པའི་སྐབས་ཡིན་པས། དེ་ལ་དེ་སྔའི་གཞུང་གི་བཀའ་ཤོག་སོགས་སུ་"རྣམ་གནོན་ཞེས་པ་ལྕགས་འབྲུག་ནག་པ་ཟླ་བའི་གྲལ་ཚེས་དགེ་བར་" ཞེས་དང་། "ཟླ་བ་ཆུ་སྟོད་ཀྱི་ཉ་བའི་དཀར་ཚེས་དགའ་བ་གཉིས་པར་"ཞེས་པ་ལྟར་རབ་བྱུང་དང་འབྱུང་ཁམས། ཉི་ཟླའི་དཀར་དམར་གྱི་འཕེལ་འགྲིབ་ཀྱི་ཆ་ནས་འབྲི་བ་རྒྱུགས་ཆེ་མོད་བར་སྐབས་ཟླ་ཚེས་ལ་ཨང་ཡིག་བཀོད་པའང་ཡོད་དེ། མཁས་པ་མི་ཕམ་པས།   དེང་སང་རི་མོས་མཚོན་པར་བྱེད་པ་མང་སྟེ་བཤད་མ་ཐག་པའི་ཟླ་ཚེས་ལའང་རི་མོ་འདི་བཞིན་"༦༦"འབྲིའོ།། ཞེས་གསུངས་པ་ལྟར་རབ་བྱུང་སོགས་ལས་བརྩམས་ཏེ་འབྲི་བའམ་ཡང་ན་བོད་ཀྱི་གྲངས་ཡིག་ཅི་རིགས་བཀོལ་རུང་བ་ལས་ཨ་རབ་ཀྱི་ཨང་ཡིག་ནི་ཞྭ་དཔེ་ལྷམ་འགེབ་བྱེད་པ་ལས་དོ་མི་མཉམ་པ་རྒན་མོའི་འཐེང་འགྲོས་ལྟ་བུར་འགྱུར་བས་དེའི་ཕྱོགས་ལ་གཟབ་པ་གལ་ཆེའོ།།

རྩོམ་ཐུང་འདི་སྔར་བྲིས་ཤིག་ཡོད་པར་གཞིར་བྱས་ཏེ་ད་ཐེངས་༢༠༢༡ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འབྲེལ་ཀླུ་ཆུའི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་ལ་དམིགས་ཏེ་དཔྱད་རྩོམ་གྱི་རྣམ་པས་ཅུང་ཟད་ཁ་སྐོང་བྱས་པ་ཡིན།

དཔྱད་གཞིའི་ཡིག་ཆ།

ཉང་ཆོས་འབྱུང། ཉང་ཉི་མ་འོད་ཟེར་གྱིས་བརྩམས།

བེེཌཱུརྱ་སེར་བོ།   སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད།

ཆོས་རྒྱལ་ཀུན་བཟང་རབ་བརྟན་འཕགས་ཀྱི་རྣམ་ཐར།ཉང་སྟོད་ཞིང་མཆོག་དཔལ་གནས་རྙིང་གི་གྱེན་ཐོ་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་པར་ཐར་བ་རིན་ཆེན་གཏེར་མཛོད།》《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར།གུ་གེ་པཎ་ཊི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད།

དཀར་ཆག་བསྟན་པ་རྒྱས་པའི་ཉི་འོད། བཅོམ་ལྡན་རིག་པའི་རལ་གྲིས་མཛད།

སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།ནེའུ་པཎ་ཊི་ཏ་གྲགས་པ་སྨོན་ལམ་གྱིས་བརྩམས།

ཤེས་བྱ་ཀུན་ཁྱབ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད།

དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།

དུས་རབས་རིམ་བྱུང་གི་བོད་ཀྱི་ཐམ་ག རྒྱ་ཡིག་མ།ཨོའུ་ཁྲོ་ཀེས་བརྩམས།

བོད་ཀྱི་ཐམ་གའི་རིག་གནས་སྐོར།   པདྨ་དབང་ཆེན་གྱིས་བརྩམས། བོད་ཀྱི་གནའ་དཔེའི་རྣམ་བཤད། པདྨ་བཀྲ་ཤིས་ཀྱིས་བརྩམས།



阅读340
分享
写下您的评论吧