རྨེའུ་སྐོར་མགོན་པོ་སྐྱབས་ཀྱི་མི་སྒེར་ཡིག་གཟུགས་འགྲེམ་སྟོན།

མགོན་པོ་སྐྱབས།
2021-04-02


༄༅།།རྨེའུ་སྐོར་མགོན་པོ་སྐྱབས་ཀྱི་མི་སྒེར་ཡིག་གཟུགས་འགྲེམ་སྟོན།

科贡保加个人藏文书法展览





  བྱེད་སྒོའི་རིམ་པ་དང་པོ། ཡིག་མཁན་སྐལ་བཟང་ཚེ་རིང་གིས་ཡིག་གཟུགས་འགྲེམ་སྟོན་ལ་རང་གི་བརྩམས་ཆོས་དང་དྲི་མེད་ལྷ་དར་དཀར་པོའི་ལེགས་སྐྱེས་ཕུལ་ཞིང་ཤིས་ཚིག་གིས་རྟེན་འབྲེལ་ཞུས།



 བྱེད་སྒོའི་རིམ་པ་གཉིས་པ། ཐོག་མར་དེ་རིང་གི་ངའི་མི་སྒེར་ཡིག་གཟུགས་འགྲེམ་སྟོན་སྟེང་དུ་ཡོང་བའི་འདིར་ཞུགས་ཀྱི་འགོ་ཁྲིད་རྣམ་པ་དང་དགེ་གྲོགས་ཚོ། དེ་མིན་ན་ཆུང་སློབ་གྲོགས་ཁྱེད་ཚོ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།





   ངས་ལོ་ངོ་གཅིག་དང་ཟླ་བ་གསུམ་ཙམ་གྱི་རིང་ལ་སྦྱངས་ཟིན་པའི་བོད་ཀྱི་ཡིག་གཟུགས་སྐོར་ཀྱི་ཡིག་གཟུགས་གཙོ་བོ་ནི་དྲུང་ཡིག་བ་ཆེན་མོ་མཁས་དབང་སྨོན་ལམ་རྒྱ་མཚོ་མཆོག་གི་བྲིས་རྒྱུན་ཏེ་དབུ་ཅན་ཡིག་གཟུགས་ཡིན། དེ་རིང་གི་ཡིག་གཟུགས་འགྲེམ་སྟོན་དུ་བྲིས་ཡོད་པའི་ཡིག་གཟུགས་ཀྱི་ནང་དོན་སྐོར་ནས་༼ མེའི་བསྟན་བཅོས།༽དང་ ༼ཆུའི་བསྟན་བཅོས།༽།
༼རིན་པོ་ཆེའི་བསྟན་བཅོས།༽ བཅས་གཙོ་བྱས་ཏེ་སློབ་ཆུང་སློབ་མར་བདམས་པའི་བསླབ་བྱའི་སྐོར། ལམ་རིམ་དང་མི་ཆོས་གཙང་མ་བཅུ་དྲུག གདུགས་ཐུང་། འོད་ཟེར་ཅན་མ། དབྱངས་ཅན་མའི་བསྟོད་པ། འཇམ་དབྱངས་གང་བློ་མ་སོགས་དང་གཞན་ཤིས་ཚིག་སྐོར་ཞིག་བཅས་ཁྱོན་བརྩམས་ཆོས༤༨ཡོད།

དང་པོ། ཡིག་གཟུགས་སྦྱང་འགོ་ནམ་ཞིག་ནས་བརྩམས་པ་དང་ཡིག་གཟུགས་སྦྱང་དགོས་པའི་ཀུན་སློང་ཇི་ལྟར་སྐྱེས་པ་ཡིན་ཞེ་ན།
  
༢༠༡༩ལོའི་ཟླ༡༢པའི་ཚེས༡༣ཉིན་རྫོང་རིམ་པས་དགེ་བཟོ་བ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲན་སྡུར་ཞིག་སྤེལ་བར་དགེ་རྒན་མཚན་ལེགས་ཀྱིས་འགན་ཁུར་ནས་རང་རེའི་སློབ་གྲྭའི་བོད་ཡིག་སློབ་དཔྱོད་ཁང་གི་དགེ་རྒན་དག་གཙོ་བོར་བཟུང་ནས་དགེ་རྒན་ཡོངས་ལ་ཡིག་གཟུགས་འགྲན་སྡུར་ཞིག་སྤེལ།
ང་རང་ཡང་མ་སྐུལ་དང་བླངས་ཀྱིས་འགྲན་སྡུར་ནང་དུ་ཞུགས་པ་ཡིན། སྐབས་དེའི་ཡིག་གཟུགས་བརྩམས་ཆོས་དེ་ནི་རང་ཉིད་ལ་མཚོན་ནས་བཤད་ན་བརྩམས་ཆོས་ཆེས་ཡག་ཤོས་ཤིག་རེད་འདོད་བྱུང་། རྒྱུ་མཚན་ང་རང་གིས་ཉིན་དེ་ནས་བཟུང་ཡིག་གཟུགས་འབྲི་སྦྱང་གི་འགོ་བརྩམས་པ་ཡིན་ཞེས་བཤད་ཀྱང་ཆོག
བརྩམས་ཆོས་དེ་ཡང་དེ་རིང་གི་ངའི་མི་སྒེར་ཡིག་གཟུགས་འགྲེམ་སྟོན་སྟེང་དུ་ཁྱེར་ནས་ཡོང་ཡོད། དགའ་ཕྱོགས་ཀྱིས་བསྐྱེད་པའི་དྲ་ལམ་བརྒྱུད་ནས་ཡིག་མཁན་ཆེན་མོ་རྒན་རྡོར་བྷ་ལགས་དང་རྒན་ཨ་སྨྱོན་སྐལ་བཟང་ཚེ་བརྟན་རྣམ་གཉིས་ཀྱིས་སློབ་སྟོན་གང་མང་གནང་བའི་སྐུ་དྲིན་ལ་ཡིག་གཟུགས་ཀྱི་ལམ་ཁ་སྔར་ལས་ཡར་རྒྱས་སུ་འགྲོ་བའི་སྔོན་འགྲོ་ཡག་པོ་ཞིག་རྙེད་སོང་། ཞོར་དུ་ངས་དེ་རིང་ཆེད་དུ་དགེ་རྒན་མཚན་ལེགས་ལ་བཀའ་དྲིན་ཆེ་ཞུ།
དེ་མིན་རང་རེའི་སློབ་གྲྭའི་དགེ་གྲོགས་ཡོངས་ལ་བཀའ་དྲིན་ཆེ་ཞུ། ང་ལ་དེ་རིང་གི་ཉི་མ་འདི་འདྲ་ཞིག་ཡོད་པ་ནི་ཆུ་ཁ་མའི་སློབ་གྲྭ་འདི་དང་འདིར་ཞུགས་པའི་དགེ་གྲོགས་ཁྱེད་ཅག་གི་དྲིན་ཡིན་ཞེས་བཤད་ཀྱང་ཆོག ཚང་མར་བཀའ་དྲིན་ཆེ་ཞུ་བ་ཡིན།

གཉིས་པ། ངས་མི་སྒེར་ཡིག་གཟུགས་འགྲེམ་སྟོན་སློབ་གླིང་འདི་རུ་སྤེལ་དགོས་པའི་དམིགས་ཡུལ་གཉིས་ཡོད་དེ།

  1.འགྲེམ་སྟོན་འདི་ནི་རང་ཉིད་ཀྱི་ནུས་པའི་ལྕོགས་ཚོད་ཀྱིས་སྦྱངས་པའི་ཡིག་གཟུགས་བརྩམས་ཆོས་མང་ཤོས་འདིར་བཞུགས་དགེ་སློབ་ཡོངས་ཀྱི་སྤྱན་སྔར་བསྟར་ཏེ་རང་ལ་སློབ་སྟོན་དང་དགོངས་འཆར་ལྷུག་པོར་ཡོང་བའི་རེ་བ་དང་ཉམས་མྱོང་གང་མང་བསྡུ་ལེན་བྱས་ཏེ། རྗེས་ཕྱོགས་ཀྱི་ཡིག་གཟུགས་འབྲི་སྦྱོང་གི་ལམ་ཁར་མཐུན་རྐྱེན་དང་རམ་འདེགས་ཇི་སྙེད་འབྱུང་བའི་རྒྱུ་རུ་འགྱུར་པའི་སེམས་འདུན་གྱི་ཕྱིར་དུ་སྤེལ་བ་ཞིག་ཡིན།

  2.སློབ་གླིང་འདི་ཡི་ན་ཆུང་སློབ་གྲོགས་རྣམས་གཙོ་བྱས་ཏེ་ཡིག་གཟུགས་གསར་སློབ་པ་ཡོངས་ལ་སྐུལ་སློང་གི་ཕན་ཐོགས་ཏིལ་ཙམ་རེ་ཡོད་ཨེ་ཡོང་སྙམ་པའི་རྣམ་དག་གི་སེམས་ཀྱིས་བསྐུལ་ནས་སྤེལ་བ་ཞིག་ཀྱང་ཡིན་པས། ལམ་ཁ་གཅིག་ལ་དགའ་ཕྱོགས་དང་མོས་པ་གཅིག་པའི་སྨྱུག་ཐོགས་པ་གང་རུང་གིས་ཡི་གེའི་སྒྱུ་རྩལ་གྱི་རིན་ཐང་གཞལ་དུ་མེད་པའི་བཀའ་སློབ་གསེར་ནག་གི་བདུད་རྩི་འདྲ་བ་རེ་ཡོང་བའི་རེ་བ་ནི་སྐོམ་པས་ཆུ་འདོད་དང་ལྟོགས་པས་ཟས་འདོད་ཀྱི་དཔེ་ལས་མ་འདས་པས། དེར་བསྟུན་གྱི་རྨི་ལམ་ཡོད་ཚད་ལ་འབྲས་བཟང་གི་མངོན་རྟགས་ཕྲན་ཙམ་རེ་ཡོང་བའི་འདུན་མ་འགྲུབ་གྱུར་ཅིག་ཞེས་བཤད་པ་ལས་གཞན་ནི་མ་མཆིས་སོ།།

  མཇུག་མཐར། དེ་རིང་གི་ངའི་མི་སྒེར་ཡིག་གཟུགས་འགྲེམ་སྟོན་སྟེང་དུ་ཞུགས་ཡོད་པའི་དགེ་སློབ་ཚང་མར་བཀའ་དྲིན་ཆེ་ཞུ་བ་ཡིན། ཚང་མར་བཀྲ་ཤིས་ཤིང་དོན་འགྲུབ་པར་ཤོག།

 བྱེད་སྒོའི་རིམ་པ་གསུམ་པ། དགེ་གྲོགས་ཚང་མས་ཡིག་གཟུགས་འགྲེམ་སྟོན་ལ་རྟེན་འབྲེལ་ཞུ་ཆེད་དུ་དར་དཀར་ཁ་བཏགས་སྒྲོན་པ།



  བྱེད་སྒོའི་རིམ་པ་བཞི་བ། དགེ་གྲོགས་ཡོངས་དང་ལྷན་དུ་རྗེས་དྲན་གྱི་ཕྱིར་དུ་མཉམ་པར་བསྒྲོན།




༥ བྱེད་སྒོའི་རིམ་པ་ལྔ་བ།  དགེ་སློབ་ཡོངས་ཀྱིས་ཡིག་གཟུགས་བརྩམས་ཆོས་ཉམས་སུ་མྱངས།







༦ བྱེད་སྒོའི་རིམ་པ་དྲུག་པ། དགེ་གྲོགས་ཚོ་དང་ལྷན་དུ་ལག་བདེ་མོའི་རྩལ་བརྒྱ་བཏོན་ཏེ་ཡུལ་དངོས་ནས་ཡིག་གཟུགས་བྲིས་ཤིང་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་གིས་མཇུག་ལེགས་པར་བསྡུས་སོ།།






阅读522
分享
写下您的评论吧