༄༅། །ཕྱི་རྐང་ཅན་གྱི་ཡི་གེའི་རྗེས་སུ་ཤད་ཇི་ལྟར་སྤྱོད་པའི་ཚུལ་བསྟན་པ་གསར་བུའི་ལན་ལྡོན་
ཞེས་བྱ་བ་བཞུགས་སོ།།
ཆིག་ཤད་དང་། ཉིས་ཤད་དང་། བཞི་ཤད་དང་། སྦྲུལ་ཤད་དང་།རིན་ཆེན་སྤུངས་ཤད་བཅས་ཤད་ཀྱི་སྤྱོད་ཚུལ་བྱིངས་རྣམས་བརྡ་སྤྲོད་པའི་གཞུང་ལུགས་རྣམས་སུ་གསལ་བ་ལྟར་ཉམས་སུ་བླང་བར་བྱ་ལ།འདིར་ཆེད་དུ་ཕྱི་རྐང་ཅན་ནམ། སུག་པོ་ཕྱི་སུག་ཅན་གྱི་ཡི་གེའི་མཐར་ཤད་ཇི་ལྟར་སྤྱོད་ཚུལ་འདྲི་མཁན་དག་ལ་དཀྱུས་གཅིག་ཏུ་ལན་ལྡོན་པ་ལ།
དེའང་ཚིགས་བཅད་ཀྱི་རྐང་མཐར་ཉིས་ཤད་དགོས་པ་གང་ཞིགརྐང་མཐར་ཡི་གེ་ག་དང་། ཀ ཤ་གསུམ་གང་རུང་བྱུང་ན་ཆིག་ཤད་ཀྱིས་འཐུས་ཐུབ་པ་ནི་མཁས་པ་ཀུན་ཞལ་མཐུན་པ་ཡིན་མོད།འོ་ན་ཡི་གེ་དེ་དག་གིས་ཤད་གོ་ཆོད་པའི་རྒྱུ་མཚན་གང་ཡིན་ནམ། དེ་ལ་སྒྲུབ་བྱེད་ཅི་འདྲ་ཡོད་དམ་སྙམ་ན།ཡི་གེ་དེ་གསུམ་ནི་ཡིག་གཟུགས་གྲུབ་ཚུལ་གྱི་ངོས་ནས་བཤད་ན། དེ་དག་ཕྱི་རྐང་ཅན་ནམ། སུག་པོ་ཕྱི་སུག་ཅན་ཡིན་པ་གང་ཞིགདེ་དག་གི་རྐང་པས་ཤད་རེའི་ཚབ་བྱེད་ཐུབ་པས་ཉིས་ཤད་དགོས་སར་ཆིག་ཤད་ཀྱིས་འཐུས་པ་ཡིན། གནད་འགག་འདི་ཤེས་པ་གལ་ཆེའོ།།
འོ་ན་ཡི་གེ་དེ་དག་གི་ཕྱི་རྐང་གིས་ཚིག་ལྷུག་གི་སྐབས་སུ་ཤད་གོ་ཆོད་དམ་སྙམ་ན།ངེས་པར་ཆོད་དེ། ཡི་གེ་དེ་དག་སྔར་ཚིགས་སུ་བཅད་པའི་ནང་དང་ཁྱད་པར་ཏིལ་ཙམ་མེད་པར་ཚིག་ལྷུག་གི་ནང་དུའང་ཕྱི་རྐང་ཅན་གྱི་ཡིག་གཟུགས་ཡིན་པས་སོ།།དེས་ན། ཚིག་ལྷུག་གི་དོན་མང་པོའི་མཚམས་དང་། མིང་གི་མཚམས་དང་། དོན་འབྲིང་འབྱེད་མཚམས་དང་།དོན་ཉུང་རྫོགས་མཚམས་རྣམས་ལ་ཆིག་ཤད་ཡིན་ཞིང་། གོང་གསལ་ཡི་གེ་དེ་རྣམས་མཐའ་མར་བྱུང་ན་ཆིག་ཤད་སྐྱུང་ཆོག་པ་ནི།ཇི་སྐད་དུ། དུ་བ་ལས་མེ་བཞིན་དང་། །ཞེས་སོགས་ལྟར་རྗེས་སུ་དཔག་པའི་རིགས་པས་དཔག་ཐུབ་པ་ཡིན་ནོ།།
དེ་ལྟར་ཡིན་དོན་བརྡ་སྤྲོད་བསྟན་བཅོས་ཀྱི་དགོངས་པ་ཡིན་ཙམ་དུ་མ་ཟད།བོད་ཡིག་གི་ཚིག་དུམ་བར་གྱི་མཛེས་ཆོས་ལ་དགོངས་ནས་གཏན་ལ་ཕབ་པར་སྙམ་ཏེ། ཚིགས་བཅད་སྐབས་སྤྱིར་རྐང་མཐར་ཉིས་ཤད་ཐོབ་པ།བདུན་པ་ཉིད་ལ་བདུན་པ་སྟེ། །ལྟ་བུའི་ཉིས་ཤད་ཅན་དང་། རྐང་མཐར་ཕྱི་རྐང་ཅན་ནམ། སུག་པོ་ཕྱི་སུག་ཅན་གྱི་ཡི་གེ་ཀ་ག་ཤ་སླེབས་པ་དཔེར་ན།པཱ་ལ་ཤ་དང་ཀེཾ་ཤུ་ཀ །ལྟ་བུ་དང་། ཕོ་ནི་སྒྲ་རྩོལ་དྲག་པར་འཇུག །ལྟ་བུ་དང་། བ་རའི་མར་གསར་ཞོ་དང་རི་དྭགས་ཤ།ལྟ་བུ་རྣམས་ཉིས་ཤད་མཉམ་པར་ཐོབ་པ་ལྟ་བུའི་མཛེས་ཆོས་ལྡན་པ་མངོན་སུམ་གྱི་མཐོང་ཆོས་ཡིན་ལ།དེ་བཞིན་དུ་སྤྱིར་མིང་མཚམས་སོགས་སུ་ཆིག་ཤད་ཐོབ་པ། ཀ་བ། བུམ་པ། ལྟ་བུ་རྣམས་དང་། མིང་མཚམས་སུ་ཕྱི་རྐང་ཅན་གྱི་ཡི་གེ་བྱུང་བ།མུ་ཙི་ཀ༼སྒོག་པའི་རིགས་ཤིག༽ ཉ་ག པཱ་ལ་ཤ ལྟ་བུ་རྣམས་ཆིག་ཤད་མཉམ་པར་ཐོབ་པ་དང་འདྲ་བའི་མཛེས་ཆོས་མཆིས་མོད།གལ་ཏེ་ཚིགས་བཅད་རྐང་མཐར་ཕྱི་རྐང་ཅན་གྱི་ཡི་གེ་བྱུང་ཡང་ཉིས་ཤད་བྱས་ན། གསུམ་ཤད་བྱས་པ་ལྟ་བུ་མངོན་སུམ་གྱི་སྣང་ངོར་གྲུབ་སྟེ།པཱ་ལ་ཤ་དང་ཀེཾ་ཤུ་ཀ། །ལྟ་བུ་དང་། ཕོ་ནི་སྒྲ་སྩོལ་དྲག་པར་འཇུག། །ལྟ་བུ་དང་། བ་རའི་མར་གསར་ཞོ་དང་རི་དྭགས་ཤ། །ལྟ་བུར་བལྟས་པ་ཙམ་གྱིས་རྟོགས་ལ། དེ་བཞིན་དུ་མིང་མཚམས་སུ་ཕྱི་རྐང་ཅན་གྱི་ཡི་གེ་བྱུང་ཡང་ཆིག་ཤད་བྱས་ན།ཉིས་ཤད་བྱས་པ་དང་མཚུངས་ཏེ། མུ་ཙི་ཀ། ཉ་ག། པཱ་ལ་ཤ། ལྟ་བུ་རྣམ་དཔྱོད་ཅན་གྱིས་མཐོང་བ་ཙམ་གྱིས་ཤེས་པར་འགྱུར་མོད།ཨུ་ཚུགས་མ་བཏང་བར་མངོན་སུམ་ལ་བསྙོན་དོར་ན་རིགས་པ་ཐབས་རྡུགས་ཏེ་ཅི་བྱེད་མེད་པར་འགྱུར་རོ།།
ཕྱི་རྐང་ཅན་གྱི་ཡི་གེས་ཤད་ཀྱི་གོ་ཆོད་པའི་རྒྱུ་མཚན་ངེས་ཏིག་ནི། གཟབ་མའམ་དབུ་ཆེན་འབྲི་བའི་སྐབས། ཡི་གེ་དེ་དག་གི་རྐང་པའི་འབྲི་ཚུལ་དང་། བྲིས་ཚར་བའི་ཉམས་ཀུན་ཤད་དང་ཁྱད་པར་གཏན་ནས་མེད་པར་འབྲི་ཚུལ་མཚུངས་པའི་དབང་གིས་ཡིན།དེའང་ཤད་འབྲི་ཚུལ་ལ། ཐིག་ཤད་ལས། ཤད་ནི་རྒྱ་ཁབ་དཔྱང་འདྲ་ལ། །ཞེས་ཤད་ནི་རྒྱ་ཁབ་ཐུར་དུ་དཔྱང་བ་ལྟར་སྦོམ་པོ་ནས་རིམ་གྱིས་རྩེ་ཕྲར་བྱེད་དགོས་པར་བསྟན་ལ།ཀ་ག་ཤ་གསུམ་གྱི་རྐང་པ་འབྲི་ཚུལ་ལ། ཐིག་བཤད་ལ། རྐང་པ་སྒོ་ལྕགས་རྐང་དང་འདྲ། །ཞེས་བསྟན་པ་གཉིས་བསྟན་དོན་མཚུངས་པ་ཡིན་ནོ།།
མཚམས་འདིར་ཁ་ཅིག དཔེ་རྙིང་པའི་ནང་ཚིག་ལྷུག་གི་མིང་མཚམས་སོགས་ཀྱི་ཀ་ག་ཤ་གསུམ་གྱི་མཐར་ཆིག་ཤད་བཀོད་པ་ཐོར་རེ་མཐོང་བ་རྒྱུ་མཚན་དུ་བྱས་ནས་ཡི་གེ་དེ་གསུམ་ཚིག་ལྷུག་ནང་སླེབས་སྐབས་ཤད་གོ་མི་ཆོད་པར་བཤད་མོད།གད་མོ་འཆོར་བའི་གཏམ་ཙམ་དུ་ཟད་དེ། ཡི་གེ་དེ་གསུམ་གྱི་རྐང་པ་ཆ་ཚང་ཕྱིན་རྣམ་པ་ཀུན་ཏུ་ཕྱི་རྐང་ཅན་ཡིན་གྱི།རྩོམ་ལུས་ཚིགས་བཅད་ཡིན་མིན་གྱིས་ཡི་གེ་དེ་དག་ཕྱི་རྐང་ཅན་ཡིན་མིན་རྗེས་སུ་འགྲོ་ལྡོག་མི་བྱེད་པས་སོ།།
དཔེ་རྙིང་པར་འཁོད་ཕྱིན་ཐམས་ཅད་ཡང་དག་པ་ཡིན་པའི་ཁྱབ་པ་སུས་ཀྱང་ཁས་ལེན་མི་ནུས་ཏེ།དཔེ་རྙིང་པར་ཡིག་ནོར་སོགས་འབྱུང་བ་རྟག་ཏུ་མཐོང་ཆོས་ཡིན་པས་སོ། །དཔེར་ན། སྡེ་དགེའི་སི་ཏུའི་སུམ་འགྲེལ་མུ་ཏིག་ཕྲེང་མཛེས་ཤིང་པར་ནི་སི་ཏུ་པཎ་ཆེན་སྐུ་འཚོ་བཞུགས་སྐབས་པར་དུ་བརྐོས་པ་ཞིག་ཡིན་ཞིང་།པར་མ་མང་པོའི་ནང་ནས་དག་ཤོས་སུ་གྲགས་ནའང་། དེའི་ནང་སི་ཏུའི་དགོངས་པ་མ་ཡིན་པའི་ཡི་གེ་དང་དཔེར་བརྗོད་ཐ་ཐོར་མཆིས་པ་ལྟ་བུ་དང་།སྐབས་དོན་ཤད་ལ་མཚོན་ནའང་དེའི་ནང་། བསྒྲིམ་བྱའི་བློ། །བསྒྲུག་བྱའི་རྡོ། །ཞེས་ན་རོ་ཐོབ་ཚད་ཀྱི་མཐར་ཉིས་ཤད་བྲིས་ཡོད་པ་ལྟ་བུ་ནི་མཁས་པ་ཆེན་པོ་ཁོང་ལྟ་བུའི་དགོངས་པ་མ་ཡིན་པ་བལྟས་པ་ཙམ་གྱིས་ཤེས་ནུས།
དེའང་སྡེ་དགེ་དཔལ་སྤུངས་དང་། རྫོང་གསར་སོགས་ན་སི་ཏུའི་མུ་ཏིག་ཕྲེང་མཛེས་ཀྱི་འཁྲིད་རྒྱུན་ཁུངས་བཙན་ཡོད་པའི་གསུང་རྒྱུན་ལྟར་ན།ཤད་ཀྱི་སྤྱོད་ཚུལ་བྱིངས་ལེགས་བཤད་ལྗོན་དབང་ལྟར་ཡིན་༼སྤྱིར་ལྗོན་དབང་དང་དཀའ་གསལ་གཉིས་ནི་སི་ཏུའི་དགོངས་པ་གཞིར་བཅོལ་ནས་བརྩམས༽ལ།ཀ་ག་ཤ་སྟེ་ཕྱི་རྐང་ཅན་ནམ། སུག་པོ་ཕྱི་སུག་གི་ཡི་གེའི་རྐང་པས་ཤད་རེའི་གོ་ཆོད་པར་བྱེད་ཅིང་།དེ་གསུམ་ལ་མགོ་འདོགས་བྱུང་བ། རྐ། ལྒ། ལྟ་བུ་དང་། ཀྱ། གླ། ཤྲ། ལྟ་བུའི་ཚེ་ཕྱི་རྐང་ཆ་མི་ཚང་བས་རྐང་པས་ཤད་གོ་མི་ཆོད་པ་སོགས་ཤིན་ཏུ་ཞིབ་པའི་འཁྲིད་རྒྱུན་ཡོད་པར་གྲགས་པ་ཁུངས་ཤིན་ཏུ་བཙུན་ནོ།།
དེའི་དབང་གིས་མཁས་དབང་ཚེ་ཏན་ཞབས་དྲུང་དང་།དམུ་དགེ་ཚང་སོགས་བཅུ་ཕྲག་རིག་གནས་ལ་མངའ་དབང་བསྒྱུར་བ་གང་ཞིག གྲགས་སྐམ་ལྷུར་བཞེད་མི་མཛད་པའི་མཁས་པ་མང་པོས་སྙིགས་དུས་འདིར་སྔོན་གྱི་བརྡ་དག་ཁུངས་བཙུན་གྱི་དགོངས་པ་སླར་ཡང་གསལ་བར་མཛད་ཐོགཤད་ཀྱི་སྤྱོད་ཚུལ་སོགས་ཡང་དག་པར་བསྟན་ཡོད་པས། ཕྱི་རབས་པས་དེ་ལྟར་བསྐྱངས་ན་དགེ་མཚན་ཆེ་སྙམ་བཞིན་དུ་རང་གིས་གང་ཤེས་གསར་བུ་རྣམས་ཀྱི་དྲིས་ལན་གྱི་ཚུལ་དུ་འཕྲལ་དུ་སྨྲས་པ་དགེའོ།།